བཀའ་ཁྲིའི་འོས་མི་གསུམ་ལ་དཔལ་འབྱོར་སྲིད་ཇུས་སྐོར་བཅར་འདྲི།

chairདྲི་བ། ༡ བོད་གཞུང་གི་དཔལ་འབྱོར་སྲིད་ཇུས་ཐོག་སྔོན་མ་ཡིན་ན་ཚོང་རྒྱག་གི་ཡོད་པ་རེད། ད་སྐབས་ཚོང་རྒྱག་གི་ཡོད་མ་རེད། མ་འོངས་པར་དཔལ་འབྱོར་གྱི་སྲིད་ཇུས་གང་འདྲ་འཛིན་དགོས་པ་རེད་དགོངས་ཀྱི་ཡོད།

༢ དཔལ་འབྱོར་གྱི་ཐད་ལ་དྭངས་བླངས་དཔྱ་ཁྲལ་ལག་དེབ་ཀྱིས་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པ་རེད། འོན་ཀྱང་དཔྱ་ཁྲལ་ལག་དེབ་ཀྱི་དངུལ་དེ་སྔོན་མའི་གྲངས་ཀ་དང་གཅིག་པ་ཡིན་པས། ད་ལྟ་དཔྱ་ཁྲལ་སྤར་དགོས་པ་རེད་ཟེར་མཁན་དང་། སྤར་ན་འགྲིག་གི་མི་འདུག་ཟེར་མཁན་གཉིས་ཀ་འདུག་པས། དེའི་ཐོག་དགོངས་ཚུལ་ག་རེ་ཡོད་དམ། ༣ རོགས་ཚོགས་ཀྱི་སྐོར་ལ་ལངས་ཕྱོགས་དང་འབྲེལ་ལམ་ག་འདྲ་ཞིག་དགོས་པ་རེད་དགོངས་ཀྱི་ཡོད།

tashi wangdue_31_janyary_2010བཀྲ་ཤིས་དབང་འདུས། བོད་གཞུང་གིས་ཚོང་རྒྱག་ཟེར་བ་དེ་ལམ་ལྷོང་ཡོང་ཁག་པོ་རེད། འདས་པའི་མཉམ་མྱོང་ནང་ཡག་པོ་ཞེ་དྲག་བྱུང་མེད་པས། དེ་བསྐྱར་གསོ་བྱས་ན་ཕན་ཐོགས་ཡོད་པ་མ་རེད། གཞུང་ལ་འགན་ག་རེ་ཡོད་པ་རེད་ཟེར་ན། མང་ཚོགས་ནང་དཔལ་འབྱོར་རྟེན་གཞི་བཟོ་ཐབས་ལ། འཆར་གཞི་དང་ལམ་སྟོན་དགོས་པ་རེད། དེ་ཡང་འཛིན་སྐྱོང་དང་འབྲེལ་བ་ཡོད་པའི་ལས་བྱེད་གཅིག་པུ་མིན་པར། གནད་དོན་ཤེས་པའི་ཐོག་ནས་མང་ཚོགས་དང་མཉམ་དུ་གོ་བསྡུར་མཉམ་རུབ་དགོས་པ་རེད་བསམ་གྱི་འདུག།

དྭངས་བླང་དཔྱ་ཁྲལ་སྤར་དགོས་མིན་སྐོར་དེ་གྲོས་ཚོགས་ནས་གཏན་འབེབས་དགོས་པ་རེད། ད་ལྟ་བོད་པ་གང་འཚམས་ཤིག་གིས་དཔྱ་ཁྲལ་སྤྲོད་ཀྱི་ཡོད་པ་མ་རེད། ཚང་མས་སྤྲོད་ཐུབ་པ་བཟོ་རྒྱུ་གལ་ཆེ་ཤོས་རེད། ནུབ་ཕྱོགས་སུ་བོད་པ་མང་པོ་སླེབས་ཡོད་པ་རེད། དེའི་ནང་མང་ཆེ་བས་དཔྱ་ཁྲལ་སྤྲད་པ་ཡིན་ན། བོད་གཞུང་གི་འཛིན་སྐྱོང་གི་འགྲོ་སོང་འདང་གི་རེད་བསམ་གྱི་འདུག མ་སྤྲད་པ་དེ་མང་ཆེ་བར་འཕྲལ་སེལ་གྱི་དཀའ་ངལ་ཞིག་འཕྲད་ནས་འཐུས་ཤོར་ཕྱིན་པ་ལས། བོད་གཞུང་ལ་ཤ་ཚ་མེད་པ་དང་། སྤྲོད་འདོད་མེད་པ་མ་རེད།  དཔྱ་ཁྲལ་སྤྲོད་སྟངས་དེ་སྟབས་བདེ་པོ་བཟོ་རྒྱུ་དང་། ལམ་སྲོལ་དགོས་པ་སོགས་ལ་ང་ཚོ་གོ་བསྡུར་བྱེད་རྒྱུ་ཡོད་པ་རེད། བོད་མི་མང་ཆེ་བས་དཔྱ་ཁྲལ་འབུལ་རྒྱུ་རེད་ལ། དེ་ཡིས་འཛིན་སྐྱོང་གི་འགྲོ་གྲོན་འདང་གི་རེད།

རོགས་ཚོགས་ཀྱི་སྐོར་དེ། བོད་གཞུང་གི་སྔོན་རྩིས་ནང་དངུལ་བདེ་སྤྱོད་གཏོང་སྟངས་དང་། ཤེས་ཡོན་དང་། འཕྲོད་བསྟེན། རིག་གཞུང་སྲུང་སྐྱོབ་ཀྱི་རིགས་ལ་ཕྱི་རྒྱལ་ནས་རོགས་དངུལ་བྱུང་བ་དེ་གཏོང་གི་ཡོད་པ་རེད། བོད་གཞུང་རང་གི་འཛིན་སྐྱོང་གི་འགྲོ་སོང་ལ་ཕྱིའི་རོགས་དངུལ་ལེན་གྱི་ཡོད་པ་མ་རེད། འདིའི་འགྲོ་སོང་གཙོ་བོ་དེ་དཔྱ་ཁྲལ་རེད། དེ་ནས་བཀའ་ཤག་གིས་ཐབས་ཤེས་གནང་བ།  དེ་སྔོན་དཔལ་འབྱོར་ལས་ཁུངས་ནས་ཡོང་སྒོ་ཅུང་ཡོད་པ་རེད། དེ་ནས་གང་འཚམས་ཤིག་སྐུ་སྒེར་ཡིག་ཚང་ནས་ཡོང་གི་ཡོད་པ་རེད། ད་ལྟ་དཔྱ་ཁྲལ་སྤྲོད་མཁན་ཚགས་ཚུད་པོ་བྱུང་ན་འཛིན་སྐྱོང་གི་འགྲོ་སོང་འདང་གི་རེད། ཕྱིའི་རོགས་དངུལ་གྱིས་བོད་གཞུང་འཛིན་སྐྱོང་བྱེད་དགོས་བྱུང་ན་དངུལ་བརྒྱུད་ནས་གནོན་ཤུགས་སླེབས་སྲིད་པ་རེད། དེ་མིན་སྤྱི་ཚོགས་བདེ་དོན་དང་དེ་ཚོའི་ཆེད་དུ་རོགས་དངུལ་བྱུང་བ་དེ་འཆར་གཞི་སོ་སོའི་ཐོག་ཏུ་གཏོང་གི་ཡོད་པ་རེད། མ་འོངས་པ་ཡིན་ནའང་རོགས་རམ་ཐབས་ཤེས་བྱེད་དགོས་པ་ཡོང་གི་རེད།  ངའི་རེ་བ་ལ། མ་འོངས་པར་ལོ་ལྔ་དང་བཅུའི་ནང་ནས་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་ཚོས་རྒྱ་གར་ནང་ཡོད་པའི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་ཐུབ་པ་དང་། རྟག་པར་ཕྱི་མི་ལ་བརྟེན་མི་དགོས་པར་ཤེས་ཡོན་དང། འཕྲོད་བསྟེན།  འཛུགས་སྐྲུན་དེ་ཚོར་ཕྱི་རྒྱལ་དུ་ཡོད་པའི་བོད་པ་ཚོས་རོགས་རམ་བྱེད་རྒྱུ་གལ་ཆེན་པོ་རེད་ལ། རྗེས་མ་དེ་བྱེད་ཐུབ་ཀྱི་རེད་བསམ་གྱི་འདུག ད་ལྟ་ནས་རྒན་གསོ་ཁང་དང་། འཕྲོད་བསྟེན་གྱི་སྐོར། སློབ་མའི་སློབ་ཡོན། གཞིས་ཆགས་འཛུགས་སྐྲུན་དེ་ཚོའི་ཐོག་ཕྱི་རྒྱལ་དུ་ཡོད་པའི་བོད་པ་ཚོས་རོགས་དངུལ་བཏང་བ་གང་འཚམས་འདུག ཕྱི་རྒྱལ་དུ་ཡོད་མཁན་ཚོ་རྟེན་གཞི་ཡག་པོ་ཆགས་ན་དེའི་རིགས་མང་དུ་ཡོང་གི་རེད་བསམ་གྱི་འདུག གཞུང་དང་མི་མང་ཕན་ཚུན་འབྲེལ་བ་ཡག་པོ་དང་མཉམ་རུབ་བྱེད་ཐུབ་ན་ཞབས་འདེགས་ཡག་པོ་ཞུ་ཐུབ་ཀྱི་རེད་བསམ་གྱི་འདུག    ། 

lobsang sangge_31_janyary_2010བློ་བཟང་སེང་གེ། འཛིན་སྐྱོང་དང་ཤེས་ཡོན། དཔལ་འབྱོར་དེ་ཚོའི་སྐོར་གྱི་འཆར་གཞི་ཞིག་གང་མགྱོགས་འདོན་རྒྱུ་ཡིན། སྤྱིར་བཏང་འཛམ་གླིང་གང་སར་གཞུང་གི་ཚོང་དེ་ལམ་ལྷོང་མ་བྱུང་བ་རེད། སྤྱི་ཚོགས་རིང་ལུགས་དང་མ་རྩ་རིང་ལུགས་གཉིས་འགྲན་སྡུར་ལྟ་བུ་བྱས་ཏེ། མཐའ་མ་དེར་མ་རྩ་རིང་ལུགས་ཐོབ་པ་ལྟ་བུ་རེད། ཨུ་རུ་སུ་དང། བྱང་ཀོ་རི་ཡ་ཚང་མས་གཞུང་གི་ཚོང་དེ་ལམ་འགྲོ་བྱུང་ཡོད་པ་མ་རེད། རྒྱ་ནག་ཡིན་ནའང་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བའི་ཐོག་ནས་ཚོང་བརྒྱབ་པ་རེད་མོད། རྗེས་སུ་མ་རྩ་རིང་ལུགས་ཀྱི་ལམ་ལ་ཚུར་སླེབས་པ་རེད། ལས་བྱེད་ཅིག་ཚོང་རྒྱག་སར་གཏོང་སྐབས་ཁོ་རང་ལ་ཕོགས་ཐོབ་ཅིག་ཡོད་པས། ཚོང་ཡོང་མིན་ལྟ་ཡི་མ་རེད། སྒེར་པ་ཡིན་ན་ཁེ་བཟང་ལ་བལྟས་ནས་དཀའ་ལས་བརྒྱབ། ཅ་ལག་ག་རེ་ཚོང་གི་འདུག་ཐབས་ཤེས་བྱེད་ཀྱི་རེད། ང་ཚོའི་སྤྱི་ཚོགས་གནས་སྟངས་མ་འདྲ་བ་ཞིག་ཡིན་པས། སྒེར་གྱི་ཚོང་པ་དང་བལ་གོས་ཚོང་པའི་མཐུན་ཚོགས་སོགས་ཡོད་པ་རེད། ཚོང་པའི་ལྷན་ཚོགས་ཤིག་ཡོད་པ་རེད། གཞུང་དང་སྒེར་གྱི་ཚོང་རྒྱག་མཁན་ཚོགས་པ་ཁག་མཉམ་འབྲེལ་བྱས་ནས་ལས་ཀ་བྱས་ན་ཡག་པོ་མེད་འགྲོ་བསམ་སོང་། མཉམ་འབྲེལ་ཟེར་དུས་གཞུང་གིས་ཚོང་རྒྱག་པ་མ་ཡིན་པར་མ་རྩ་གཡར་རྒྱུ་དང་། མཐུན་འགྱུར་རོགས་རམ་དགོས་པ་རེད། གཞིས་ཆགས་སྲ་བརྟན་གནས་རྒྱུར་བཀའ་མོལ་མང་པོ་ཡོད་པ་རེད། དེའི་ཐོག་ངས་ཞིབ་ཕྲའི་འཆར་གཞི་འདོན་འཆར་ཡོད། གཞིས་ཆགས་ནང་དུ་རོགས་ཚོགས་བརྒྱུད་ནས་རེད། ཚོང་རྒྱག་པ། ལས་ཀ་བྱེད་པ། ཕྱི་རྒྱལ་ནས་སྤུན་མཆེད་ཀྱི་རོགས་རམ་སོགས་ཀྱི་དངུལ་ཡོང་གི་ཡོད་པ་རེད། དངུལ་དེ་དག་གཞིས་ཆགས་རང་གི་ནང་དུ་འཁོར་ཐུབ་པ་གལ་ཆེན་པོ་འདུག དངུལ་དེ་ཕྱི་ལོག་ཏུ་ཤོར་ན་འགྲིག་གི་ཡོད་པ་མ་རེད། གཞིས་ཆགས་ཁག་གི་ཉེ་འགྲམ་གྱི་རྒྱ་གར་ཚོང་པ་མང་པོ་ཕྱུག་པོ་ཆགས་པ་མཐོང་རྒྱུ་ཡོད་པ་རེད། བོད་པའི་ཚོང་ཁང་འདྲ་མིན་སྣ་ཚོགས་མང་ཙམ་ཡོད་ན། གཞིས་ཆགས་ཀྱི་དངུལ་ནས་བརྒྱ་ཆ་དྲུག་ཅུ་ནང་དུ་འཁོར་ཐུབ་པ་དང། བོད་པའི་ཟ་ཁང་དང་ཚོང་ཁང་མང་དུ་སོང་ནས་བོད་པར་ལས་ཀ་ཡང་མང་པོ་རག་གི་རེད། དེ་འདྲའི་འཆར་གཞི་ཟེར་ནའང་རེད། རེ་བ་ཞིག་ང་རང་ལ་ཡོད།

ཚོང་ག་རེ་ཡིན་ནའང། རིན་གོང་མཐོན་པོ་བྱས་ནས་བཙོང་བ་དང་། རིན་གོང་རན་པོ་ཞིག་བྱས་ནས་ཅ་ལག་མང་པོ་ཚོང་གི་འདུག་བལྟ་རྒྱུ་གཉིས་རེད། དེ་བཞིན་དཔྱ་ཁྲལ་ཡིན་ནའང། ཡུ་རོབ་ཀྱི་བོད་པ་ཚོས་ཡག་པོ་སྤྲོད་ཀྱི་ཡོད་པ་རེད། ཨ་རིར་ཡར་རྒྱས་འགྲོ་ཡི་ཡོད་པས། དང་པོ་དེ་ཚགས་ཚུད་པོ་བཟོས་ཏེ། མི་མང་བརྒྱ་ཆ་དགུ་བཅུས་དཔྱ་ཁྲལ་སྤྲོད་ཐུབ་པ་བྱུང་ན། རྗེས་སུ་སྤར་དགོས་མིན་བལྟ་དགོས་པ་རེད།  དཔྱ་ཁྲལ་སྤྲོད་རྒྱུའི་གྲངས་ཀ་སྤར་ནས་སྤྲོད་མཁན་ཉུང་དུ་ཕྱིན་ཏེ་གཅིག་པ་ཆགས་ན་གནས་ཚུལ་གཅིག་ལྷག་པ་རེད། དེ་ལས་དཔྱ་ཁྲལ་ལག་དེབ་ཚང་མར་ཡོད་པ་དེ་གལ་ཆེ་ཡི་རེད་བསམ་གྱི་འདུག

རོགས་ཚོགས་ནས་དངུལ་ཡོང་རྒྱུ་དེར་འབད་བརྩོན་གང་ཐུབ་བྱེད་དགོས་པ་རེད། རོགས་ཚོགས་མང་པོ་ཡོད་པ་རེད། ཚོགས་པ་རེ་རེའི་དགོས་དོན་གང་ཡིན་ལ་ཞིབ་འཇུག་བྱས་ཏེ། དེ་ལ་དཔག་པའི་སྙན་ཞུ་རྒྱག་ཐུབ་དགོས་པ་རེད། ད་ལྟ་དེ་འདྲ་ཞིབ་འཇུག་གཏིང་ཟབ་པོ་གནང་གི་ཡོད་ཀྱི་རེད། དེ་ཡར་རྒྱས་གཏོང་བཞིན་འགྲོ་དགོས་པ་རེད་བསམ་གྱི་འདུག །

tenzin namjal_31_janyary_2010བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། དཔལ་འབྱོར་སྲིད་ཇུས་དེ། དེ་སྔོན་བོད་གཞུང་གི་དཔལ་འབྱོར་ཐད་ཚོང་གི་སྡེ་ཚན་གང་འཚམ་ཞིག་ཡོད་པ་རེད། བོད་གཞུང་གིས་ཚོང་བརྒྱབ་ན་འགྲིག་གི་མི་འདུག་ཅེས་སྲིད་ཇུས་གསར་པའི་ཐོག་ནས་ཚོང་གི་སྡེ་ཚན་ཚང་མ་ཕྱིར་ཚོང་གནང་བ་རེད། དེའི་ནང་ནས་མགྲོན་ཁང་གཅིག་གཉིས་ཤིག་མཉམ་ལས་ལ་གནང་ཡོད་ས་རེད། དཔལ་འབྱོར་ལས་ཁུངས་དེ་སྔོན་མ་ནས་ཆེན་པོ་དང་། སྡེ་ཚན་དེ་ཙམ་མང་པོ་ཡོད་མ་རེད་དེ། ཚོང་གི་སྡེ་ཚན་དེ་ཚོས་བོད་གཞུང་ལ་ཕན་ཐོགས་ཕྲན་བུ་ཡོད་པ་རེད། དེ་མིན་ཚོང་གི་སྡེ་ཚན་དེ་ཚོས་མི་གང་འཚམ་ལ་ལས་ཀ་རག་གི་ཡོད་པ་རེད། ལོ་གཞོན་པ་ཚོང་གི་སློབ་སྦྱོང་ཐོན་པ་དེ་འདྲ་ཚོང་གི་ལས་རིགས་ནང་ལ་ཉམས་མྱོང་ཡང་ཡག་པོ་ཡོང་གི་ཡོད་པ་རེད། ཁ་ཤས་སོ་སོ་སྒེར་གྱི་ཐོག་ལ་ཕྱིན་ནས་ཉམས་མྱོང་བེད་སྤྱོད་གཏོང་གི་ཡོད་རེད། ཁ་ཤས་སྤྱི་པའི་ཚོང་གི་སྡེ་ཚན་སྒང་ལ་ཕྱིན་ནས་ཚོང་གི་སྡེ་ཚན་དེ་ཚོ་རིམ་པས་ཡག་ཏུ་འགྲོ་བཞིན་པ་ཞིག་རེད། འོན་ཀྱང་ད་ལྟའི་སྐབས་ལ་བོད་གཞུང་གིས་ཚོང་རྒྱག་གི་མིན་གསུངས་པ་རེད།

ཡིན་ནའང་བཙན་བྱོལ་སྤྱི་ཚོགས་ཡིན་ན་འདྲ། རྒྱལ་ཁབ་ག་འདྲ་ཞིག་ཡིན་ཡང་དཔལ་འབྱོར་གྱི་གནས་ཚུལ་དེ་གལ་ཆེན་པོ་རེད། ཚོང་གསར་དུ་རྒྱག་མི་རྒྱག་ཟེར་བ་དེ་གྲོས་ཚོགས་ནས་བསམ་བློ་གསར་པ་དང། སྲིད་ཇུས་གསར་པ་ཡོང་མིན་ད་ལྟ་ཞུ་ཐུབ་ཀྱི་མི་འདུག བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་མང་ཚོགས་ཀྱི་བསམ་བློ། གཞུང་གི་ལས་བྱེད་པའི་ནང་སྲིད་ཇུས་དེ་ལ་འགྱུར་བ་གཏོང་མི་གཏོང་ཟེར་བའི་གནས་ཚུལ་གོ་མ་སོང། སྤྱིར་བཏང་དཔལ་འབྱོར་སྐོར་ལ་བགྲོ་གླེང་མང་པ་ོའདུག བོད་གཞུང་གིས་སྤྱི་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་ཐོག་ལ་རྩ་བ་ནས་འགན་ཁུར་མེད་པར་སྡོད་རྒྱུ་ཡོད་མ་རེད། དེ་འདྲ་ཡིན་སྟབས། དཔལ་འབྱོར་ཡག་པོ་ཡོང་བར་འགན་ཞིག་བཞེས་རྒྱུ་མེད་འགྲོ་བསམ་གྱི་འདུག ད་ལྟ་ཚོང་གི་ཐད་ལ་སྒྲིག་འཛུགས་དེ་འདྲ་ཡོད་ས་རེད། དེ་འདྲ་བརྒྱུད་ནས་ད་དུང་དཔལ་འབྱོར་ཐོག་ལ་ག་རེ་བྱེད་རྒྱུ་ཡོད་རེད་བསམ་བློ་གཏོང་རྒྱུ་མེད་འགྲོ། དཔེར་ན། བོད་པའི་གཞིས་ཆགས་མང་པོ་ཞིག་ས་ཁྱོན་གང་འཚམ་ཆེན་པོ་རེད། འགའ་ཤས་རྒྱ་གར་གྱི་རྒྱ་ལམ་དང་ཐག་ཉེ་པོ་རེད། རྒྱ་ལམ་དང་འབྲེལ་བའི་རླངས་འཁོར་དང་མེ་འཁོར་འབབ་ཚུགས། སྣུམ་གྱི་ཚོང་དང་ཡུལ་སྐོར་སྤྲོ་འཆམ་གྱི་མགྲོན་ཁང་དེ་འདྲའི་ཚོང་གི་གོ་སྐབས་ཞེ་དྲག་ཡག་པོ་རེད་ཅེས་བཤད་མཁན་འདུག དེ་རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས་ཡིན་པའི་རྐྱེན་རེད། དེ་འདྲའི་ཐོག་ལ་བོད་གཞུང་གིས་མི་མང་ལ་སློབ་སྟོན། དེ་མིན་གཞིས་ཆགས་ཁག་གི་མཉམ་འབྲེལ་ཐོག་ལ་སློབ་སྟོན་གནང་རྒྱུའི་ལས་འགན་ཞིག་མེད་དམ་བསམ་གྱི་འདུག སློབ་སྟོན་དང་སྦྲགས་ནས་ལས་རིགས་མང་པོ་ལ་མ་རྩ་དགོས་ཀྱི་ཡོད་པ་རེད། མ་རྩའི་ཐོག་ལ་རོགས་པ་གནང་ཐུབ་ཀྱི་ཨེ་ཡོད། སྤྱི་པའི་མ་དངུལ་གྱི་ལས་འགུལ་སྤེལ་རྒྱུ་མང་པོ་ཡོད་སྲིད་པ་རེད། སྤྱི་པའི་མ་དངུལ་ཟེར་དུས་སྤྱིར་བཏང་ང་ཚོས་bankཟེར་གྱི་ཡོད་རེད། དེ་འདྲའི་ཐོག་ལ་རྒྱ་གར་དང་ཨ་རི་དེ་ཚོའི་ནང་དུ་ཁེ་བཟང་ཆེད་དུ་མིན་པར་སྤྱི་ཚོགས་ལ་ཕན་པའི་bank དེ་འདྲ་བཙུགས་པ་ཡིན་ན། བོད་པའི་གཞིས་ཆགས་ཁག་དང་བོད་པ་སྡོད་གནས་ཁག་ལ་ཚོང་རིགས་གསར་པའི་ཐོག་ལ་དངུལ་གཡར་བ་ལ་སོགས་པ་མ་རྩ་འདོན་པའི་ལས་གཞི་མེད་འགྲོ། སྤྱིར་བཏང་གཞིས་ཆགས་ཁག་ལ་སྟོན་ཐོག་འདྲ་མིན་ཡོད་པ་རེད། དེ་ཚོ་ལོ་རེའི་ཁེ་བཟང་གི་ཐོག་ནས་ལས་ཀ་བྱེད་ཀྱི་ཡོད་རེད། ལས་རིགས་ཁ་ཤས་ལོ་མང་པོ་འགོར་བ་དང་ཁེ་ཕན་ཆེན་པོ་ཡོད་པ་དེ་འདྲ་ཡོད་པ་འདྲ། དཔེར་ན། རྒྱ་གར་ལྷོ་ཕྱོགས་སུ་དགོན་པ་ཁག་གཅིག་གཉིས་དང། སྒེར་པ་ཁ་ཤས་ཀྱིས་ཤིང་བཏབ་ནས་ཡག་པོ་ཆགས་ན། ལོ་ལྔ་དང་བཅུའི་རྗེས་སུ་ཐོན་ཁུངས་ཞེ་དྲག་ཡག་པོ་ཡོད་རེད། སྟོན་ཐོག་ལས་ཡག་པ་ཡོད་རེད་ཟེར་གྱི་འདུག ཡིན་ནའང་ལོ་ལྔ་དང་བཅུ་དེའི་རིང་ལ་སྐོར་བ་རྒྱག་པའི་དངུལ་ཞིག་དགོས་པ་རེད། དེ་ལྟ་བུ་དཔལ་འབྱོར་གྱི་སྒྲིག་འཛུགས་ཐོག་ནས་སྔ་འདོན་བྱེད་རྒྱུ་ཨེ་ཡོད། གཡར་རྒྱུ་ཨེ་ཡོད་དེའི་ཐོག་ལ་འཆར་གཞི་དང་སྒྲིག་འཛུགས་བཟོ་ཐུབ་ན། ད་ལྟ་ཡིན་ནའང་ས་ཆ་དེའི་སྒང་ལ་མཐུན་རྐྱེན་མང་དུ་འགྲོ་བའི་རེ་བ་ཡོད་ས་རེད། ལྷག་པར་དུ་ལོ་ལྔ་བཅུའི་རིང་ལོ་གཞོན་པ་མང་པོ་རྒྱ་གར་དང་ཕྱི་རྒྱལ་ནང་དུ་སློབ་སྦྱོང་ཡག་པོ་ཐོན། མང་པོ་ཞིག་དཔལ་འབྱོར་ལས་རིགས་ལ་ཉམས་མྱོང་ཡོད་མཁན་ཞེ་དྲག་འདུག དངུལ་ཁང་ནང་དུ་ལས་ཀ་བྱེད་མྱོང་མཁན་དང། རྩིས་ཞིབ་ཀྱི་ཐོག་ལ་ལས་ཀ་བྱེད་མྱོང་བ། འགའ་ཤས་ཚོང་གི་རིགས་ལ་འཆར་གཞི་འདིང་བའི་ཉམས་མྱོང་ཡོད་པ། དེ་ཚོ་རུག་རུག་བཟོས་ནས་ང་ཚོའི་སྤྱི་ཚོགས་ནང་ལ་ག་རེ་བྱེད་རྒྱུ་ཡོད་མེད་ཀྱི་ལས་འགན་ཁུར་བའི་གོ་སྐབས་རག་པ་ཡིན་ན། ཏན་ཏན་དཔལ་འབྱོར་གྱི་ཐོག་ལ་ལས་ཀ་གསར་པ་བྱེད་རྒྱུ་མང་པོ་ཡོད་པ་འདྲ། དངོས་སུ་བོད་གཞུང་གིས་ཚོང་མ་བརྒྱབ་པ་ཡིན་རུང། དཔལ་འབྱོར་གྱི་ཐོག་ལ་ལས་ཀ་བྱེད་པའི་གོ་སྐབས་ཡོད་པ་བཤད་ཀྱི་འདུག མང་པོ་ཞིག་བལ་གོས་བཙོང་བའི་ལས་ཀ་བྱེད་ཀྱི་ཡོད་པ་རེད། ཚོང་ཡག་པོ་བྱུང་ན་ཚོང་པ་ཚོར་ལོ་གཅིག་རིང་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་རེད། འོན་ཀྱང་ལས་ཀ་དེར་མེ་ཤོར་བ་སོགས་ཀྱི་སེམས་ཁྲལ་ཆེན་པོ་ཡོད་པ་འདྲ། སེམས་ཁྲལ་བྱེད་པ་མ་གཏོགས་ཐབས་ཤེས་གཞན་མེད་པའི་བཟོ་འདྲ་ཞིག རྐྱེན་ངན་ཡོང་དུས་གྱོང་གུད་ཆེན་པོ་ཡོད་པ་རེད། དེའི་རིགས་ལ་དེང་དུས་ཀྱི་ཚོང་གི་འགྲོ་སྟངས་ཐོག་ནས་བརྟན་པོ་བྱས་ནས་དངུལ་སྤྲོད་པ། དཔེར་ན། དབྱིན་སྐད་ཀྱིས་Insurance ཞེས་པའི་ཐོག་ནས་སྤྱི་པའི་སྒྲིག་འཛུགས་ཐོག་ནས་བྱེད་ཐུབ་པ། སྤྱི་པའི་སྒྲིག་འཛུགས་ཐོག་ནས་བྱེད་པར་བོད་གཞུང་གིས་སློབ་སྟོན་དང་མ་རྩ་ཕྲན་བུ་བསྡུ་བ་ལ་སོགས་གནང་ཐུབ་པ་ཡིན་ན། བལ་གོས་ཚོང་པ་ཚོ་ལ་མེ་ཤོར་བའི་དཀའ་ངལ་ཆུང་དུ་ཕྱིན་པ་ཡིན་ན། སྤྱི་ཚོགས་ལ་ཕན་ཐོགས་ཆེན་པོ་མེད་འགྲོ། དེ་ལྟ་བུ་ཚོང་གི་ལས་རིགས་མང་པོ་ཞིག་ལ་གཞུང་གི་དཔལ་འབྱོར་གྱི་སྲིད་བྱུས་ཐོག་ནས་བོད་མི་མང་ལ་ཕན་པ་ཞིག་དང། སྤྱི་ཚོགས་ལ་ཕན་པའི་འཆར་གཞི་དེ་འདྲ་མང་པོ་གནང་རྒྱུ་མེད་འགྲོ་བསམ་གྱི་འདུག

དཔྱ་ཁྲལ་ལག་དེབ་ཀྱི་སྐོར་ལ་བགྲོ་གླེང་མང་པོ་ཡོད་པ་འདྲ། བོད་གཞུང་གི་སྤྱི་པའི་སྒྲིག་འཛུགས་དང། སློབ་གྲྭའི་ནང་ལ་དགེ་རྒན་དང་ལས་བྱེད་པའི་ཕོགས་ནས་བརྒྱ་ཆ་གཉིས་ཙམ་འཐེན་གྱི་ཡོད་པ་རེད། ཁ་ཤས་མང་པོ་དང་ཁ་ཤས་ཀྱིས་ཉུང་ཉུང་སྤྲོད་དགོས་པ་རེད། དེ་སྙོམས་པོ་དགོས་རྒྱུ་དེ་གལ་ཆེན་པོ་མིན་འགྲོ་བསམ་གྱི་འདུག ཐོག་མར་རང་བཙན་ལག་དེབ་ཟེར་བ་དེ་དངུལ་བསྡུ་རྒྱུ་གཅིག་པུའི་ཆེད་དུ་མ་རེད། དྷ་རམ་ས་ལར་༡༩༧༢ ལོར་རང་བཙན་ལས་འགུལ་ཞེས་པའི་ཚོགས་འདུ་འཚོགས་ནས། གཅིག་ནས་དེའི་ཐོག་ནས་དངུལ་ལེན་པ་དང། གཉིས་ནས་དེབ་ལྗང་ཁུ་དེ་བོད་པའི་ངོ་བོ་མཚོན་པའི་ཆེད་དུ་བཟོས་པ་རེད། ཕྱི་ལོགས་སུ་གྱར་བསྡད་པའི་བོད་མི་ཚོས་དེབ་ལྗང་ཁུ་དེ་བླངས་ན། ང་བོད་པ་ཡིན། བོད་པའི་རྩ་དོན་ཐོག་ལ་རྒྱབ་སྐྱོར་ཡོད་ཅེས་པའི་དམིགས་ཡུལ་གཙོ་བོ་དེ་རེད། རྩ་བའི་དེབ་ལྗང་ཁུ་བརྒྱུད་ནས་ག་ཚོད་ཀྱིས་ཞལ་འདེབས་མང་བ་བསྡུ་ཐུབ་པ་ཡིན་ན། གྲུབ་འབྲས་ཆེན་པོ་རེད་བསམ་གྱི་འདུག དམིགས་ཡུལ་གཙོ་བོ་བོད་ཀྱི་ཆབ་འབངས་ཡིན་པ་སྟོན་པ་དང། སྤྱི་པའི་ལས་དོན་ལ་མཉམ་རུབ་བྱེད་པར་སྟོན་རྒྱུ་དེ་རེད། བསམ་བློ་དེ་གཙོ་བོར་བཞག དངུལ་བསྡུ་བ་དེ་གཉིས་པར་འཇོག་དགོས་ཀྱི་རེད།

རོགས་ཚོགས་ཀྱི་ཐོག་ལ་སྲིད་བྱུས་ག་འདྲ་འཛིན་དགོས་པ་རེད་ཟེར་ན། སྤྱི་ཚོགས་ག་འདྲ་ཞིག་ཡིན་ཡང་གང་ཐུབ་ཀྱིས་སོ་སོ་ལངས་ཐུབ་ན་ཡག་པོ་ཡོད་པ་གསལ་པོ་རེད། སྤྱི་སྒེར་ཚང་མར་ཕྱིའི་རོགས་རམ་དང། སྦྱིན་བདག་ཟེར་བ་ག་ཚོད་ཉུང་བ་བྱུང་ན་ཡག་པོ་རེད། ང་ཚོ་བཙན་བྱོལ་ནང་ལ་སླེབས་ནས་སོ་སོའི་ལུང་པ་མེད་པ་དང། གང་ཡང་མེད་དུས་ཕྱིའི་རོགས་ཚོགས་དང། དགོན་སྡེ་ཁག་ལ་སྦྱིན་བདག་ལ་སོགས་པས་ཕན་ཐོགས་ཞེ་དྲག་བྱུང་ཡོད་པ་རེད། ཕུགས་རྒྱང་རིང་པོའི་ཐོག་ལ་སྦྱིན་བདག་དང་རོགས་ཚོགས་ལ་བརྟེན་པ་ཡིན་ན་ཡག་པོ་ཡོད་པ་མ་རེད། རོགས་ཚོགས་ཁ་ཤས་ཀྱི་དམིགས་ཡུལ་ལ་ཕུགས་རྒྱང་རིང་པོའི་ཐོག་ནས་སྤྱི་ཚོགས་ལ་རོགས་པ་བྱེད་པའི་འཆར་གཞི་ཡོད་པ་རེད། དེ་ཚོའི་གྲས་དེ་གཅིག་བྱས་ན། མུ་མཐུད་བླངས་པ་ཡིན་ན་ཕན་ཐོགས་ཡོད་པ་རེད། ལས་གཞི་དེ་དག་མང་པོ་ཞིག་ཤེས་རིག་དང་འཕྲོད་བསྟེན་ལ་འབྲེལ་བ་ཡོད་པ་རེད། གང་ཡིན་ཟེར་ན། འཕྲོད་བསྟེན་དང་ཤེས་རིག་དེ་དག་དུས་ཡུན་རིང་པོ་ཞིག་ལ་སྤྱི་ཚོགས་ལ་ཕན་ཐོགས་ཡོད་པའི་ལས་ཀ་རེད། དཔེར་ན། སྨན་ཁང་དང་སློབ་གྲྭ་ལྟ་བུ་དུས་ཡུན་རིང་པོར་ཕན་ཐོགས་ཡོད་པ་རེད་དེ། སྐེ་མཚམས་ལ་སླེབས་དུས་ལམ་སང་གསར་འཛུགས་བྱེད་སྐབས་འགྲོ་སོང་ཆེན་པོ་ཡོད་སྟབས། རོགས་རམ་དགོས་ཀྱི་མི་འདུག་ཅེས་ལབ་པ་ཡིན་ཡང་རྒྱུ་མཚན་ཡོད་པ་མ་རེད། དེ་འདྲའི་ཐོག་ལ་ཕྱིའི་རོགས་ཚོགས་དང་མཉམ་དུ་ལས་ཀ་བྱེད་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག དེ་ཚོ་ཡག་སྡུག་གི་ཡང་ལྕི་བཀྱག་བཞིན་འགྲོ་རྒྱུ་གལ་ཆེན་པོ་ཡིན་པ་འདྲ།།

{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།