རིག་གནས་ཚུར་ལེན་གྱི་སྟོང་ཆ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༡༦
ཉེ་བའི་ཆར་ཝར་ཎ་མཐོ་སློབ་ཏུ་བཀའ་བསྟན་དབྱིན་བསྒྱུར་སྐོར་གྱི་ཚོགས་འདུ་ཞིག་འཚོགས་པ་སོགས་ནང་པའི་གཞུང་ཆེན་ཁག་དབྱིན་བསྒྱུར་གྱི་སྐོར་ལ་ཚ་ཚ་འུར་འུར་གྱི་ལས་དོན་སྒྲུབ་མཁན་གང་མང་ཞིག་ཡོང་དང་ཡོང་བཞིན་ཡོད་པ་རེད། བཀའ་བསྟན་དབྱིན་བསྒྱུར་གྱི་བྱ་བ་ནི་བསྔགས་བརྗོད་ཀྱི་རང་བཞིན་དུ་གྱུར་པ་ཞིག་ཡིན་པ་དང། ནང་པ་སངས་རྒྱས་པའི་བསྟན་པ་དེ་ཡུན་ནས་ཡུན་དུ་གནས་པའི་ཆ་རྐྱེན་དུའང་འགྱུར་ངེས་པས་དགའ་སྤྲོ་དང་རྗེས་སུ་ཡི་རངས་ཞུ་འོས་པའི་དོན་བཟང་ཞིག་ཡིན་པ་སྨྲོས་ཅི་དགོས།
འོན་ཀྱང་གནད་དོན་འདི་ལ་བརྟེན་ནས་སེམས་ཚོར་གཞན་དག་ཅིག་འགོག་མེད་དུ་ཤར་ཡོང་བ་ནི། བོད་པ་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་༥༠ ལྷག་འདས་ཟིན་པ་དང། ད་ལྟའི་ཆར་སྐད་ཡིག་གཉིས་གསུམ་ཤེས་པའི་མི་སྣ་ཧ་ཅང་མང་བ་མ་ཟད། སྐད་ཡིག་དྲུག་བདུན་ཤེས་མཁན་གྱི་མི་སྣའང་གང་མང་ཞིག་ཡོད་པས། ཧོབ་སྟེ་བལྟས་ན་འདས་པའི་བོད་ཀྱི་ལོ་རྒྱུས་ནང་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཞེས་པའི་མཚན་བྱང་བརྗིད་པོ་དེ་ཡང། ད་ཆ་རང་བཞིན་གྱིས་ཧང་སང་མི་དགོས་པ་ལྟ་བུར་གྱུར་ཡོད་ཅེས་བརྗོད་ཆོག་པ་ལྟ་བུ་ཡོད། ད་དུང་འདས་པའི་ལོ་རྒྱུས་ནང་གི་ལོ་ཙཱ་བ་རྣམས་དང་མི་འདྲ་བར་རྒྱ་གར་དང་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་གི་ཡུལ་སྲོལ་གོམས་གཤིས་སོགས་སྤྱི་ཚོགས་ཕྱོགས་ཡོངས་ཀྱི་རིག་གནས་བཅས་ལ་རྒྱུས་མངའ་ཡོད་པ་བཅས་མཐུན་རྐྱེན་དང་གོ་སྐབས་ཕུན་སུམ་ཚོགས་པ་ཞིག་ཏུ་གྱུར་ཡོད། འོན་ཀྱང་བོད་ཀྱི་རིག་གནས་ཀྱི་ཕྱོགས་གང་ནས་བལྟས་ཀྱང་སྔར་དང་མི་འདྲ་བར་ཁྱབ་ཁོངས་རྒྱ་ཆེ་རུ་ག་ཚོད་བཏང་ཡོད་མེད་ཀྱི་ཐོག་ལ་བསམ་བློ་བཏང་ན་འབད་བརྩོན་བྱེད་མཁན་དང་། ནུས་པ་འདོན་མཁན་གྱི་མི་སྣ་ཞིག་ཕལ་ཆེར་དཀོན་ཚོད་དུ་སྣང་ལ། བླ་མ་སྐྱེས་ཆེན་དང་། མཁས་པ་མིང་ཆེན་སོགས་ཀྱིས་བོད་ཀྱི་རིག་གནས་ཕར་སྒྱུར་རྒྱུ་ཁོ་ན་ལ་དགོངས་པ་བཞེས་པ་ལས། ཚུར་བོད་པའི་རིག་གནས་ཀྱི་ནང་དུ་ལུས་པའི་སྟོང་ཆ་ཁ་སྐོང་བྱེད་པའི་རིག་གནས་ཚུར་ལེན་གྱི་སྙིང་སྟོབས་ཕྱོགས་ནས་བཤད་ན་དམིགས་བསལ་གྱི་གྲུབ་འབྲས་འདི་སོན་ཡོད་ཅེས་བརྒྱ་ཆ་སྤྲད་འོས་པ་ཞིག་ཧ་ཅང་མཐོང་དཀོན།
འདས་པའི་ལོ་རྒྱུས་ལ་ཕྱི་མིག་བལྟས་ན་ཤར་གླིང་ཨེ་ཤ་ཡའི་ནང་དུ་རིག་གནས་ཚུར་ལེན་གྱི་སྙིང་སྟོབས་ཕྱོགས་ནས་བསམ་བློ་བཏང་ན་བོད་པ་ལས་ལྷག་ཅིག་གཏན་ནས་བྱུང་མེད་ཅེས་ཀྱང་བརྗོད་མི་ཆོག་པ་མེད་ལ། གང་བླངས་པ་དེ་དག་ཀྱང་ཚད་དང་ལྡན་པ། ལོ་ངོ་སྟོང་ཕྲག་གཅིག་དང་ཕྱེད་ཙམ་འདས་ཟིན་ཀྱང་ད་དུང་རིག་གནས་ཀྱི་བྲོ་བ་མ་ཉམས་པར། དུས་རབས་ཉེར་གཅིག་པའི་ནང་དུའང་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་དོ་སྣང་བྱེད་མཁན་སྔར་ལས་ལྷག་པ་གང་མང་ཞིག་ཡོང་གི་ཡོད་པ་ནི་བོད་ཀྱི་གནའ་བོའི་མཁས་པ་དང་བཙན་པོ་དག་གི་སྙིང་སྟོབས་ཁོ་ན་ལ་བརྟེན་ནས་བྱུང་བ་དང། འདི་དག་ནི་ང་ཚོ་བོད་མི་རིགས་ཀྱི་གཟི་བརྗིད་དུ་གྱུར་ཡོད། དུས་རབས་བདུན་པ་ཙམ་ནས་འགོ་བཙུགས་ཏེ་རྒྱ་གར་ནས་ནང་པའི་ཆོས་དང་རིག་གནས་རྣམས་བོད་བསྒྱུར་གནང་བའི་སྐབས་ད་ལྟ་ནང་བཞིན་མི་གཅིག་གིས་སྐད་ཡིག་གཉིས་ཤེས་པ་ཙམ་ལས་དམིགས་བསལ་ཡིག་བསྒྱུར་གྱི་ཆེད་སྦྱོང་གང་ཡང་མེད་ཀྱང་ལོ་ཙཱ་བའི་མིང་བྱང་འཛིན་པ་དག་དང་གཏན་ནས་མི་འདྲ་བར། སྐབས་དེར་རྒྱ་གར་ནས་པཎྜི་ཏ་ལྔ་བརྒྱ་གདན་འདྲེན་ཞུས་ཡོད་པ་དང། གཞུང་ལུགས་ཁག་བསྒྱུར་བའི་སྐབས་རྒྱ་གར་གྱི་པཎ་ཆེན་རྣམས་ཀྱིས་གཞུང་ལུགས་དེ་དག་གི་ནང་དོན་དང་གོ་བ་ཁག་གཏིང་ཟབ་ཀྱི་འགྲེལ་བཤད་དང། བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་ཀྱང་ནང་པའི་གཞུང་ལུགས་ཤེས་པ་ཙམ་དུ་མ་ཟད་རྒྱ་གར་གྱི་སྐད་ཡིག་ཕུན་སུམ་ཚོགས་པ་མཁྱེན་པའི་ཐོག རྒྱ་གར་གྱི་པཎ་གྲུབ་གང་མང་ཞིག་དང་མཉམ་རུབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབས་པ་ཞིག་ཡིན། དེང་སྐབས་གཏིང་ཟབ་པའི་གཞུང་ལུགས་དེ་དག་དབྱིན་སྐད་དུ་བསྒྱུར་ཀྱང་། དེ་ཙམ་ནུས་པ་ཐོན་པ་དང་ཚད་དང་ལྡན་པ་ཞིག་ཡོང་དཀའ་བའང་དངོས་ཡོད་གནས་ཚུལ་དུ་གྱུར་ཡོད། དཔེར་ན་ལོ་མང་པོའི་སྔོན་དཀོན་མཆོག་རྗེས་དྲན་བོད་ཡིག་ལས་ཐེ་ཝན་གྱི་རྒྱ་ཡིག་ནང་དུ་བསྒྱུར་བ་ཞིག་ཏུ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ་ཞེས་པ་དེ། སྐྱེས་དམན་གྱི་ཁྱོ་ག་འདུལ་བ་ཞེས་པར་བསྒྱུར་ཡོད་པ་ལྟ་བུ་མི་འབྱུང་བའི་ངེས་པའང་ཆེར་མེད་མོད། དེ་བས་ཀྱང་དོ་སྣང་བྱེད་འོས་པ་ནི་བོད་ཀྱི་རིག་གནས་ཀྱི་ནང་དུ་སྟོང་ཆར་གྱུར་པ་དཔལ་འབྱོར་རིག་པ་དང། ཚན་རིག འཕྲུལ་རིག་སོགས་སྟོང་ཆ་ཧ་ཅང་མང་བ་དེ་དག་ཁ་སྐོང་ཡོང་ཐབས་སུ་འབད་བརྩོན་གནང་དགོས་པ་འདི་བོད་པའི་འགན་ཁུར་ཡིན་ལ། གོ་ས་ཡོད་པའི་གཞུང་འཛིན་དང་བླ་ཆེན། མཁས་པའི་མཚན་བྱང་འཛིན་པ་དག་གིས་འདིའི་ཐོག་ལ་དགོངས་པ་ངེས་པར་དུ་བཞེས་དགོས་ཀྱི་འདུག མདོར་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་སྐད་ཡིག་ཙམ་གྱིས་ཕོངས་པ་མེད་ཀྱང་རིག་གནས་ཚུར་ལེན་གྱི་སྙིང་སྟོབས་ཐོག་ནས་བཤད་ན་ད་དུང་གྲུབ་འབྲས་བགྲང་ནས་ངོམ་སོ་བྱེད་འོས་པ་ཞིག་གཏན་ནས་མེད་ལ། འབད་བརྩོན་དང་ཐུགས་སྣང་མ་གནང་ན་གོ་སྐབས་ཡོད་བཞིན་དུ་བོད་ཀྱི་རིག་གནས་ཕུན་སུམ་ཚོགས་པར་འགྱུར་མ་ཐུབ་པའི་ནག་ཉེས་དེ་ད་ལྟའི་མི་རབས་འདི་ཁོ་ནའི་ཐོག་ཏུ་འབབ་ངེས་པ་རེད།།