༄༅།། རྗེ་ལམ་རིམ་པའི་ཁྲི་འདོན་མཛད་སྒོ།

རྒན་ལམ་རིམ་པའི་གསུངས་ལས། ཐུབ་བསྟན་འདི་འདྲའི་རྨུག་ཏུ་འཐིམ་དུས་འདིིར།། མེ་ཁྱེར་ཙམ་གྱི་སྟོབས་ལས་མེད་ན་ཡང་།། ཅི་ཡོད་ནུས་པས་སྣང་བ་མི་འབྱིན་ན།། བསྟན་ལ་བཏང་སྙོམས་བྱེད་པར་ཅིས་མི་འགྲོ།། ཞེས་དང་ནག་ཕྱོགས་པས་བདུད་ཀྱི་རྒྱལ་མཚན་བསྒྲེངས་པ་ལ་ངས་ཆོས་ཀྱི་རྒྱལ་མཚན་བསྒྲེངས་ཞེས་གསུངས་པ་པོ་རྗེ་ལམ་རིམ་པ་རྗེ་བཙུན་ངག་དབང་ཕུན་ཚོགས་རིན་པོ་ཆེ་མཆོག་ནི།

ཤར་མདོ་ཁམས་རྒྱལ་ཐང་རོང་པ་ནགས་སྟེང་ཞེས་གྲགས་པའི་གནའ་བོའི་བོད་གྲོང་ཞིག་ཏུ་ཡབ་ཀརྨ་ཚེ་རིང་དང་ཡུམ་ནམ་མཁའ་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་ཁྱི་ལོ་སྟེ། ཕྱི་ལོ་༡༩༢༢ ལོར་སྐུ་བལྟམས། དགུང་ལོ་བཅུར་སོན་སྐབས་རྒྱལ་ཐང་དགའ་ལྡན་སུམ་རྩེན་གླིང་དུ་ཆོས་སྒོར་ཞུགས་ཏེ་གྲྭ་ཚང་གི་ཆོས་སྤྱོད་ནས་གསང་བདེ་འཇིགས་གསུམ་བར་ཐུགས་ལ་ལེགས་པར་ཟིན་ནས་གྲྭ་ཚང་གི་མཁན་པོ་སོགས་ལ་རྒྱུགས་ཕུལ། ཨ་སྤོངས་རིན་པོ་ཆེ་མཆོག་གི་དྲུང་ནས་ལམ་རིམ་ཁྲིད་ཆེན་བརྒྱད་ལ་སོགས་པའི་བཀའ་ཆོས་གྲངས་ལས་འདས་པ་ཐོབ་རྗེས། དུང་དཀར་རི་ཁྲོད་དུ་སྒོམ་སྒྲུབ་ཉམས་ལེན་ལ་འབད་པར་མཛད། དགུང་ལོ་ཉེར་གཉིས་ལ་སོན་པ་ན་སྐྱབས་རྗེ་ཨ་སྤོངས་རིན་པོ་ཆེའི་བཀའ་དགོངས་ལྟར་དབུས་གཙང་ཆོས་ཀྱི་ཞིང་སར་གྲྭ་སར་ཕེབས། སྐབས་དེར་ཨ་སྤོངས་རིན་པོ་ཆེ་མཆོག་གིས་བཀའ་སློབ་འདི་ལྟར་གནང་འདུག མཚན་ཉིད་ལྟ་ལུགས་ཀྱང་གང་བྱུང་གི་མི་ཆོག་པས་འདི་འདྲ་ཞིག་དགོས་ཏེ། རང་འོག་འགྲོ་བ་ས་དང་ཆུ་ལས་མེད་པ་ལྟ་བུའི་དམའ་ས་བཟུང་ཐོག་ཉིན་རེ་བཞིན་ཡང་ཐོས་པའི་དོན་ལ་བསམ། བསམ་པའི་དོན་ལ་བསྒོམས་ཏེ་བསམ་སྒོམ་ཡ་བྲལ་དུ་མ་སོང་བ་ཞིག་ཅིས་ཀྱང་གལ་ཆེ། ཞེས་གསུངས་འདུག
དེ་ནས་གདན་ས་རུ་མི་ལོ་བཅུ་ཕྲག་གཉིས་ཙམ་གྱི་རིང་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་སྒོམ་པ་ཡ་བྲལ་དུ་མ་སོང་བར་བླ་མའི་བཀའ་བཞིན་བསྒྲུབས་པ་མཛད་དེ། ཡོངས་སུ་གྲགས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཆེན་པོ་ཞིག་ཏུ་གྱུར་ཡོད། ས་ཕག་དུས་ཀྱི་འགྱུར་བས་རང་ཡུལ་བོད་དུ་བསྟན་པ་མིང་མེད་རྩ་བརླག་ཏུ་འགྲོ་བའི་ཉེན་ལ་ཐུག་སྐབས། སླར་ཡང་བསྟན་པའི་མེ་རོ་གསོ་སླད་རྗེ་བླ་མ་མཆོག་གིས་འབྲས་སྤུངས་ཚོགས་ཆེན་དུ་ལམ་རིམ་ཆེན་མོ་སོགས་མདོ་སྔགས་ཀྱི་གཞུང་ཆེན་མོ་དག་གི་བཀའ་ཆོས་གང་མང་དང་། དགེ་ཚུལ་སློང་གི་སྡོམ་པ་སྟོང་ཕྲག་ལས་བརྒལ་བ་བསྩལ་གནང་མཛད་ཅིང་། རྒྱུན་དུ་སློབ་གཉེར་བ་རྣམས་ལ་གཞུང་ཆེན་བཀའ་པོད་ལྔའི་དཔེ་ཁྲིད་མཛད་པ་དང་།  གསུང་རྩོམ་ལའང་ལམ་རིམ་ཟིན་བྲིས་མཁས་པའི་ཡིད་འཕྲོག་ལ་སོགས་པ་པོད་བཞི་མཛད་དེ་བསྟན་པའི་བྱ་བ་རླབས་པོ་ཆེ་མཛད་ནས། བོད་བརྒྱུད་ནང་བསྟན་ཆེན་པོ་ཆགས་འཇིག་གི་གནས་སུ་ལྷུང་བའི་དུས་ངན་དེ་འདྲ་ཞིག་གི་སྐབས་སུ། བསྟན་པའི་མེ་རོ་རྨང་ནས་གསོས་པའི་རྗེ་ལམ་རིམ་པ་མཆོག་གི་ཡང་སྲིད་ཅིག་ངེས་པར་དུ་དགོས་གལ་ཆེ་བར་བརྟེན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བརྩེ་བ་ཆེན་པོས་རིམ་བཞིན་པ་དཔྱད་པ་གནང་ནས། ཡབ་བཀྲ་ཤིས་དབང་རྒྱལ་དང་ཡུམ་གནམ་གང་སྒྲོལ་མ་གཉིས་ཀྱི་བུ་བསྟན་འཛིན་ངག་དབང་དགེ་ལེགས་ལ་ཕྱག་རྟགས་རིན་པོ་ཆེ་བཀའ་དྲིན་བསྩལ་བ་དང་། སླར་ཡང་ཆོས་ཞུགས་བྱེད་ཆོག་པའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག  བློ་གླིང་མཁན་རིན་པོ་ཆེ་བཅས་ནས་གནང་བ་ལེགས་པར་ཐོབ་སྟེ་རྒན་དམ་པའི་རྣམ་ཐར་གཙང་མ་བདག་གིར་བཞེས་པའི་ཕྱིར་ཕྱི་ལོ་༢༠༡༡ ཟླ་༡ ཚེས་༢༣ དང་༢༤  གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་དཔལ་ལྡན་འབྲས་སྤུངས་ཚོགས་ཆེན་དང་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་བཅས་སུ། བླ་མའི་ཁྲི་འདོན་མཛད་སྒོ་དང་བསྙེན་བཀུར་མཆོད་འབུལ་ལེགས་པར་གྲུབ་པའོ།། དགེའོ།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།