བཀའ་ཁྲིའི་འོས་མི་བཀྲ་ཤིས་དབང་འདུས་ལགས་སུ་བཅར་འདྲི།

tashi wangdue1ད་ལྟའི་རྒྱ་ནག་དབུས་གཞུང་གི་འགོ་ཁྲིད་མི་དགུའི་ནང་དུ་ཡིན་ནའང། བསམ་ཚུལ་གཉིས་ཡོད་པ་རེད་བསམ་གྱི་འདུག ༸རྒྱལ་བ་རིན་པོ་ཆེ་ལ་བཀའ་མོལ་གནང་ན་ཡག་གི་རེད་ཟེར་མཁན་ཞིག་དང་། མཁྲེགས་པོ་བྱེད་མཁན་གཉིས་ཡོད་པ་རེད། ད་ལྟ་མཁྲེགས་པོ་བྱེད་མཁན་དེ་ཤུགས་ཆེ་བ་ཡོད་ནའང། འབྲེལ་མོལ་མཇུག་སྐྱོང་དགོས་པ་གལ་ཆེན་པོ་རེད་ཅེས་གསུངས་སོང།

དྲི་བ། སྐུ་ཉིད་བཀའ་ཁྲིར་འདེམས་ཐོན་བྱུང་ན། བཀའ་ཁྲིའི་འོས་མི་གཞན་དང་མ་འདྲ་བའི་ནུས་པ་ག་རེའི་ཕྱོགས་ལ་ཐོན་གྱིི་རེད་དགོངས་ཀྱི་ཡོད།
ལན། ངས་མི་གསར་པ་རེ་སླེབས་ནས་སྲིད་ཇུས་གསར་པ་ཞིག་ཞེ་དྲག་བྱེད་རྒྱུ་ཡོད་པ་ཞིག་མཐོང་གི་མེད། བཀའ་བློན་ཁྲི་པ་དེ་འཛིན་སྐྱོང་དང་འབྲེལ་བ་ཡོད་པ་རེད། ད་ལྟ་གནང་བཞིན་པ་དེ་མཇུག་སྐྱོང་དང་བསྐྱར་ཞིབ་བྱས་ཏེ་ལེགས་བཅོས་ག་རེ་དགོས་ཀྱི་འདུག་བལྟ་དགོས་པ་རེད། མི་གསར་པ་རེ་སླེབས་ནས་སྲིད་ཇུས་གསར་པ་རེ་བྱས་ན་འཛིན་སྐྱོང་མུ་མཐུད་ནས་ཡོང་རྒྱུའི་བརྒྱུད་ལམ་ཡོང་གི་མ་རེད་བསམ་གྱི་འདུག སྲིད་ཇུས་བྱེད་བཞིན་པ་དེར་སྐབས་དང་དུས་ལ་ལེགས་བཅོས་ག་རེ་དགོས་ཀྱི་འདུག་བལྟ་དགོས་པ་རེད།

དྲི་བ། བཀའ་ཁྲིའི་ནུས་ཤུགས་འདོན་ས་གཙོ་བོ་ག་རེ་རེད་དགོངས་ཀྱི་ཡོད།
ལན། བཀའ་ཤག་གསར་པ་ལ་འགན་ཆེན་པོ་ཁ་ཤས་མཐོང་གི་འདུག གཙོ་བོ་བོད་ཀྱི་རྩ་དོན་ཆེད་བོད་རྒྱ་ཞི་མོལ་རེད། དེ་ད་ལྟ་གནང་བཞིན་པ་མཇུག་སྐྱོང་ཡོང་ཐབས་ལས་གསར་པ་ཞིག་བྱེད་ཀྱི་ཡོད་པ་ད་ལྟ་ངས་མཐོང་གི་མི་འདུག དེ་ནས་ཤེས་ཡོན་གྱི་སྐོར་རེད། གཞི་རིམ་སློབ་གྲྭའི་ནང་དང་། མཐོ་སློབ་ཏུ་འགྲོ་མཁན་དང་། ལས་རིགས་སློབ་སྦྱོང་སྤྲོད་པ། གཞོན་སྐྱེས་ཚོར་མདུན་ལམ་ཡོད་པའི་ཐབས་ཤེས་སོགས་དགོས་པ་རེད། ཉིས་པ། ང་ཚོ་བཙན་བྱོལ་ལ་སླེབས་ནས་ལོ་ལྔ་བཅུ་འགོར་ནའང་། གཞི་བརྟན་པོ་གནས་མ་ཐུབ་པའི་དཀའ་ངལ་ཡོད་པ་རེད། བོད་རྒྱ་ཞི་མོལ་བརྒྱུད་བོད་ཀྱི་བདེན་མཐའ་གསལ་མ་ཐུབ་ན། མི་ཐོག་ནས་མི་ཐོག་ཕྱི་ལོགས་སུ་བསྡད་ནས་བོད་ཀྱི་རྩ་དོན་རྩོད་རྒྱུར་ངོས་འཛིན་དང་ཐག་གཅོད་ཅིག་དགོས་པ་རེད་བསམ་གྱི་འདུག དེ་གཞིར་བཟུང་གིས་སྤྱི་ཚོགས་གནས་ཐུབ་དགོས་པ་རེད། སྔོན་མ་ནས་བཙུགས་པའི་གཞིས་ཆགས་དེ་ཚོར་ལས་གཞི་གསར་པ་འཛུགས་སྐྲུན་ག་རེ་དགོས་ཀྱི་འདུག ནུབ་ཕྱོགས་རྒྱལ་ཁབ་ཏུ་ཡོད་མཁན་ཚོ་ས་གནས་སོ་སོར་མཉམ་རུབ་ཀྱིས་སྡོད་ཐབས། ཁོང་ཚོས་རྒྱ་གར་དུ་ཡོད་པའི་བོད་པའི་སྤྱི་ཚོགས་ལ་ཕན་ཐོགས་བྱེད་ཐུབ་པ་ག་རེ་འདུག དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་དཔལ་འབྱོར་གྱི་ནུས་པ་དེ་ནུབ་ཕྱོགས་ནས་ཤར་ཕྱོགས་སུ་སླེབས་པ་དང་། ལྷག་པར་དུ་རྒྱ་གར་དེ་དཔལ་འབྱོར་ཐོག་སྟོབས་ཆེན་རྒྱལ་ཁབ་ཆགས་ཀྱི་ཡོད་པ་གསལ་པོ་རེད། དེ་ལ་དཔག་པའི་རྒྱ་གར་ནང་ང་ཚོས་དཔལ་འབྱོར་གྱི་རྟེན་གཞི་འཛུགས་ཐུབ་པ། གཞོན་སྐྱེས་ཚོར་ཕུགས་ལ་མདུན་ལམ་ཡོད་པ་ཞིག་བཟོ་རྒྱུར་གོ་བསྡུར་བྱས། སྲིད་ཇུས་གཏན་འབེབས་དང་ལམ་སྟོན་བྱེད་རྒྱུ་གལ་ཆེན་པོ་རེད། དེ་དང་འབྲེལ་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་མཉམ་རུབ་བརྟན་ལྷིང་ངང་གནས་ཐུབ་ན། ང་ཚོར་རྨང་གཞི་ཡོད་པ་རེད། དེ་ལོ་ལྔ་བཅུའི་རིང་སྲ་བརྟན་བཟོ་མ་ཐུབ་པ་རེད། ད་ལྟ་སྲ་བརྟན་བཟོ་ཐུབ་ཀྱི་རེད་དམ་ཟེར་ན། ངས་བཟོ་ཐུབ་ཀྱི་རེད་བསམ་གྱི་འདུག གོ་སྐབས་དང་ཆ་རྐྱེན་ཡོད་པ་རེད་བསམ་གྱི་འདུག དེ་ལོ་ལྔའི་རིང་ལ་བཀའ་ཤག་གཅིག་པུ་མ་ཡིན་པར་གྲོས་ཚོགས་དང་མི་མང་། སྒྲིག་འཛུགས་ཚང་མ་གོ་བསྡུར་བྱས་ཏེ་འཆར་གཞི་དགོས་པ་གལ་ཆེན་པོ་རེད།

དྲི་བ། བཀའ་ཁྲིའི་འོས་མི་བློ་བཟང་སེང་གེ་ལགས་ཀྱིས་བཀའ་ཤག་ནང་གཞོན་པ་བཞི་དང་རྒན་པ་གསུམ་ཡོད་པ་དང་། དེའི་ནང་ཆོལ་ཁ་གསུམ་དང་སྐྱ་སེར་ཕོ་མོ་ཚང་མ་འཛོམས་པའི་ཆིག་སྒྲིལ་གྱི་བཀའ་ཤག་ཅིག་བསྐོ་ཡི་ཡིན་གསུངས་འདུག དེའི་ཐོག་སྐུ་ཉིད་ལ་དགོངས་ཚུལ་གང་ཡོད།

tashi wangdue2ལན། ང་ལ་དེ་མེད། སྤྱི་འཐུས་དེ་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་ཆེད་མངགས་འཐུས་མི་རེད།  འཛིན་སྐྱོང་དེ་འཛིན་སྐྱོང་གི་ལས་ཀ་བྱེད་ཐུབ་མཁན་ཞིག་དགོས་པ་རེད། ཤེས་རིགས་ལས་ཁུངས་ཡིན་ན། ཤེས་རིགས་ཀྱི་ལས་དོན་བྱེད་ཐུབ་མཁན་ཞིག་དགོས་པ་རེད། དེ་བཞིན་ནང་སྲིད་དང་འཕྲོད་བསྟེན་ཚང་མ་དེ་འདྲ་རེད། རྒན་གཞོན་ཡིན་ནའང་ལས་དོན་ལ་བལྟ་དགོས་པ་ལས། ཆོལ་ཁ་ཆོས་ལུགས་དང། རྒན་གཞོན་ཕོ་མོ། སྐྱ་སེར་གྱི་སྐུ་ཚབ་མཚོན་པ་ཞིག་བསམ་བློའི་ནང་དུ་སླེབས་ཀྱི་མ་རེད། སྐུ་ཚབ་མཚོན་པ་ལ་ཆོལ་ཁ་ཆོས་ལུགས་ཀྱི་སྤྱི་འཐུས་དང་ཚོགས་པ་ཁག་ཡོད་པ་རེད། འཛིན་སྐྱོང་བྱེད་ཐུབ་མཁན་དགོས་པ་གཙོ་བོ་རེད། དེའི་ཐོག་མི་གསོ་སྐྱོང་ཟེར་ནའང་རེད། ལོ་ཆུང་བ་ཤེས་ཡོན་ཅན་ཡོད་ན་ག་ཚོད་མང་པོ་བྱུང་ན་སུ་ཡིན་ནའང་གོ་སྐབས་སྤྲོད་རྒྱུ་རེད། དམིགས་ཡུལ་དེ་འཆར་འགོད་ལྟ་བུ་བརྒྱ་ཆ་ལྟ་བུར་བགོས་ན་འཛིན་སྐྱོང་བྱེད་སྟངས་ཀྱི་བསམ་བློ་ཏག་ཏག་མ་རེད་བསམ་གྱི་འདུག

དྲི་བ། ད་ལྟའི་བོད་རྒྱ་འབྲེལ་མོལ་གྱི་སྐོར་ལ། བཀའ་ཁྲིའི་འོས་མི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས། ང་ཚོས་ཡིག་ཆ་སྤྲད་པ་དེ་རྒྱ་ནག་གིས་ཡོང་གི་མ་རེད་ཅེས་ལན་གསལ་པོ་སྤྲད་ཚར་བ་རེད། ང་ཚོས་ད་དུང་མ་གོ་མདོག་ལྟ་བུ་བྱས་ན། ང་རང་ཚོ་མགོ་སྐོར་ཐེབས་ཀྱི་མེད་འགྲོ། བསམ་བློ་གསར་པ་ཞིག་གཏོང་རྒྱུའི་དུས་ཚོད་རེད་གསུངས་སོང་། སྐུ་ཉིད་ལ་དེའི་ཐོག་དགོངས་ཚུལ་ག་རེ་ཡོད།

ལན། དེ་ང་ཚོར་རེ་བ་མེད་པ་དང་ཐག་བཅད་པའི་ཐོག་ལ་སླེབས་ཡོད་པ་མ་རེད། ད་ལྟའི་རྒྱ་ནག་དབུས་གཞུང་གི་འགོ་ཁྲིད་མི་དགུའི་ནང་དུ་ཡིན་ནའང། བསམ་ཚུལ་གཉིས་ཡོད་པ་རེད་བསམ་གྱི་འདུག ༸རྒྱལ་བ་རིན་པོ་ཆེ་ལ་བཀའ་མོལ་གནང་ན་ཡག་གི་རེད་ཟེར་མཁན་ཞིག་དང་། མཁྲེགས་པོ་བྱེད་མཁན་གཉིས་ཡོད་པ་རེད། ད་ལྟ་མཁྲེགས་པོ་བྱེད་མཁན་དེ་ཤུགས་ཆེ་བ་རེད་ལ། དེ་སྔོན་ཡང་དེ་འདྲ་རེད། མའོ་ཡི་དུས་ཚོད་རྫོགས། མི་བཞི་ཤོག་ཁག་གི་དུས་ཚོད། དེ་ནས་ཧོའོ་ཡོ་པང་དང་། ཏིང་ཞའོ་ཕུན་ཁོང་ཚོ་ཡོང་བའི་སྐབས། ཧོའོ་ཡོ་པང་གི་སྐབས་ལ་རྩོད་པ་ཡོད་པ་མ་རེད་ལ། ཀྲོ་ཙི་ཡང་གི་སྐབས་བསམ་བློ་གཏོང་སྟངས་གུ་ཡངས་པ་རེད། དེའི་སྐབས་ང་ཚོས་གསལ་པོ་ཤེས་ཡོད་པ་མ་རེད། རྗེས་ནས་བལྟ་དུས་དེ་འདྲ་རེད། ད་ལྟ་ཡིན་ནའང་གྲིས་བཅད་པ་ལྟ་བུ་ཡོད་པ་མ་རེད། འབད་བརྩོན་བྱེད་རྒྱུ་གལ་ཆེན་པོ་རེད། བཀའ་མོལ་འགྲོ་བཞིན་པའི་སྐབས་ཡིན་ནའང་ཕྱོགས་གཅིག་ནས་༸རྒྱལ་བ་རིན་པོ་ཆེའི་སྐུ་དབང་དང་། ༸རྒྱལ་བ་རིན་པོ་ཆེའི་ཉེ་འཁོར་གྱི་སྐོར་མ་གཏོགས། བོད་ཀྱི་རྩ་དོན་ཆེད་དུ་སྐད་ཆ་བཤད་རྒྱུ་ཡོད་པ་མ་རེད་ཅེས་རྒྱ་ནག་གཞུང་གིས་བཤད་བསྡད་ཡོད་པ་རེད་མོད། སྐུ་ཚབ་མར་ཕེབས་སྐབས་༸རྒྱལ་བ་རིན་པོ་ཆེ་དང་དེའི་ཉེ་འཁོར་སྐོར་བཤད་ཀྱི་ཡོད་པ་མ་རེད། ང་ཚོས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་དགོས་པའི་གྲོས་འཆར་བཏོན་པ་དེར་རྒྱ་ནག་གིས་སྐད་ཆ་བཤད་རྒྱུ་མིན་ཞེས་བཤད་པ་རེད་མོད། ཐེངས་དགུ་པ་ཐུག་པའི་སྐབས་གྲོས་ཆོད་དེ་བླངས་པ་རེད། ཁོང་ཚོའི་ཅོག་ཙེའི་ཐོག་ཏུ་སླེབས་པ་རེད་མ་གཏོགས་ཁོང་ཚོས་སྐད་ཆ་བཤད་རྒྱུ་མིན་ཞེས་ཡིག་ཆ་མ་བླངས་པ་མ་རེད། དེའི་རྗེས་སུ་ཁོང་ཚོས་གླེང་སློང་མང་པོ་བྱས་པས། ང་ཚོས་དེའི་ཐོག་གསལ་བཤད་ཡི་གེ་ཞིག་སྤྲད་པ་རེད་ལ་དེ་ཡང་བླངས་པ་རེད། སྐུ་ཚབ་མར་ཕེབས་ནས་དེའི་སྐོར་བཤད་བསྡད་ཡོད་པ་ལས། དེ་མ་ཡིན་པ་ཞིག་བཤད་ཡོད་པ་མ་རེད། ཆབ་སྲིད་ཀྱི་གནད་དོན་རྙོག་གྲ་ཅན། ལོ་རྒྱུས་དང་འབྲེལ་བ་ཡོད་པ་དེ་ཚོ་ལམ་སང་ངོས་ལེན་བྱས་ན་མོས་མཐུན་བྱུང་བ་རེད། དེ་ཚོ་སྤྱིར་བཏང་གི་གྲོས་མོལ་འགྲོ་སྟངས་རེད། རྒྱ་ནག་གཞུང་གིས་སྐད་ཆ་བཤད་རྒྱུ་མིན་ཞེས་མ་བཤད་བར་དུ་དེའི་སྐོར་བཤད་བསྡད་ཡོད་པ་རེད། ང་ཚོས་གསལ་པོ་བཟོས་ཡོད་པ་རེད། ༸རྒྱལ་བ་རིན་པོ་ཆེའི་ཐོབ་ཐང་དང་གནས་བབ་ཐོག་རྩོད་རྒྱུ་མེད། བོད་མི་ས་ཡ་དྲུག་གི་དོན་དག་རེད་ཅེས་བཤད་བསྡད་ཡོད་པ་རེད། ད་དུང་མུ་མཐུད་རྒྱུ་གལ་ཆེན་པོ་རེད། དེ་བརྒྱུད་ནས་དབུ་མའི་ལམ་གྱི་ཐོག་རེ་བ་མེད་པ་མ་རེད། རྒྱ་ནག་གཞུང་གིས་མུ་མཐུད་ནས་འབྲེལ་བ་བྱེད་འདོད་ཡོད་པའི་རྣམ་འགྱུར་གསལ་པོ་བསྟན་པ་རེད། དེ་བོད་ཀྱི་རྩ་དོན་སྐོར་བཤད་ཀྱི་ཡོད་པ་ལས་གཞན་པ་ཞིག་བཤད་ཀྱི་ཡོད་པ་མ་རེད། འབྲེལ་བ་ཆད་པའི་ཐོག་ལ་སླེབས་ཡོད་པ་མ་རེད་བསམ་གྱི་འདུག །

{jcomments on}

Leave a Reply

Your email address will not be published. Required fields are marked *