བཀའ་ཁྲིའི་འོས་མི་ཚོར་འོས་བསྡུའི་འགྲོ་སོང་སྐོར་ལ་བཅར་འདྲི།

chairདྲི་བ། འོས་བསྡུའི་སྐབས་སུ་ཁྱབ་བསྒྲགས་སོགས་ཀྱི་འགྲོ་སོང་ཐད་ཕྱི་གསལ་ནང་གསལ་དགོས་པ་དང། དེའི་ཐད་བོད་གཞུང་གི་སྒྲིག་འཛུགས་ཀྱི་ལམ་ལུགས་དགོས་པ་རེད་ཟེར་མཁན་འདུག དེའི་ཐོག་དགོངས་ཚུལ་ག་རེ་ཡོད་དམ།

tethong tenzin namgyalབཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས། ལན། སྤྱི་འཐུས་དང་བཀའ་བློན་ཁྲི་པའི་འོས་བསྡུའི་ཐད་འགྲོ་སོང་འདྲ་མིན་གཏོང་གི་ཡོད་པ་རེད། ཡིག་ཆ་དཔར་རྒྱག་པ་དང། ཡར་མར་འགྲོ་བ་དང་སྐད་ཆ་བཤད་པ། དེ་ཚོའི་ཐོག་ལ་ཕྱི་གསལ་ནང་གསལ་དགོས་པ་རེད་ཟེར་མཁན་དེ་ཚོར་རྒྱུ་མཚན་འདུག མང་གཙོའི་སྤྱི་ཚོགས་ནང་དུ་འོས་བསྡུའི་སྐབས་ལ་སུས་འགྲོ་སོང་མང་བ་བཏང་ཡང་དེ་ལ་རྒྱལ་ཁ་ཐོབ་ཀྱི་ཡོད་པ་ལྟ་བུ་སྐབས་རེ་ཡོང་གི་ཡོད་པ་རེད། དེར་བརྟེན་འགྲོ་སོང་སུས་གཏོང་གི་ཡོད་མེད་མང་ཚོགས་ཀྱིས་ཤེས་རྒྱུའི་ཐོབ་ཐང་ཡོད་པ་རེད། ག་ཚོད་ཀྱིས་གསལ་པོ་བྱུང་ན་ཡག་པོ་རེད་བསམ་གྱི་འདུག དངུལ་གྱི་ལས་ཀ་དེའི་ཁུངས་ག་ནས་ཡོང་གི་ཡོད་མེད། རྒྱུ་མཚན་ག་རེའི་ཐོག་ནས་ཡིན་མིན་མི་མང་གིས་འཐུས་མི་འདེམས་ཀྱི་ཡོད་དུས་ཤེས་དགོས་པ་རེད་བསམ་གྱི་འདུག ང་ལ་མཚོན་ན་བཀའ་བློན་ཁྲི་པའི་འོས་མིར་སྡོད་ཀྱི་ཡིན་ལབ་དུས། ཨ་རིའི་ས་ཁུལ་ཁ་ཤས་དང། རྒྱ་གར། སུད་སི་སོགས་ནས་ཞལ་འདེབས་བསྡུ་བར་རོགས་པ་བྱས་པ་རེད། ང་བོད་མི་ཡོད་སར་འགྲོ་སྐབས་གཙོ་བོ་སོ་སོ་ངོ་སྤྲོད་བྱེད་པར་འགྲོ་ཡི་ཡོད་མ་གཏོགས། ཞལ་འདེབས་སློང་བར་འགྲོ་ཡི་མེད། འོན་ཀྱང་རྒྱབ་སྐྱོར་བྱེད་མཁན་ཚོས་ཞལ་འདེབས་བསྡུས་ནས་ཁྱེད་རང་གི་འགྲོ་སོང་ལ་ཕན་པ་བྱེད་རོགས་གྱིས། ཨ་རི་ལ་ཡོད་དུས་ཁྱེད་རང་ཡིན་གཅིག་མིན་གཉིས་རྒྱ་གར་ལ་འགྲོ་རོགས་ཟེར་གྱི་འདུག རྒྱ་གར་ལ་འགྲོ་རྩིས་ཡོད་ལབ་དུས། ཡར་མར་འགྲོ་བའི་འགྲོ་སོང་ང་ཚོས་ཞལ་འདེབས་བསྡུས་ནས་སྤྲོད་ཀྱི་ཡིན་ཞེས་ས་གནས་ཁག་མང་པོ་ནས་ཞལ་འདེབས་རག་ཡོད་པ་རེད། ས་གནས་སོ་སོར་ཞལ་འདེབས་སྤྲོད་མཁན་གྱི་མིང་ཐོ་ཡོད་རེད་ལ། མང་ཚོགས་ལ་ཐུགས་རྗེ་ཆེ་ཞེས་ལབ་ཚར་བ་རེད། ཞལ་འདེབས་ག་ཚོད་རག་ཡོད་མེད་གསལ་པོ་རེད། ཕྱིས་སུ་བོད་གཞུང་འོས་བསྡུ་ལྷན་ཁང་གི་ངོས་ནས་འོས་བསྡུའི་སྐབས་ཀྱི་འགྲོ་སོང་གཏོང་སྟངས་ཐད་སྒྲིག་འཛུགས་བཟོས་ན་ཡག་པོ་ཡོད་རེད་བསམ་གྱི་འདུག གཞན་མ་གཏོགས་ཡང་གནས་ཚུལ་ཞིག་ཆགས་འགྲོ་ཡི་རེད། ཡར་མར་འགྲོ་དུས་ལས་སླ་པོ་མི་འདུག འགྲོ་སོང་ཆེན་པོ་འདུག

དྲི་བ། ཞལ་འདེབས་སྤྲོད་མཁན་ཚོའི་དངུལ་བསྡོམས་པའི་ག་ཚོད་ཅིག་བྱུང་ཡོད།
ལན། ང་ལ་ཞལ་འདེབས་བྱུང་བའི་གྲངས་ཀ་དེ་ཚོ་གསལ་པོ་བྱས་ནས་Tibetan political review ཞེས་པའི་དྲ་རྒྱའི་སྒང་ལ་བཏོན་ཚར་འདུག ས་ཁུལ་མང་པོ་ལ་ཕྱིན་པ་རེད། ཞལ་འདེབས་རག་པ་དེ་ཚོའི་ནང་ལ་སཱན་ཧྥ་རན་སི་སི་ཁོ་བརྒྱུད་ལ་ཞལ་འདེབས་ཁག་གཉིས་རག་ཡོད་པ་རེད། དེ་ནས་ཊོན་རཱན་ཊོ་དང། བྷོ་སི་ཊོན། ཝཱ་ཤིང་ཊོན། སུད་སི། དྷ་རམ་ས་ལ་ནས་རག་ཡོད་པ་རེད། ས་ཁུལ་ཁ་ཤས་ལ་ས་གནས་ས་ཐོག་ནས་ཞལ་ལག་དང་འགྲིམ་འགྲུལ་གྱི་འགྲོ་སོང་རག་ཡོད་པ་རེད། དེ་ཚོ་མང་ཆེ་བ་ས་གནས་ས་ཐོག་ལ་གསལ་པོ་བྱས་ནས་གསལ་བསྒྲགས་བྱས་ཡོད་པ་རེད། ཕྱོགས་བསྡོམས་དེ་འདྲ་དམིགས་བསལ་བྱས་ཡོད་མ་རེད་ལ། བྱེད་དགོས་པ་རེད་ཟེར་མཁན་མི་འདུག དེ་འདྲ་དགོས་པར་གཞུང་གིས་བཀའ་མངགས་དེ་འདྲ་གང་ཡང་མི་འདུག སུ་ཡིན་ཡང་གསལ་པོ་དགོས་ཀྱི་ཡོད་ན་ས་ཆ་རེ་རེའི་མིའི་མིང་ཐོ་དགོས་ཀྱི་ཡོད་ན་སྤྲོད་ཀྱི་རེད། ཡང་མི་སྒེར་རེ་རེ་ནས་ཞལ་འདེབས་སྤྲད་པ་ཁྱབ་བསྒྲགས་བྱེད་ཆོག་མི་ཆོག་ཟེར་བ་དེ་ངས་ལབ་ཐུབ་ཀྱི་མ་རེད། དོ་བདག་སོ་སོས་ཐག་གཅོད་དགོས་པ་ཞིག་མིན་འགྲོ་བསམ་གྱི་འདུག ཡིན་ནའང་ས་ཁུལ་སོ་སོ་ནས་ཞལ་འདེབས་བྱུང་བའི་ཐོ་སོགས་སྤྱིར་བཏང་ས་ཁུལ་རང་ལ་གསལ་བསྒྲགས་བྱས་འདུག
ང་ལ་ད་ལྟ་བར་དུ་ཌོ་ལར་ཁྲི་གཉིས་ཙམ་རག་མེད་འགྲོ། དེ་ཚོ་ཁ་ཤས་ཀྱིས་དྲ་རྒྱ་དེ་འདྲ་བཟོས་འདུག དེ་འདྲའི་འགྲོ་སོང་ཡོད་པ་རེད། རྒྱ་གར་ནང་ཡར་མར་འགྲོ་བའི་འགྲོ་སོང་ཡོད་རེད། ཡིག་ཆ་དཔར་བསྐྲུན་བྱེད་པའི་འགྲོ་སོང་ཡོད་པ་རེད། སྦྲ་ནག་ཚང་དོན་གྲུབ་ཅེས་པ་ཞིག་གིས་བརྙན་འཕྲིན་dvd བཟོས་ཡོད་པ་རེད། དེ་མ་གཏོགས་གཞན་འགྲོ་སོང་ཆེན་པོ་དེ་འདྲ་བྱུང་ཡོད་མ་རེད། གཙོ་བོ་ཡིག་ཆ་བཟོ་བའི་འགྲོ་སོང་རེད།།

དྲི་བ། འགྲོ་སོང་ཆེ་ཤོས་ག་རེ་རེད་འདུག
ལན། འགྲོ་སོང་ཆེ་ཤོས་དེ་ང་ཨ་རི་ནས་ཚུར་ཐེངས་གཉིས་ཙམ་ཡོང་བ་ཡིན་སྟབས། གནམ་གྲུའི་འགྲོ་སོང་དེ་ཆེན་པོ་རེད་འདུག ཐེངས་མ་གཅིག་གི་འགྲོ་སོང་དེ་ང་ཚོ་ཚང་མར་བུད་མེད་ལྷན་ཚོགས་ཀྱིས་གནང་འདུག དེ་མིན་རྒྱ་གར་ནང་ལ་ཡར་མར་འགྲོ་དུས་མེ་འཁོར་དང། ས་ཆ་ཁ་ཤས་ལ་གནམ་གྲུ། རླངས་འཁོར། ཟས་གྲོན་སོགས་ཡར་བསགས་ཡོང་གི་འདུག

དྲི་བ། འོས་བསྡུའི་སྐབས་སུ་ཁྱབ་བསྒྲགས་སོགས་ཀྱི་འགྲོ་སོང་ཐད་ཕྱི་གསལ་ནང་གསལ་དགོས་པ་དང། དེའི་ཐད་བོད་གཞུང་གི་སྒྲིག་འཛུགས་ཀྱི་ལམ་ལུགས་དགོས་པ་རེད་ཟེར་མཁན་འདུག དེའི་ཐོག་དགོངས་ཚུལ་ག་རེ་ཡོད་དམ།
lobsang sangay 6བློ་བཟང་སེང་གེས། ལན།  སྤྱིར་འོས་མིའི་འགྲོ་གྲོན་གྱི་ཐད་ལ་དབུས་འོས་བསྡུ་ལས་ཁང་ནས་སྒྲོམ་ཞིག་བཟོས་སྟེ། གྲོས་ཚོགས་ནང་གཏན་འབེབས་བྱེད་ཐུབ་ན་ཡག་པོ་ཡོད་པ་རེད།   ད་ལྟའི་ཆར་འགྲོ་སོང་ཤུགས་ཆེན་པོ་ཞེ་དྲག་གཏོང་མཁན་ཡོད་པ་རེད་ངས་བསམ་གྱི་མི་འདུག སྤྱིར་བཏང་ངའི་ངོས་ནས་ཁྱབ་བསྒྲགས་ཀྱི་འགྲོ་སོང་བཏང་བ་ལ་མཚོན་ན། པར་རིས་སྦྱར་ཡིག་དང་དེབ་ཆུང་། དྲ་རྒྱ་དང་འོད་སྡེར་བཅས་རེད། དེ་དག་བཀའ་ཁྲིའི་འོས་མི་གཞན་དག་གིས་ཁྱབ་བསྒྲགས་གནང་བ་ལྟར་ངས་ཀྱང་བྱས་པ་རེད། ཁྱབ་བསྒྲགས་ཀྱི་ཁ་ཕྱོགས་ལ་འདིའི་རིགས་མེད་དུ་མི་རུང་བ་རེད། པར་རིས་དང་དེབ་ཆུང་གཉིས་ཀྱི་སྦྱིན་བདག་མཇུག་ཏུ་བཀོད་ཡོད། དེ་བཞིན་དྲ་རྒྱ་ནི་ང་ལ་རྒྱབ་སྐྱོར་བྱེད་མཁན་དང་བླངས་བ་ཚོས་གསར་བཟོ་བྱས་པ་ཞིག་རེད། འོད་སྡེར་ལ་ཆ་མཚོན་ན། ངས་སཱ་ར་མཐོ་སློབ་ནས་མགོ་བཙུགས་ནས་ནོར་གླིང་མཐོ་སློབ་དང་། མཚན་ཉིད་སློབ་གྲྭ ཧུན་སུར། ཀོ་ལའི་གྷལ། སྦེལ་ཀོབ། མོན་གྷོ་སོགས་སུ་བོད་ཀྱི་ལས་འགུལ་གྱི་གནས་བབས་སྐོར་ལ་ནུས་པ་བཅུ་ཞེས་པའི་གཏམ་བཤད་སྐབས། མི་མང་གིས་ཡིག་ངག་གཉིས་ཐོག་ནས་ནུས་པ་བཅུ་དེ་ཡིག་ཐོག་ལ་ཕབ་པའམ། ཡང་ན་འོད་སྡེར་གྱི་ལམ་ནས་ལྟ་ཐུབ་པ་བཟོས་ན་ཡག་པོ་ཡོད་ལུགས་བརྗོད་པ་ལྟར། ངས་མི་མང་གི་རེ་བ་བཞིན་འོད་སྡེར་བཟོ་རྒྱུ་བྱས་ཏེ། ཨ་རིའི་ནང་གི་ང་རང་གི་ངོ་ཤེས་ཨ་ཅག་ཅིག་ཡོད་པ་དེས་ནུས་པ་བཅུའི་སྐོར་གྱི་འོད་སྡེར་གཅིག་དང་། རྒྱལ་ཚོགས་ཀྱི་སྒོ་འགྲམ་དུ་བོད་དོན་ལས་འགུལ་སྐབས་གཏམ་བཤད། ཨ་རིའི་གྲོས་ཚོགས་ནང་གི་གཏམ་བཤད་སོགས་འོད་སྡེར་བཟོས་པ་རེད། དེ་བཞིན། ཟླ་རེའི་ནང་བདུན་ཕྲག་གཉིས་གསུམ་ནང་རྟག་པར་ཕྱི་རུ་ཚོགས་འདུ་སོགས་སུ་འགྲོ་ཡི་ཡོད་པས། མཁས་དབང་གི་ཚོགས་འདུ་དང་། ཤེས་ཡོན་སྐོར། བོད་དོན་དང་འབྲེལ་བའི་ཚོགས་འདུ་སོགས་ལ་འགྲོ་སྐབས། ངའི་ལས་ཁུངས་ཧྭ་ཝར་ཌི་རང་ནས་འགྲོ་སོང་གཏོང་གི་ཡོད།

དྲི་བ། འགྲོ་སོང་ཆེ་ཤོས་ག་རེ་ཡིན་དང་། དངུལ་ཡོང་ཁུངས་ག་འདྲ་རེད།

ལན། ང་རྒྱ་གར་ནང་མང་ཆེ་བ་བོད་དོན་ཚོགས་འདུ་དང་འབྲེལ་ནས་འགྲོ་ཡི་ཡོད་རེད་ལ། ད་ལོའི་ཕྱི་ཟླ་༦ ནང་མོན་གྷོ་སོགས་སུ་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་འགྲོ་གྲོན་བཏང་བ་རེད། ཟླ་༨ པའི་ནང་St. Joseph College ནང་རྒྱ་གར་དང་རྒྱ་ནག བོད་ཀྱི་གནས་བབ་ཞེས་པར་གཏམ་བཤད་ཀྱི་ཆེད་དུ་སོང་བ་རེད། དེ་དང་མཉམ་དུ་གཞུང་མང་ཚོགས་ཆེན་ལ་བཅར་བ་ཡིན། ཟླ་༩ པའི་ནང་དྷ་ས་དང་ལྡི་ལི། བདེ་སྐྱིད་གླིང་བཅས་ཀྱི་ནང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་འགྲོ་གྲོན་བཏང་བ་རེད། ཟླ་༡༡ པའི་མཇུག་དང་༡༢ པའི་ཟླ་འགོར་ཨིན་དྷོ་ནི་ཤ་ཡ་ནང་ཨེ་ཤ་ཡའི་ན་གཞོན་མགོ་འཁྲིད་ཚོའི་ཚོགས་འདུའི་སྐབས་དང་ཁེལ་ཡོད་ལ། དེ་བཞིན་ཉི་ཧོང་ནང་གཙུག་ལག་སློབ་གྲྭ་ཁག་༦ ཙམ་གྱི་ནང་བོད་དོན་དང་འབྲེལ་བའི་གཏམ་བཤད་ཀྱི་ཆེད་དུ་འགྲོ་དགོས་པས།  ལས་ཁུངས་ནས་འགྲོ་སོང་བཏང་བ་དང་། ཞོར་ལ་ཀ་རྡོར་སྒང་གསུམ་དང་ཏེ་རྫུ། མེའུ་གཞིས་ཆགས་བཅས་ཀྱི་ནང་སྐོར་སྐྱོད་བྱས་པ་ཡིན། སྐབས་དེའང་ས་གནས་ཀྱི་འགྲོ་གྲོན་ས་གནས་གཞོན་ལྷན་དང་བུད་མེད་ལྷན་ཚོགས་སོགས་ཀྱིས་སྣེ་ལེན་གནང་སྟེ། སྡོད་ས་དང་ཞལ་ལག་སོགས་གོ་སྒྲིག་གནང་འདུག དེ་དང་འབྲེལ་ནས་རྒྱ་གར་གྱི་ས་ཁུལ་ཁག་ཏུ་ཡར་མར་འགྲོ་སྐབས། ལམ་གྲོན་ཨ་སྒོར་ ༡༠༠ ཡིས་ཕར་ཚུར་མང་པོར་འགྲོ་ཐུབ་ཀྱི་འདུག དེ་ང་རིང་གིས་གཏོང་གི་ཡོད།

དངོས་གཞི་འོས་བསྡུའི་སྐབས་ད་ཐེངས་རྒྱ་གར་དུ་ཡོང་རྒྱུར་བུད་མེད་ཚོགས་པས་འགྲོ་སོང་བ་བཏང་བ་དང་། དེ་བཞིན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དང་། ཨ་རིའི་རླུང་འཕྲིན་བཅས་ཀྱིས་བགྲོ་གླེང་གོ་སྒྲིག་བྱེད་ཀྱི་ཡོད་པ་དང་། ཨ་རི་ནས་ཐེངས་གསུམ་ལ་གནམ་གྲུའི་གླ་ཆ་འགྲོ་སོང་ཁོང་ཚོས་གཏོང་གི་ཡོད་པས། ང་ཚོ་བཀའ་ཁྲིའི་འོས་མི་གསུམ་གྱིས་གཅིག་པ་རག་ཚར་པ་རེད། ཨུ་རི་ས་དང་མན་སྤར་ཊི་ས་གནས་སུ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཚོགས་པས་འགྲོ་སོང་གཏོང་གི་ཡོད་པ་རེད། མོན་གྷོ་སོགས་ས་གནས་གཞན་དུ་འགྲོ་སྐབས་ལམ་གྲོན་ང་རང་གཏོང་རྒྱུ་ཡིན། དེ་གཏོང་ཐུབ་པའི་ཡོང་འབབ་ང་རིང་ལ་ཡོད་ལ། བློ་བདེ་པོ་ཡོང་ས་རེད། མི་མང་ཁྲོད་དངུལ་བསྡུས་ན་འགྲིག་གི་རེད་ཟེར་གྱི་འདུག་མོད། བཟའ་རྒྱུ་འཐུང་རྒྱུ་དང་སྡོད་སའི་དངུལ་མི་མང་ཁྲོད་ངས་བསྡུ་ཐུབ་ས་མ་རེད། ང་ཚོས་སྤྱི་པའི་ལས་དོན་བྱེད་རྒྱུ་ཡིན་ཟེར་གྱི་ཡོད་པ་རེད། བོད་ནང་དུ་བསྟན་པ་ཆབ་སྲིད་ཆེད་རང་སྲོག་བློས་གཏོང་བྱེད་ཀྱི་ཡོད་པ་དང་། ང་ཚོས་ཡར་ཤོག་མར་ཤོག་སྐད་འབོད་ལས་འགུལ་དགོས་པ་རེད་ཟེར་དུས། ཚང་མ་ཡོང་ནས་སོ་སོས་འགྲོ་སོང་གཏོང་གི་ཡོད་པ་རེད། དེ་འགྲོ་སྟངས་ལྟ་བུ་རེད། གཞི་རྩའི་གོ་སྒྲིག་བྱེད་མཁན་ཚོས་འགྲོ་སོང་གཏོང་གི་འདུག ས་གནས་སོ་སོར་འགྲོ་སོང་གཏོང་མཁན་འདུག དེའི་ཐོག་ང་རང་གིས་གཏོང་གི་ཡིན་ལ། ཆེན་པོ་འགྲོ་ཡི་མི་འདུག།།

དྲི་བ། འོས་བསྡུའི་སྐབས་སུ་ཁྱབ་བསྒྲགས་སོགས་ཀྱི་འགྲོ་སོང་ཐད་ཕྱི་གསལ་ནང་གསལ་དགོས་པ་དང། དེའི་ཐད་བོད་གཞུང་གི་སྒྲིག་འཛུགས་ཀྱི་ལམ་ལུགས་དགོས་པ་རེད་ཟེར་མཁན་འདུག དེའི་ཐོག་དགོངས་ཚུལ་ག་རེ་ཡོད་དམ།  
tashi wangdue1བཀྲ་ཤིས་དབང་འདུས། ལན།  དེ་གལ་ཆེན་པོ་རེད། ད་ལྟ་བར་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་འགྲོ་ཡི་ཡོད་ནའང་། ད་ཐེངས་ནང་བཞིན་འགྲན་སྡུར་ཡོད་པ་བྱུང་ཡོད་པ་མ་རེད། ད་ལྟ་ཐེངས་དང་པོ་ཡིན་པས། དངུལ་གྱི་རྙོག་གྲ་ལ་དོགས་གཞི་དགོས་པ་མ་རེད་བསམ་གྱི་འདུག་མོད། མ་འོངས་པར་དངུལ་བརྒྱུད་ནས། ཆབ་སྲིད་ནང་ཕྱིའི་ནུས་པ་སླེབས་པ་དང་། དངུལ་བརྒྱུད་ནས་དབང་ཆ་འཐབ་རྩོད་ཀྱིས་བེད་སྤྱོད་ལོག་པ་ཡོང་རྒྱུའི་ཉེན་ཁ་ཡོད་པ་རེད།  ང་རང་གི་རེ་བ་ལ་སྤྱི་འཐུས་སྐབས་བཅོ་ལྔ་པའི་ནང་མ་འོངས་པར་འོས་བསྡུའི་སྐབས་འོས་མི་ཚོས་འགྲོ་སོང་གཏོང་ཕྱོགས་སྐོར་གྱི་ཁྲིམས་གཏན་འབེབས་བྱེད་དགོས་པ་གལ་ཆེན་པོ་རེད། ད་ལྟ་ང་ཚོས་གསལ་པོ་བཟོ་ཡི་ཡོད་པ་རེད་ལ། ང་རང་ཡིན་ན་དངུལ་གང་ནས་བྱུང་བ་དང་། འགྲོ་སོང་གང་ལ་སོང་བ་གསལ་པོ་བཟོ་ཡི་ཡོད། ངས་དངུལ་ཐབས་ཤེས་བྱེད་ཀྱི་མེད། དངུལ་གྱི་ནུས་པའི་འོས་ཤོག་ཐོབ་ཐབས་བྱེད་པར་མོས་མཐུན་མེད། ང་ལ་རོགས་པ་བྱེད་མཁན་ཚོར་དངུལ་བསྡུ་རུབ་བ་མ་བྱེད་ཅེས་བཤད་པ་ཡིན། གལ་སྲིད་ཞལ་འདེབས་གནང་མཁན་ཡོད་ན། དེ་བླངས་ནས་དངུལ་ག་ཚོད་ཡོད་དང་། སུས་སྤྲད་པ་རེད། འགྲོ་སོང་གང་ལ་བཏང་བ་རེད་དེ་ཚོ་གསལ་པོ་བཟོ་ཡི་ཡོད།

དྲི་བ། འགྲོ་སོང་གི་ཆེད་དུ་དངུལ་ཞལ་འདེབས་ཕུལ་མཁན་བྱུང་ཡོད་དམ།
ལན། ཁ་ཉིན་ང་ནིའུ་ཡོག་ལ་སླེབས་དུས་ཁོང་ཚོས་ང་ལ་ཐུག་རྒྱུའི་ལས་རིམ་ཞིག་བཟོས་འདུག དེའི་སྐབས་ཁོང་ཚོས་ཞལ་འདེབས་སྤྲད་འདུག་པ་དེ་གཙོ་བོ་རེད། དེའི་བར་དུ་དངུལ་སྤྲོད་མཁན་ཏོག་ཙམ་བྱུང་བ་རེད། ངས་དེ་ཚོ་གསལ་པོ་བཟོ་དགོས་པ་རེད་ཅེས་བཤད་ཡོད། ང་རང་ཕར་ཚུར་ལ་འགྲོ་རྒྱུའི་འགྲོ་སོང་ང་རང་གིས་གཏོང་གི་ཡོད། ང་ལ་རོགས་པ་བྱས་ཏེ་ཡར་མར་ལ་འགྲོ་མཁན་ཚོའི་འགྲོ་སོང་དང་།  ཡིག་ཆ་པར་སྐྲུན་ཆེད་དུ་དངུལ་དེ་བདེ་སྤྱོད་གཏོང་གི་ཡོད་པ་རེད།  དེ་རྫོགས་སོང་དུས་བསྡད་འདུག་རྒྱུ་རེད།

{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།