མི་མང་གིས་འདེམས་བསྐོ་བྱས་པའི་སྐབས་གསུམ་པའིི་བཀའ་ཁྲིའི་གནད་དོན་གླེང་བ།
སྤེན་པ་རྡོ་རྗེ། ནོར་གླིང༌།
༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ནའི་བབ་དང་། བོད་རྒྱ་འབྲེལ་མོལ་གནང་སྟངས་སོགས་ཆབ་སྲིད་གནས་ཚུལ་གཉན་འཕྲང་ཛ་དྲག་གི་སྐབས་འདིར། བོད་མི་ས་ཡ་དྲུག་གི་འགན་ཁུར་མི་སྣ་གལ་ཆེའི་ནང་གི་གལ་ཆེ་བཀའ་བློན་ཁྲི་པ་གསར་འདེམས་ཞུས་པའི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཨང་དང་པོ་མཁྱེན་དཔྱོད་ཡངས་པའི་གཞོན་ནུ་བློ་བཟང་སེང་གེ་ལགས་དང་།
གཉིས་པ་མཁྱེན་དཔྱོད་དང་། ཉམས་མྱོང་སོགས་ཕུན་སུམ་ཚོགས་པའི་སྐུ་ངོ་བསྟན་འཛིན་རྣམ་རྒྱལ་མཆོག་རྣམ་པ་གཉིས་ལ། དགའ་ཞིང་གུས་པ་ཆེན་པོའི་སྒོ་ནས་བཀྲིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཏུ། གོང་གསལ་བཀའ་ཁྲིའིི་འོས་མི་རྣམ་གཉིས་དང་། རྒྱ་ཆེའི་མང་ཚོགས་དང་བཅས་པའི་སྙན་ལམ་དུ། གུས་པ་སྤེན་པ་རྡོ་རྗེ་ནས་སྤྱི་སྨན་ལྷག་བསམ་གྱིས་དྲངས་པའི་བསམ་ཚུལ་སྙིང་བསྡུས་ཤིག་ཞུ་བའི་ཐོག་མར།
མཁྱེན་དཔྱོད་ཕུལ་བྱུང་བློ་བཟང་སེང་གེ་ལགས་ཁྱོད་ནི་མ་འོངས་བོད་མིའི་རེ་གཏོད་ཞུ་ཡུལ་ཉག་གཅིག་ཏུ་མཐོང་སྟེ། གུས་པ་བཟའ་མི་གཉིས་ཀྱི་ཐོབ་ཐང་འོས་ཤོག་དེ་ཁྱོད་ལ་ཕུལ་ཐུབ་པ་འདི་འོས་ཤིང་འཚམ་པ་ཞིག་བྱུང་སོང་སྙམ།
ཡིན་ནའང་། སྐུ་ཉིད་བཀའ་ཁྲིར་འོས་ཐོན་བྱུང་བར་གཞོན་སྐྱེས་ཡོངས་ཀྱིས་དགའ་བསུའི་ཐལ་མོ་གྲངས་མེད་བརྡབ་ངེས་ཀྱང་། ཆབ་སྲིད་ཀྱི་ཉམས་མྱོང་ཆེ་བའི་རྒན་རབས་མང་པོ་ཞིག་གིས་རང་གཞུང་གི་སྲི་ཞུར་གོམ་པ་རིམ་བགྲོད་ཀྱིས་ཉམས་མྱོང་མེད་པས་ལན་ཅིག་བཀའ་ཁྲིར་མ་འོས་པའི་བརྗོད་པ་དང་། ཡང་ཁག་ཅིག་གིས་སྐས་ཐེམ་དང་གཉིས་མ་འཛེགས་པར་ད་ལྟ་སློབ་གྲྭ་ཐོན་མ་ཐག་ཏུ་ལམ་སེང་བཀའ་ཁྲིར་དམིགས་པ་ཧམ་པ་ཆེན་པོ་རེད་ཟེར་བ་དང་། དེ་བཞིན་སྐུ་ཉིད་ཀྱིས་མང་ཚོགས་ཁྲོད་དུ་ཐམས་ཅད་མཁྱེན་པའི་ཞལ་བཞེས་གནང་བབ་ལ་གཞིགས་ན། གོང་མའི་ལམ་སྟོན་དང་། གཤམ་འོག་ཏུ་གོ་བསྡུར་མེད་པའི་ཐག་གཅོད་མང་པོ་གནང་སྲིད་པའི་ཉེན་ཁར་བརྩི་བ་སོགས་ཀྱི་རེ་དོགས་གཉིས་འཛིན་གྱི་ལབ་གླེང་ཡོད་མུས་ཁར། གལ་ཏེ་བཀའ་ཁྲིའི་མཛད་འཕྲིན་གླེང་མེད་མཐར་སོན་བྱུང་ནའང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགྱུར་བ་མ་བྱུང་ཕྱིན། སྐྱིད་ལ་ཚེ་ཐུང་བ་ཤའི་འབུ་ཟེར་བའི་དཔེ་ལྟར། མཁྱེན་རྒྱ་ཟབ་པའི་ན་གཞོན་ཕུལ་བྱུང་ཞིག་གིས་གཞུང་སྲིད་སྐྱོང་བའི་འགན་དབང་རིང་ན་ལོ་བཅུ་དང་། ཐུང་ན་ལོ་ལྔ་ལས་མེད་པ་དེ། བོད་རིགས་སྤྱི་སྒེར་ཡོངས་ལ་ཧ་ཅང་ཕངས་པའི་གྱོང་གུན་ཆེན་པོ་ཞིག་ཡིན་པར་དགོངས་ནས། སྤྱན་རྒྱང་རིང་ཏུ་གཟིགས་ཏེ་ལན་གཅིག་བཀའ་ཁྲི་ལས་ཀྱང་གལ་ཆེ་བ་ཕྱག་རོགས་བཀའ་བློན་ཞིག་གནང་སྟེ་ལོ་ལྔ་འམ་བཅུའི་རིང་མཛད་འཕྲིན་མཉམ་པོར་བསྐྱངས་ཚེ། རང་རེའི་སྤྱི་ཚོགས་ནང་གི་གླེང་གཞི་ཡོངས་རྫོགས་མེ་རང་ཤི་དང་། དུ་བ་རང་ཡལ་སོང་བས་མ་ཚད། ༧གོང་ས་མཆོག་དང་། བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་ལམ་སྟོན་དང་མི་འབྲལ་བའི་ཁྱོད་ནི་མཁས་མཛངས་ལྡན་པ་བཟང་དགུའི་ཡོན་ཏན་ཡོངས་སུ་ཚང་བའི་འགྲན་མེད་ཀྱི་མི་ཆེན་ཞིག་ཏུ་འགྱུར་ངེས་ཁར། བློ་རིག་གསལ་བའི་གཞོན་སྐྱེས་མང་ཙམ་ཞིག་ཏུ་འགོ་ཁྲིད་ཀྱི་སྦྱོང་བརྡར་ཐོན་པ་བཟོ་ཐུབ་པ་བྱུང་ཚེ། དགྲ་ཡ་དམར་པོའི་གཞུང་གིས་བོད་མིའི་རྩ་དོན་༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཚེ་ལ་ཚད་འཛིན་བྱེད་པའི་མཁྲེགས་བཟུང་གི་སྙིང་ཁམས་དེ་དག་རྩ་གཏོར་དུ་བཏང་སྟེ། འཛམ་གླིང་རྒྱལ་ཁབ་མང་པོའི་གནོན་ཤུགས་སོགས་བོད་མིའི་བདེན་པའི་འཐབ་རྩོད་དང་འབྲེལ། དམངས་གཞུང་དུ་སུན་གཙེར་དང་། ངོ་ཚ་ཁ་སྐྱེངས་རྒྱུན་མཐུད་བཟོ་ངེས་སུ་བསམ་ནས། དམར་གཞུང་གིས་བོད་དོན་ཐོག་འོས་འཚམ་གྱི་བསམ་ཤེས་བྱེད་དགོས་པའི་དུས་སྐབས་གསར་པ་ཞིག་འཆར་རྒྱུའི་རེ་བ་དང་ཡིད་ཆེས་ཞུ་བཞིན་ཁར། མཁྱེན་རླབས་ཡངས་པའི་བློ་བཟང་སེང་གེ་ལགས་ཁྱེད་ཀྱང་བཀའ་ཁྲི་སྐབས་བཞི་པ་དང་། ལྔ་པ་གཉིས་སུ་རྩོད་མེད་འགྲན་བྲལ་གྱི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་གཉིས་པ་ཞིག་ཆགས་ངེས་ཡིན་ནོ། ཁ་ཆེ་ཕ་ལུའི་དཔེ་ལྟར། གུས་རྒས་པོས་གཡོ་ཟོལ་སྤངས་པའི་སྙིང་གཏམ་ཞུས་པར་ཐུགས་མཐུན་མ་གྱུར་ན་བཟོད་གསོལ་ཞུ་རྒྱུ་བཅས།
སྐུ་ངོ་བསྟན་འཛིན་རྣམ་རྒྱལ་མཆོག་གི་མཛད་འཕྲིན་སྙིང་བསྡུས་ཤིག་ཞུས་ན། གཟིམ་ཤག་བཀྲེས་མཐོང་པའི་ཡབ་ཆེན་བསོད་ནམས་སྟོབས་འབྱོར་ཞུ་བ་ལ་སྲས་བཞི་ཡོད་པའི་ནང་གི་བསྟན་འཛིན་དགེ་བྱེད་མཆོག་དང་། བསྟན་འཛིན་རྣམ་རྒྱལ་གཉིས་ཀྱི་ཆུང་བྱིས་པའི་སྤྱོད་ལམ་ལ། ཡབ་ཀྱིས་དཔྱད་པ་མཛད་དེ་གསུངས་པ། བསྟན་འཛིན་དགེ་བྱེད་ཚོང་ལས་དང་། བཟོ་ལས་ཀྱི་འཛིན་སྐྱོང་བྱས་ན་རྦ་ཁུག་འབྱོར་པོ་བཟོ་ཐུབ། ཆུང་བ་བསྟན་འཛིན་རྣམ་རྒྱལ་གྱིས་གཞུང་སྲིད་སྐྱོང་བའི་འགན་ཁུར་མི་སྣ་ཞིག་ཏན་ཏན་ཡོང་ངེས་ཡིན་གསུངས་ཡོད་པ་ལྟར། ཁོང་སློབ་ལོ་སོན་མ་ཐག་ཏུ་སློབ་ཞུགས་ཀྱི་སློབ་ཚན་ཡོངས་རྫོགས་སྦྱངས་འབྲས་རྩེར་སོན་གྱི་ཕྱག་འཁྱེར་ཨང་དང་པོ་བཞེས་མཁན་ཞིག་ཡིན་པ་དང་། དགུངས་ལོ་བཅུ་གཉིས་དུས་ནས་མ་སུ་རིའི་སློབ་གྲིའི་ནང་རང་ཉིད་སློབ་སྦྱོང་གནང་བའི་ཞོར་ལ་འཛིན་གྲྭ་ཆུང་བ་ཚོར་དབྱིན་ཇིའི་སྐད་ཡིག་སོགས་དགེ་རྒན་གནང་བ་དེ་ནི་རང་གི་མི་རིགས་སུ་ཞབས་འདེགས་བསྒྲུབ་པའི་སྟ་གོན་དེ་ཡིན་པ་རེད། དེ་ནས་སློན་ཐོན་ཟིན་པ་དང་མང་ཚོགས་ཀྱི་ཁྲོད་དུ། བསྟན་རྣམ་སྐུ་མཆེད་གཉིས་དང་། ཐུགས་མཐུན་ཕྱག་རོགས་རྒྱ་རི་རིན་པོ་ཆེ་དང་། སྐུ་ངོ་བསོད་ནམས་སྟོབས་རྒྱལ་བཞི་ནས་དབུ་ཁྲིད་མཛད་དེ་བོད་མིའི་ཆབ་སྲིད་ཀྱི་ཚོགས་པ་སྙན་གྲགས་ཅན་གཞོན་ནུ་ཚོགས་པ་དང་། དུས་དེབ་ཟབ་པ་ཤེས་བྱ་དུས་དེབ་གསར་འཛུགས་བསྐྱངས་པ་སོགས་དང་། དེ་ནས་རང་ལོ་ ༡༨ ཟིན་མ་ཐག ༡༩༦༤ ནས་གཞུང་ཞབས་གྲལ་མཐའ་གཞོན་དྲུང་ནས་ཐེག་པ་རིམ་འཛེགས་ཀྱིས་དྲུང་ཆེ་བར་གྱི་སྲི་ཞུ་མི་ལོ་ཧྲིལ་པོ་ ༢༣ ཞུས་རྗེས། ཕྱི་ལོ་༡༩༩༠ ལོར་བོད་རྒྱལ་ཡོངས་ཚོགས་ཆེན་བསྐོང་ཚོགས་དང་འབྲེལ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་གང་ཅིའི་དགོས་དབང་དུ་དགོངས་ནས། བཀའ་ཤག་སྐབས་དགུ་པ་དང་། སྤྱི་འཐུས་སྐབས་བཅུ་པ་གཉིས་ཉིན་གཅིག་ཏུ་ཁུ་བསྡུ་མཛད་ནས། བཀའ་ཤག་སྐབས་ ༡༠ དེ་ཚོགས་ཆེན་དེའི་ཚོགས་མི་ཡོངས་ཀྱིས་མང་མོས་འོས་ཐོན་བཀའ་བློན་ལྷ་ལྕམ་རྗེ་བཙུན་པདྨ་མཆོག་དང་། སྐུ་ངོ་སྐལ་བཟང་ཡེ་ཤེས་མཆོག སྐུ་ངོ་བསྟན་འཛིན་རྣམ་རྒྱལ་གསུམ་འདེམས་ཐོན་གྱིས་བཀའ་ཤག་སྐབས་བཅུ་པའི་ཐུགས་འགན་བཞེས་ཡོད།
སྐུ་ངོ་བསྟན་རྣམ་མཆོག་གི་མཛད་འགན་ལོ་ལྔར་ནང་སྲིད་དང་། དཔལ་འབྱོར། བདེ་སྲུང་བཅས་ཀྱི་བཀའ་བློན་མཛད་རྗེས་ ༡༩༩༤ ལོ་བཀའ་ཁྲིའི་ཐུགས་འགན་བཞེས་པ་བཅས་ཀྱི་མཛད་རྗེས་ཞིབ་ཆ། གཞོན་ནུ་མཐུན་ཚོགས་ནས་བསྡུ་སྒྲིག་ཞུས་པའི་ཚགས་ཤོག་ཐོག་བཀོད་པ་ལྟར། ཁོང་གི་མཁྱེན་ཡོན། ཁོང་གི་ལྷག་བསམ། ཁོང་གི་ཉམས་མྱོང་། ཁོང་གི་མཛད་རྗེས་སོགས་གང་དུ་གཟིགས་ཀྱང་བཀའ་ཁྲིའི་ཆ་རྐྱེན་ཡོངས་སུ་ཚང་བའི་མི་ཆེན་ཞིག་ལ། ཆོས་ཟབ་སར་བདུད་ཟབ་ཀྱི་དཔེ་ལྟར། ཁོང་ལ་གཞུང་དངུལ་སྒོར་འབུམ་༧༠༠ ཚང་མིན་མ་ཉེས་ཁ་གཡོག་གིས་རྐྱེན། བཀའ་ཁྲི་སྐབས་གསུམ་པའི་སྔོན་འགྲོའི་འོས་ཤོག་བརྒྱ་ཆ་བཞི་བཅུ་ལྔ་བཅུ་བར་གྱི་གྱོང་གུན་དང་མཚན་ཤས་ཕོག་པ་རེད། ཡིན་ནའང་བསམ་བློ་ཞིབ་ཏུ་བཏང་སྐབས་དེ་ནི་བོད་མི་ས་ཡ་དྲུག་གི་སྤྱིའི་གྱོང་གུན་ཞིག་ལས། སྐུ་ངོ་བསྟན་རྣམ་ལགས་ཀྱི་སྒེར་གྱོང་གཏན་ནས་མ་ཡིན་པས། མ་ཉེས་ཉི་མ་སྤྲིན་པའི་འོག་ནས་དྭངས་པའི་དཔེ་ལྟར། སྐུ་ངོ་བསྟན་རྣམ་མཆོག་གི་གསལ་བཤད་དུ་འགྲོ་སོང་གི་འཆར་གཞི་དང་། ཡོང་སྒོའི་འཆར་གཞི་གཉིས་ཁ་མ་འདུམ་པའི་དཀའ་ངལ་གནས་སྐབས་ཙམ་དུ་བྱུང་ཡོད། དཔེ་ཆ་བཞག་ན། ༢༠༡༡ གི་འཆར་འགོད་ ༢༠༡༠ ཡི་ལོ་ནས་བཀོད་སྒྲིག་གནང་གི་ཡོད་པས། ༢༠༡༠ འགྲོ་འཆར་སྒོར་འབུམ་ ༧༠༠ ལག་སོན་མ་ཐུབ་པར་དཀའ་ངལ་འཕྲད་པ་རེད། ཡིན་ནའང་། ལོ་འཇུག་འགྲོ་འཆར་དང་། ཡོང་འཆར་གཉིས་ཆ་སྙོམས་བྱུང་ནས། ལོ་དེའི་ལས་འཆར་ཐོག་སྐར་མ་གཅིག་གིས་གནོད་པ་འཕྲད་མེད་པའི་གསལ་བཤད་གནང་ཡོད། གལ་ཏེ་དེ་ལས་ལྡོག་པའི་ཁུངས་སྐྱེལ་ཡོད་ཚེ། བལ་བཞུགས་ཏྲེ་ཧོར་པ་ཐུབ་བསྟན་དཔལ་འབྱོར་ལགས་ཀྱིས་སྦེལ་ཀོབ་ཚོགས་ཆེན་སར། སྐུ་ངོ་བཀྲས་མཐོང་ལགས་ཀྱིས་སྒོར་འབུམ་ཕྲག་དེ་དག་ཟོས་པའི་ཁུངས་སྐྱེལ་བྱ་མཁན་ཞིག་ཡོད་ན། ང་ནས་སྒོར་འབུམ་གསུམ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པས་ཁོང་སར་སྒོར་འབུམ་གསུམ་བཞེས་སུ་ཕེབས་ཆོག་ཡོད་དོ།
ཡང་སྐུ་ངོ་བསྟན་རྣམ་མཆོག་ལོ་ལྔ་རྗེས་བཀའ་བློན་དགོངས་ཞུ་དགོས་དོན། སྤྱིར་བཏང་ཞུས་ན་བཀའ་བློན་གྱི་ལས་འགན་ཞོར་དུ་གང་གི་ཨ་ཝ་གུ་གཉིས་ལ་སློབ་གྲྭའི་གོ་སྐབས་ཐབས་ཤེས་ཐུབ་ངེས་ཀྱང་ཁོང་གི་གཞུང་དོན་དང་། སྒེར་དོན་མཉམ་བསྲེས་མ་འོས་པར་གཟིགས་མཁན་སྐུ་རབས་ཞིག་ཡིན་པའི་ཆ་ནས། གང་གི་ཨ་ཝ་གཉིས་ཀྱི་སློབ་འཚོལ་གྱི་ཆེད་དུ་གཞུང་ཞབས་དགོངས་ཞུ་མཛད་ནའང་། ཨ་ཝ་གཉིས་ཀྱི་སློབ་གྲྭའི་གོ་སྐབས་ཐབས་འཚོལ་དང་ཆབས་ཅིག རང་གཞུང་ལ་འཕྲལ་ཕུགས་གཉིས་སྨན་གྱི་ལས་དོན་རླབས་ཆེ་གྲངས་མང་གནང་བ་དེང་སང་ཁོང་གི་རླུང་འཕྲིན་གསུང་སྤར་ནས་གསལ་པོ་མཁྱེན་རྒྱུ་མ་ཟད། མཁྱེན་ལྡན་ཀུན་གྱིས་གཟིགས་ལམ་དུ་ཡོད་པའི་གནད་དོན་ཞིག་ཡིན། དེ་ལྟ་བུའི་མཁྱེན་དཔྱོད་ཉམས་མྱོང་དང་མཛད་རྗེས་སོགས་ཕུན་སུམ་ཚོགས་པའི་སྐུ་ངོ་བསྟན་འཛིན་རྣམ་རྒྱལ་མཆོག་བཀའ་ཁྲིར་འདེམས་ཐུབ་ཚེ། ཁོང་གིས་ཐོག་མར་༧ གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་དང་འགལ་བའི་ལས་དོན་ནམ་ཡང་མི་མཛད་པའི་ཡིད་ཆེས་ཞུ་བ་དང་ཆབས་ཅིག ༧གོང་ས་སྐྱབས་མགོན་ཆེན་པོའི་ལམ་སྟོན་བཀའ་སློབ་གཞི་རྩར་བཟུང་སྟེ། བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་གཙོས་བཀའ་ཤག་རིམ་པ་སྟར་ཆགས་ཀྱི་མཛད་རྗེས། རང་ཁྲིམས་དང་ཡུལ་ཁྲིམས། འཛམ་གླིང་རྒྱལ་སྤྱིའི་ཁྲིམས་སྒྲིག་གང་ལས་མ་འདས་པ། ལོང་བ་སོང་ཡང་འཁོན་ཐོགས་མེད་པ། མཐར་ཐུག་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་རང་སྲིད་རང་སྐྱོང་དོན་དང་ལྡན་ པ་ཞིག་དང་འཕྲད་རྒྱུ་ཡོད་པ་ལམ་ཕྱོགས་དབུ་མ་འདིའི་ཐོག་ལེགས་སྐྱེས་ཇི་ལྟར་འབུལ་ཐུབ་མིན་མ་ངེས་ཀྱང་། དེ་ལས་ལྡོག་པའི་ལམ་གསར་མི་གཏོད་པའི་ཡིད་ཆེས་གཙང་མ་ཞུ་ཡུལ་ཞིག་གིས་བཀའ་ཁྲི་གསར་པའི་ཐུགས་འགན་ཐོག་མ་ཕྱག་རོགས་བཀའ་བློན་བདུན་འདེམས་བསྐོ་གནང་ཕྱོགས་ཐོག མང་ཁྲོད་ཀྱི་རེ་འདུན། གཙོ་བོ་༧གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་དང་། ཡང་སྒོས་གཞོན་སྐྱེས་དང་བཅས་པ་མང་ཚོགས་ཀྱི་ཞེ་འདོད་ལྟར། ན་གཞོན་མཁྱེན་ལྡན་བློ་བཟང་སེང་གེ་ལགས་དང་། ཁོང་འདྲ་བའི་གཞོན་སྐྱེས་གསུམ་ནས་བཞི་བར་དང་། སྐུ་ཚེ་ཧྲིལ་པོར་སྲི་ཞུ་མཛད་པའི་གཞུང་ཞབས་མཁྱེན་ཅན་གཉིས་ནས་གསུམ་བར་དང་། ཕོ་མོ་འདྲ་མཉམ་གྱི་མཚོན་དོན་སྐུ་སྐྱེ་མ་མཁྱེན་ལྡན་རེ་གཉིས་བཅས་ཕེབས་ཐུབ་པའི་རེ་བ་ཞུ་རྒྱུ་བཅས་ཡིན།
གལ་ཏེ་བློ་བཟང་སེང་གེ་ལགས་ཕྱག་རོགས་བཀའ་བློན་ཞིག་ཏུ་མ་འཁོད་ཚེ། དེའི་འགོག་རྐྱེན་གང་ནས་འཕྲད་ཀྱང་། དེའི་མདུན་དུ་གུས་རྒས་པོ་རང་ཉིད་ཀྱིས་མང་ཚོགས་ཀྱི་སྣེ་ཁྲིད་ཞུས་ཏེ། ༧གོང་ས་སྐྱབས་མགོན་ཆེན་པོའི་བཀའ་སློབ་ལ་དྭང་ལེན་མ་ཞུས་པ་དང་། གཞོན་སྐྱེས་གཙོ་བོར་གྱུར་པའི་རྒྱ་ཆེའི་མང་ཚོགས་ཀྱི་རེ་འདོད་རྩིས་མེད་བཏང་བ་སོགས་ཀྱི་ཉེས་འཛུགས་ངོ་རྒོལ་ཞུ་རྒྱུ་ཡིན།
{jcomments on}