འོས་བསྡུ་དང་མི་མང་གི་ལངས་ཕྱོགས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༡༨  
ཉེ་བའི་ཆར་བཙན་བྱོལ་བོད་མིའི་དབུས་འོས་བསྡུ་ལས་ཁང་ནས་མི་མང་གིས་ཐད་ཀར་འོས་འདེམས་བྱ་རྒྱུའི་བཀའ་ཁྲི་སྐབས་གསུམ་པ་དང་། བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པའི་དངོས་གཞིའི་འོས་གཞི་རྣམས་ཁྱབ་བསྒྲགས་གནང་ཡོད་པ་དང། ཕྱི་ལོ་༢༠༡༡ ཟླ་༣ ཚེས་༢༠ ཉིན་དངོས་གཞིའི་འོས་བསྡུ་བྱ་རྒྱུའི་དུས་ཚེས་སྔོན་ཚུད་ནས་གསལ་བསྒྲགས་གནང་ཟིན་པ་རེད།

བཀའ་ཁྲིའི་འོས་གཞི་རྣམས་ལ་མཚོན་ན་ས་གནས་ཁག་ཏུ་ཆེད་བསྐྱོད་ཀྱིས་རང་ཉིད་ཀྱི་ཆབ་སྲིད་ལངས་ཕྱོགས་དང་ལས་འཆར་གྱི་ཁ་ཕྱོགས་སོགས་དྲིལ་བསྒྲགས་དང་། འོས་མི་སོ་སོ་དང་འབྲེལ་བའི་གནད་དོན་ཁག་གི་ཐོག་ལ་དོགས་པ་དང་དྲི་བ་ཡོད་རིགས་ལ་གསལ་བཤད་ལན་འདེབས་གནང་བཞིན་ཡོད་པ་རེད། གནད་དོན་འདིའི་སྐོར་སྔོན་ནས་ལན་མང་བརྗོད་པ་བཞིན་མང་གཙོའི་ལམ་ལུགས་ཀྱི་ནང་དུ་ཡར་རྒྱས་ཀྱི་མདུན་བསྐྱོད་ཆེན་པོ་ཞིག་ཏུ་གྱུར་ཡོད། འོས་གཞི་ཁག་ལ་རྒྱབ་སྐྱོར་གྱི་དྲིལ་བསྒྲགས་གནང་མཁན་ཚོའི་ངོས་ནས་ཀྱང་འོས་མི་སོ་སོའི་འཇོན་ཐང་དང་ཤེས་ཡོན། དྲང་ཚུགས། ལྷག་པར་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་མ་འོངས་པར་ལས་འཆར་བཅས་གནད་དོན་འདི་དང་འདི་ལྟ་བུ་ལ་བརྟེན་ནས་གཞན་ལས་ཁྱད་དུ་འཕགས་པའི་རྒྱུ་མཚན་གང་དང་གང་ཡོད་པ་རྣམས་མི་མང་ནང་གསེད་བཀྲོལ་བྱེད་ཐུབ་པ་བྱེད་དགོས་པ་ལས། མི་རབས་རྒན་གཞོན་གྱི་དབྱེ་བ་དང།  ཆོལ་ཁ་དང་ཁྱིམ་རྒྱུད་སོགས་ཕྱོགས་དང་རིས་བཅས་ཀྱི་དབྱེ་བ་ཁོ་ན་ལ་བརྟེན་ནས་དྲིལ་བསྒྲགས་བྱེད་པ་ནི་གནས་སྐབས་སུ་འོས་ཤོག་འཐོབ་པའི་ཆ་རྐྱེན་དུ་འགྱུར་དཀའ་ལ། གལ་སྲིད་དེ་ལྟར་བྱས་ནས་འོས་ཐོབ་པའི་དབང་དུ་བཏང་ཡང་མཐར་ཐུག་དངོས་སུ་ཕྱག་ལས་གནང་བའི་སྐབས། རང་བཞིན་གྱིས་བོད་པའི་ལས་དོན་སྤྱི་དང་བྱེ་བྲག་གི་ཐོག་ལ་དཀའ་ངལ་འཕར་མ་ཞིག་ཏུ་འགྱུར་ངེས་པར་མཐོང། དེར་བརྟེན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་བའི་ཁ་ཕྱོགས་མ་ནོར་བ་ཞིག་གནང་ཐུབ་ན། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ལ་ཕན་ཐོགས་ཆེན་པོ་ཞིག་ཏུ་འགྱུར་ཐུབ་པས། དེ་ལུགས་འབད་བརྩོན་གནང་རྒྱུ་ནི་བཙན་བྱོལ་བོད་མིའི་གནས་བབས་ལ་གཞིག་ན་ཁ་ཚ་དགོས་གཏུག་དང་གཡོལ་ཐབས་མེད་པའི་ལས་དོན་ཞིག་ཏུ་གྱུར་ཡོད།

དེ་བཞིན་གཙོ་ཆེ་ཤོས་དེ་མི་མང་གི་ངོས་ནས་འོས་འཕེན་པའི་སྐབས་ཀྱང་གོང་དུ་བརྗོད་པ་བཞིན། མི་རབས་རྒན་གཞོན་དང་། ཆོལ་ཁ་དང་ལུང་ཚན་ཙམ་ལ་མི་ལྟ་བར་རང་ཉིད་ཀྱི་ཆབ་སྲིད་ལངས་ཕྱོགས་གང་ཡིན་པ་དང་། དེ་དང་མཐུན་པའི་ཕྱག་ལས་གནང་ཐུབ་མཁན་གྱི་བཀའ་བློན་ཁྲི་པ་སུ་ཡོད་མེད། རང་ཉིད་ཐེ་བའི་བོད་མི་རིགས་དང་བཙན་བྱོལ་བོད་མི་ལ་དཀའ་ངལ་ག་རེ་ཡོད་མེད། དེ་དག་སེལ་ཆེད་དུ་ཕྱག་ལས་གནང་ཐུབ་མཁན་གྱི་བཀའ་བློན་ཁྲི་པ་དང་སྤྱི་འཐུས་སུ་དང་སུ་འདེམས་དགོས་མིན་ཐད་ལ་བསམ་བློ་གཏོང་དགོས་པ་གལ་ཆེ་བར་གྱུར་ཡོད། དེར་བརྟེན་མི་མང་གི་ངོས་ནས་བཀའ་བློན་ཁྲི་པ་དང་སྤྱི་འཐུས་འདེམས་པའི་སྐབས་གནས་སྐབས་དང་ཕུགས་རྒྱང་རིང་པོའི་ཐོག་ནས་བོད་དང་བོད་མིའི་ཆབ་སྲིད་ཀྱི་གནད་དོན། རིག་གཞུང་སྲུང་སྐྱོབ། འཚོ་བའི་མཐུན་རྐྱེན་སོགས་གང་དང་གང་ལ་ཕན་ནུས་འདྲེན་ཐུབ་པའི་མི་སྣ་སུ་དང་སུ་ཡོད་མེད་ཀྱི་ཐོག་ལ་བསམ་བློ་ངེས་པར་དུ་གཏོང་དགོས། མི་མང་གིས་བདམས་པའི་མགོ་ཁྲིད་དེས་མི་མང་ལ་ཞབས་འདེགས་ཞུ་དགོས་པ་ལས། མི་མང་ལ་གྱོང་གུད་ཁོ་ན་སྤྲད་ནས་མི་མང་གི་གཉའ་གནོན་མཁན་ལྟ་བུ་ལས་མི་མང་ལ་ཞབས་འདེགས་ཞུ་མཁན་ཞིག་མ་བྱུང་ན་བློ་ཕམ་གྱི་རང་བཞིན་རེད། ད་རེས་ཀྱི་འོས་འདེམས་སྐབས་མི་མང་གི་ངོས་ནས་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ནི་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་མི་མང་གི་དམིགས་ཡུལ་སྒྲུབ་མཁན་ཞིག་དང། མི་མང་ལ་ཞབས་འདེགས་ཞུ་མཁན་ཞིག་འདེམས་དགོས་པ་ལས། རང་ཉིད་དང་མཐུན་ཕྱོགས་ཤིག་རྐུབ་སྟེགས་དང་གོ་ས་ཞིག་ལ་དབང་བསྐུར་མིན་དེ་གང་ཟག་སྒེར་དེ་ཁོ་ན་ཙམ་ལས་དོན་དམ་མི་མང་དང་འབྲེལ་བ་མེད་ལྟ་བུ་ཞིག་ཏུ་ངོས་འཛིན་གནང་ནས། འོས་ཤོག་བླུག་ན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོ་གསོལ་རས་སུ་བསྩལ་གནང་བའི་དགོངས་དོན་གཏན་ནས་མ་འགྲུབ་པ་རེད། ད་ལན་གྱི་འོས་འདེམས་འདི་བོད་ཀྱི་རྩ་དོན་དང་འབྲེལ་བ་ཡོད་པ་ཞིག་དང་། མི་མང་གི་བདེ་སྡུག་དང་འབྲེལ་བ་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད་དགོས་པ་ཞིག་ཏུ་མཐོང་།།

{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།