༄༅། །མདོ་སྟོད་སེར་སྐྱ་ཕོ་མོ་ཡོངས་ཀྱི་སྙན་ལམ་དུ།
ཞུ་གསོལ། གུས་སྡེ་དགེ་བྲག་ཡག་བུ་བཀྲ་ཤིས་རྣམ་རྒྱལ་རང་ཉིད་ནས་ལེགས་ཉེས་རྣམ་འབྱེད་ཤེས་པའི་དུས་ནས་བཟུང་། རང་ཡུལ་དང་རང་རེའི་ལ་རྒྱ་ཁོག་ཏུ་བཅངས་ཏེ་རང་རེའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གོམས་གཤིས་བཟང་པོ་རྣམས་མི་ཉམས་གཅེས་འཛིན་བྱེད་ཐབས་དང་། ལྷག་པར་དེ་སྔ་སྐབས་སོ་སོར། སྔོན་རྡོར་གཞིས་སུ་གནས་སྐབས་མི་མང་མཐུས་མི་དང་། མཉམ་ལས་འགན་འཛིན།
རང་བདེན་གྱི་ལས་འགན་བཅས་དང་། བལ་ཡུལ་ས་གནས་མི་མང་མཐུས་མིའི་ཚོགས་གཞོན་དང་། མདོ་སྟོད་དབུས་རྒྱུན་ལོ ༣ བཅས་སུ་འོས་འདེམས་བྱུང་བ་ནས་བཟུང་། གཞིས་བྱེས་བོད་མིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཅི་གསུང་བཀའ་སློབ་རྣམས་དུས་རྣམ་པ་ཀུན་ཏུ་སྤྱི་བོའི་རྒྱན་དུ་བཀུར་ཏེ། སྤང་བླང་འཛོལ་མེད་ཐོག་གཞིས་བྱེས་བོད་མི་མང་གི་བདེ་དོན་སླད་ཉིན་མཚན་མེད་པར་ཞབས་ཞུ་སྒྲུབ་འབུལ་ཞུས་དང་ཞུ་བཞིན་པ་དང་། ལྷག་པར་དུ་ཁོ་བོ་ཆུང་དུས་ནས་བལ་ཡུལ་གཞུང་གི་སློབ་གྲྭར་བལ་པོའི་ཡུལ་མི་རྣམས་ཀྱི་མཉམ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཐོབ་པའི་བདག་རྐྱེན་ལ་བརྟེན། ཡུལ་མིིའི་སྐད་ཡིག་ལ་ཤེས་མྱོང་ཡོད་པ་དེ་ཉིད་གོ་སྐབས་སུ་བཟུང་སྟེ། དུས་དུས་སུ་བོད་མིར་གང་ཅིའི་དཀའ་རྙོག་བྱུང་བ་སོགས་དགོས་པ་ནམ་བྱུང་ཚེ་རང་ཉིད་ལ་ཡོད་པའི་ཉམས་མྱོང་གི་ནུས་པའི་རྩལ་གང་ཡོད་བཏོན་ཏེ་དཀའ་ངལ་གདོང་ལེན་བྱས་པའི་གྲུབ་འབྲས་དོན་སྨིན་ལྡན་པ་ཇི་སྙེད་ཐོན་ཐུབ་ཡོད་པའི་ལག་རྗེས་སུ་མི་མང་རྣམས་ནས་ཀྱང་ཁོ་བོར་ཡིད་ཆེས་བློས་འགེལ་གྱིས་བོད་མི་མང་སྐབས་བཅོ་ལྔ་པའི་སྔོན་འགྲོའི་འོས་འདེམས་སྐབས། བོད་མི་མང་མདོ་སྟོད་སྤྱི་མཐུས་སུ་འོས་འདེམས་གནང་འདུག་པ་ལ་སྙིང་ཐག་པ་ནས་དགའ་མོས་དང་བཅས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ནའང། འདིར་གཅིག་དང་གཉིས་ཞེས་ཞུ་མ་དགོས་པར་གནད་དོན་རྒྱུ་མཚན་འབའ་ཞིག་ལ་བརྟེན། དངོས་གཞིའི་འོས་བསྡུ་སྐབས་ཀྱི་འོས་མི་ལས་དགོངས་ཞུ་མི་བྱེད་ཀ་མེད་གྱུར་པས། བོད་མི་མང་སྤྱི་དང་ལྷག་པར་ཁོ་བོར་ཡིད་ཆེས་བརྩི་བཀུར་རྒྱ་ཆེ་གནང་སྟེ་འོས་གནང་མཁན་རྒྱལ་གཅེས་འོས་འཕེན་སེར་སྐྱ་ཕོ་མོ་རྣམས་ལ་གནོངས་སེམས་དང་བཅས་དགོངས་དག་ཐུགས་བདེན་ཞུ་བ་དང་ཆབས་ཅིག ཆེས་གཟི་བརྗིད་དང་ཆེ་མཐོང་ལྡན་པའི་བོད་མི་མང་སྤྱི་མཐུས་ཀྱི་ཞབས་སྟེགས་ཐོག་ནས་གནས་སྐབས་རིང་འཐེན་དགོས་བྱུང་ནའང་། བོད་དང་བོད་མི་མང་གི་དོན་དུ་སྨིན་པའི་ལས་དོན་ཆེ་ཕྲ་ཅི་རིགས་ལ་སྔར་ལམ་བཞིན་ཞབས་ཞུ་སྒྲུབ་འབུལ་ཞུ་བ་ལ་སྐད་ཅིག་ཀྱང་གཡེལ་བ་མེད་པའི་ཆོད་སེམས་དང་དམ་བཅའ་ཡང་གསར་ཤོག་འདིའི་ཐོག་ནས་ཞུ་བ་ཡིན་ཞུ། །
བལ་མཆོད་གནས་སྡོད་སྡེ་དགེ་བྲག་ཡག་བུ་བཀྲ་ཤིས་རྣམ་རྒྱལ་ནས་ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་༢༣ ཉིན།