༸གོང་ས་མཆོག་བགྲེས་ཡོལ་ཐད་ཀྱི་བསམ་ཚུལ།

གཡུ་སྒང་དགེ་འདུན།   དྷ་ས།

ངས་འདིར་༧གོང་ས་མཆོག་གིས་བགྲེས་ཡོལ་ཆ་ཚང་བཞེས་དགོས་མིན་གྱི་ཐད་ལ་བསམ་ཚུལ་མདོར་བསྡུས་ཤིག་བརྗོད་འདོད་བྱུང། ༧གོང་ས་མཆོག་ཀྱང་འགྲོ་བ་མི་ཡིན་པའི་ཆ་ནས་མིའི་ཐོབ་ཐང་དེ་ང་ཚོ་གཞུང་མང་གཉིས་ཀྱི་ངོས་ནས་སྤྲད་དགོས་པ་ཞིག་ཀྱང་རེད་སྙམ། ངས་འདི་ལྟར་བཤད་དུས། མང་པོ་ཞིག་གིས་༧གོང་ས་མཆོག་གིས་དབུ་ཁྲིད་མ་གནང་ན་ང་ཚོ་ཚར་བ་རེད་ཅེས་ཤོད་མཁན་མང་པོ་འབྱུང་སྲིད་ལ།

བསམ་ཚུལ་དེ་ནི་དངོས་ཡོད་གནས་ཚུལ་རེད། ཡིན་ནའང། ༧གོང་ས་མཆོག་གིས་བགྲེས་ཡོལ་གནང་ན། སྐུ་དབང་གང་ཡང་མེད་པ་ཞིག་ཆགས་མེད་ལ། བོད་དོན་དེ་ལས་ཀྱང་དོར་མེད་པ་ཚིག་ཐག་ཆོད་པོའི་སྒོ་ནས་བཤད་ཐུབ། ཁོང་གིས་གཞུང་གི་སྟངས་འཛིན་ཀྱི་ཐད་ལ་བཀའ་སློབ་གནང་དགོས་སར་གནང་ངེས་རེད་ལ། འབྲེལ་བ་གནང་དགོས་སར་འབྲེལ་བ་ཡང་གནང་ངེས་རེད། དེར་བརྟེན། སྐུ་བགྲེས་ཡོལ་གནང་ན་སེམས་ཁྲལ་བྱེད་དགོས་པ་ཞིག་མ་རེད། གནད་གཙོ་བོ་སྐུ་འཚོ་བཞུགས་ཀྱི་སྐབས་འདིར་བོད་མི་རང་ཉིད་ཀྱིས་འགན་ཆ་ཚང་ལེན་རྒྱུ་དེ་རེད། ངས་འདིར་ཕྱི་ལོ་༡༩༨༨ ལོའི་ཟླ་༩ ཚེས་༣ ཉིན་༸གོང་ས་མཆོག་གིས་གསུངས་པའི་ཚིག་ཅིག་འབྲི་དགོས་བྱུང། ༸གོང་ས་མཆོག་གིས་“དཔེར་ན་ཁྱིམ་ཚང་གཅིག་གི་ལས་འགན་ཆ་ཚང་ཕ་མས་ཁྱེར་ནས་བསྡད་པ་ཡིན་ན། དེའི་ཕྲུ་གུ་ཚོ་གཅེས་ལངས་ཤོར་ནས་སྡོད་རྒྱུ་དང།  ཉི་མ་གཅིག་ཕ་རྒན་མེད་པའི་མཚམས་སུ་ཕྲུ་གུར་དཀའ་ངལ་འཕྲད་རྒྱུ་རེད། དཔེ་དེ་གཞིན་དུ་༸རྒྱལ་བ་རིན་པོ་ཆེ་ལོ་ལྔ་བཅུ་ང་གྲངས་ནང་ལ་སླེབས་ཡོད། ཉི་མ་གཅིག་ལ་རྫོགས་རྒྱུ་ཡིན་པར་བརྟེན་ད་ལྟ་ནས་ང་རང་ཚོས་བོད་སྤྱི་པའི་སྒྲིག་འཛུགས་ཀྱི་ལས་འགན་རྣམས་བོད་མི་རང་ཉིད་ཀྱིས་བརྒྱ་ཆ་བརྒྱ་ཐམ་པ་འཁྱེར་ཐུབ་པའི་བསམ་བློ་གཏོང་དགོས་ཀྱི་འདུག”ཅེས་གསུངས་ཡོད་པ་དེ་ལག་བསྟར་དགོས་པའི་དུས་ཡིན་པར་འདོད་དོ། །
སྤྱི་འཐུས་རྒྱུན་ལས་ཀྱིས་གཞིས་བྱེས་གཉིས་ཀྱི་ཚབ་བྱས་ཏེ་སྐུས་བགྲེས་ཡོལ་མི་བཞེས་པར་གསོལ་བ་རྩེ་གཅིག་ཏུ་འདེབས་བཞིན་པ་ཡག་པོ་རེད། ཡིན་ནའང། དེ་ལས་༸གོང་ས་མཆོག་གིས་བདེན་པའི་འཐབ་རྩོད་ཐབས་ལམ་འཚེ་མེད་ཞི་བའི་ལམ་ཁ་རང་གཞན་གཉིས་ཕན་དབུ་མའི་ལམ་དེ་བཏོན་པ་རེད། ང་ཚོས་འགན་དེ་ཁུར་ཏེ་སྐུ་འཚོ་བཞུགས་ཀྱི་སྐབས་འདིར་མི་རབས་གསར་པའི་ཁྲོད་ནས་མང་མོས་འདེམས་ཐོན་གྱིས་སྲིད་འཛིན་གསར་པ་ཞིག་བསྐོས་ཏེ་འགན་ཁུར་བཅུག་ན་ཡག་ཤོས་རེད་སྙམ། “ཆུ་མ་ཡོང་སྔོན་ནས་རགས་དང། དགྲ་མ་ཡོང་སྔོན་ལ་བཟློག་བསྒྱུར་”གྱི་དཔེ་ལྟར། ནམ་ཞིག་སྐུ་འཚོ་བཞུགས་མ་གནང་བའི་ཉིན་དེར། ང་ཚོས་ག་བྱེད་འདི་བྱེད་མེད་པའི་གནས་སུ་འགྱུར་བར་གདོན་མི་ཟ་བས། ད་ལྟ་ནས་ང་ཚོས་སྲིད་འཛིན་གསར་པ་ཞིག་བསྐོ་ཐུབ་ན་འཕྱི་དྲགས་མེད། ཁོ་ལ་བློ་གཏད་ས་༸གོང་ས་མཆོག་བཞུགས་ཡོད་ལ། གནད་འགག་ལ་ཐུག་ན་བློ་འདྲི་ས་ཡོད་པས་ང་ཚོ་འཚེར་སྣང་དེ་འདྲ་སྐྱེ་དགོས་དོན་མེད། ༸གོང་ས་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་སྐབས་བོད་གཞུང་མང་གིས་དགའ་སྟོན་མཛད་སྒོའི་ཐོག་བསྩལ་བའི་བཀའ་སློབ་ཏུ།  “ཕྱི་ནང་གང་ནས་བལྟས་པ་ཡིན་ནའང་ལོ་དགུ་བཅུ་གོ་གྲངས། གཅིག་བྱས་ན་ལོ་བརྒྱ་ཐམ་པ་ཟེར་རྒྱུ་བསྡད་ཐུབ་པའི་རེ་བ་རྒྱག་གི་ཡོད། ཕལ་ཆེར་བསྡད་ཐུབ་མདོག་ཁ་བོ་རེད།”ཅེས་གསུངས་ཡོད་ལ། ང་ཚོས་ད་ལྟ་ནས་མི་རབས་གསར་པས་ཕྲག་ཏུ་བླངས་ཏེ་ལོ་ཉི་ཤུ་རྩ་གྲངས་ལ་ཉམས་མྱོང་གི་གོ་སྐབས་བྱུང་བ་ཡིན་ན། མ་འོངས་པར་རྐྱེན་ངན་ཞིག་འཕྲད་ན་ད་ལྟའི་འགྲོ་སྟངས་དང་བསྡུར་ན་མ་འདྲ་བ་ཞིག་ཏན་ཏན་ཆགས་ངེས་རེད། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་འདིའི་ཐད་ལ་བསམ་ཞིབ་ཅིག་གཏོང་དགོས་པར་འདོད། འདི་ནི་མི་སེར་དཀྱུས་མ་ཞིག་གི་བསམ་ཚུལ་ཡིན།།

{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།