བོད་ཡིག་ཐོག་དོ་སྣང་ཡོང་ཐབས་ལ་འབད་བརྩོན་ཞུ་རྒྱུ་ཡིན།

kalsang damdul དབུས་གཙང་སྤྱི་འཐུས་འོས་མི་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་སུ་བཅར་འདྲི།

དྲི་བ། ༡ སྐུ་ཉིད་སྤྱི་འཐུས་ཀྱི་འོས་མིར་ལངས་དགོས་པའི་རྒྱུ་མཚན་གསུང་རོགས།

དྲིས་ལན་དང་པོ། གུས་རང་སྤྱི་འཐུས་འོས་མིར་ལངས་དགོས་དོན་ནི། བོད་ལྷོ་ཁུལ་རིག་གཞུང་དང་སྤྱི་ཚོགས་བདེ་དོན་ཚོགས་པ་དང་འབྲེལ་ཡོད་མང་པོ་ཞིག་ནས་རེ་བསྐུལ་གནང་དོན་བཞིན་སྤྱི་འཐུས་ཀྱི་འོས་མིར་ལངས་པ་ཡིན།

༢ སྐུ་ཉིད་ལ་འོས་ཐོབ་ན་ལས་དོན་གཙོ་བོ་གང་ལ་ཤུགས་སྣོན་རྒྱག་རྩིས་ཡོད་དམ།
ལན་གཉིས་པ། གུས་རང་ལ་འོས་ཤོག་ཐོབ་ན་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་འཚེ་མེད་ཞི་བའི་ལྟ་གྲུབ་དང། ཡ་རབས་བཟང་སྤྱོད་གཞི་རྩར་བཞག་པའི་ནང་པའི་ཆོས་དང་རིག་གཞུང་ཐོག་དམིགས་བསལ་གོ་རྟོགས་དང་ཉམས་ལེན་གོང་མཐོར་ཡོང་ཐབས་དང༌། ལྷག་པར་གཞོན་སྐྱེས་ནང་བོད་ཀྱི་སྐད་ཡིག་ལ་དོ་སྣང་དང་དོན་གཉེར་གྱི་འདུན་པ་མུ་མཐུད་ཡོང་ཐབས་ལ་འབད་བརྩོན་ཞུ་རྒྱུ་ཡིན།

དྲི་བ། ༣ སྐུ་ཉིད་ཀྱིས་འདས་པའི་གྲོས་ཚོགས་ནང་མ་འགྲིག་ས་གཙོ་བོ་དང་འཐུས་ཤོར་ཕྱིན་པ་གཙོ་བོ་ག་རེ་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ། དེའི་ཐོག་དགོངས་ཚུལ་ག་རེ་ཡོད།
དྲིས་ལན་གསུམ་པ། ྋགོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལས་སྤྱིའི་ཆ་ནས་བཙན་བྱོལ་བོད་ཀྱི་མང་གཙོའི་འགྲོ་ལུགས་ནི་ཡར་རྒྱས་གོང་འཕེལ་དུ་འགྲོ་བཞིན་ཡོད་པ་དང༌། འོན་ཀྱང་སྐྱོན་ཆ་དང་ནོར་འཁྲུལ་ཕྲན་བུ་བྱུང་དང་འབྱུང་བཞིན་པ་རྣམས་བརྙན་འཕྲིན་དང་གསར་ཤོག་ལམ་ནས་མང་ཆེ་བས་མཁྱེན་གསལ་ཡིན་པ་དང༌། རེ་འདུན་གལ་ཆེ་ཞུ་རྒྱུ་ནི། སྤྱི་འཐུས་སུ་ཡིན་ཡང་ཆོས་ལུགས་དང་ཆོལ་ཁའི་འཐེན་འཁྱེར་སྤངས་ནས་སྤྱི་པའི་མི་ཞིག་ཡིན་བསམ་པ་དགོས་རྒྱུ་དེ་ཤིན་ཏུ་གལ་ཆེར་མཐོང༌།

༤ གལ་སྲིད་༸གོང་ས་མཆོག་གིས་བོད་ཀྱི་སྲིད་ཀྱི་ཐུགས་འགན་མ་བཞེས་ཚེ་བཅའ་ཁྲིམས་ལ་བསྒྱུར་བཅོས་གང་དགོས་དང། ད་ལྟའི་བཅའ་ཁྲིམས་ནང་གི་སྡེ་སྲིད་ལྷན་ཚོགས་བསྐོ་སྟངས་ཐོག་དགོངས་ཚུལ་ག་རེ་ཡོད།
དྲིས་ལན་བཞི་པ། བོད་གཞིས་བྱེས་གཉིས་ཀྱི་ངོ་ཚབ་ཐུབ་མཁན་ནི་ྋགོང་ས་མཆོག་ཉག་གཅིག་མ་གཏོགས་མེད་པ་ཚང་མས་མཁྱེན་གསལ་ལྟར། ྋགོང་ས་མཆོག་ནས་ཆབ་སྲིད་ཀྱི་ཐུགས་འགན་མ་བཞེས་ཚེ་ཞེས་གསུང་རྒྱུ་དེ་ད་ལྟ་ཕྲན་གྱི་བློ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་རེད་བསམ་གྱི་འདུག སྡེ་སྲིད་ལྷན་ཚོགས་ཐད་བཅའ་ཁྲིམས་ནང་མཇུག་ཏུ་བསྐྱར་བཅོས་ཞེས་པའི་དོན་ཚན་ཞིག་ཡོད་པར་བརྟེན། སྤྱིར་བཏང་ཁྲིམས་གཞི་གང་ཡིན་རུང་དང་པོ་ལག་བསྟར་གནང་རྒྱུ་དང༌། དེ་ནས་དཀའ་ངལ་འཕྲད་ཚེ་དེ་སེལ་ཐབས་བགྲོ་གླེང་དང་བགྲོས་བསྡུར་གྱིས་མཐར་བཅའ་ཁྲིམས་ནང་གསལ་བཞིན་ཁྲིམས་གཞི་བསྐྱར་བཅོས་གནང་ཆོག་པ་ཡིན།
དྲི་་བ། ༥ ད་ཡོད་ཀྱི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་སྒྲིག་འཛུགས་ཀྱི་འགྲོ་སྟངས་དེ་མ་འགྲིག་པ་དང་འགྱུར་བ་གཏོང་དགོས་པ་དེ་འདྲ་གཟིགས་ཀྱི་ཡོད་དམ།

དྲིས་ལན་ལྔ་པ། ད་ལྟའི་བོད་ཀྱི་གནས་སྟངས་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སོགས་གང་སྤྱིའི་གནས་སྟངས་ལ་གཞིགས་ན། ད་ཡོད་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་སྒྲིག་འཛུགས་ཀྱི་འགྲོ་སྟངས་ལ་འགྱུར་བ་གཏོང་དགོས་པ་མཐོང་གི་མི་འདུག །

{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།