བཀའ་ཁྲི་བློ་བཟང་སེང་གེ་ལས་ལྷག་པ་ཞིག་མེད།

དཀོན་མཆོག་བཀྲ་ཤིས། རྣམ་གྲོལ་གླིང།

དྲང་བདེན་ལ་དགའ་ཞིང་ཕྱོགས་ལྷུང་ལ་མི་མོས། སྤྱི་དོན་ལ་དུང་ཞིང་སྒེར་དོན་ལ་མི་སེམས། རང་དབང་ལ་གཅེས་ཤིང་བཙན་གནོན་ལ་མགོ་བོ་མི་སྒུར་བའི་གདོང་དམར་བོད་པ་ཚང་གི་བསམ་ཤེས་ལྡན་པའི་གཞོན་སྐྱེས་ཀྱི་སྤུན་ཟླ་ཚོ་ལ། ང་ཚོ་དང་ང་ཚོའི་ཕ་མེས་དག་གིས་སྐྱིད་པའི་ཕ་ཡུལ་བཞག།བྱམས་པའི་ཕ་མ་དོར་སྟེ། རི་ཆུ་སྟོང་གིས་ཆོད་པའི་རྒྱང་རིང་གི་མི་ཡུལ་འདིར་དཀའ་བ་ཁྱད་དུ་བསད།

ངལ་བ་དང་དུ་བླངས་ནས་བཙན་བྱོལ་དུ་ཡོང་དགོས་པའི་རྒྱུ་མཚན་མང་དག་ཅིག་བཤད་རྒྱུ་ཡོད་མོད། གཙོ་ཆེ་ཤོས་ཤིག་ནི་རང་དབང་དང་ཐོབ་ཐང། འདྲ་མཉམ་དང་ཞི་བདེ་སོགས་ཀྱི་ཆེད་དུ་ཡིན་པ་ལས་རང་ཡུལ་དུ་ཟས་ནོར་གོས་ཀྱི་དབེན་ནས་འདིར་ཡོང་མཁན་གཅིག་ཀྱང་མེད་པ་ལགས་ན། དེར་བརྟེན་ཀུན་གྱི་ཐོག་མའི་དམིགས་ཡུལ་དེ་རང་ཉིད་ཀྱི་ཕྲག་ཏུ་དུས་ནམ་ཡང་ཁུར་དགོས་པ་ལས་སྐུ་དྲག་དང་མི་དྲག ཆོལ་ཁ་དང་ཆོས་ལུགས་སོགས་ཀྱི་ངོ་ལ་བལྟས་ནས་གལ་འགངས་ཆེ་བའི་དམིགས་ཡུལ་དེ་དག་འདོར་དགོས་བྱུང་ན། ཅི་འདྲའི་བློ་ཕམ་པ་དང་ཡིད་མུག་པ་ཞིག་རེད།

རེད་ཡ། བསམ་ཤེས་ཀྱིས་ཕྱུག་པའི་སྤུན་ཟླ་ཚོ། གཟིགས་དང། ང་ཚོའི་མདུན་དུ་བྲག་རི་འདི་དཔང་མཐོ། ང་ཚོའི་རྒྱབ་ཏུ་ཡོད་པའི་ཆབ་སྲིད་པ་རྣམས་གཡོ་སྒྱུ་ཆེ། ང་ཚོ་ནི་ང་ཚོ་སྟེ་ནམ་ཡང་ལྟ་བ་རྙིང་པ་ཞིག་དང། བག་ཆགས་ངན་པ་ཞིག་ལ་ཡོད་ཚད་རེ་བའི་མི་རིགས་འདིའི་ལས་དབང་ལ་བསམ་གཞིག་རེ་བྱེད་སྐབས་བརྗོད་མི་ཤེས་པའི་ཚོར་བ་ཞིག་དང། བསམ་མི་ཕོད་པའི་ཟུག་རྔུ་ཞིག་ལས་ཅི་ཡང་མེད་མོད། འོན་ཀྱང་འདི་དང་འདི་འདྲའི་རིགས་ཞེས་རང་སར་བཞག་ན་དགྲ་དགའ་གཉེན་སྡུག་གི་དཔེ་ལྟར་འོས་བབ་མེད་པས། གདོང་དམར་བོད་པ་ཚང་གི་གཞོན་སྐྱེས་རྣམས་ལ་མི་ལ་མིང་དང་ཤ་ལ་རུས་ཤིག་ཡོད་ན། གནམ་འོག་གི་བོད་མི་ཀུན་ལ་རང་ལ་དཔག་པའི་འགན་འཁྲི་རེ་ཡོད་ཅིང། དེ་དང་མཐུན་པའི་གོམ་པའི་འདེགས་འཇོག་གཉན་འཕྲང་ཅན་གྱི་དུས་ཚོད་འདི་ལ་བསྒྱུར་དགོས་པ་ནི་ལྡོག་མེད་ཀྱི་ལས་དབང་ཞིག་གམ། ཤེས་ཡོན་པ་རྣམས་ཀྱི་ཕྲག་ཏུ་བབ་པའི་ལས་འགན་ཞིག་ཏུ་འཁུམས།

རེད་ཡ། བསམ་ཤེས་ཀྱིས་ཕྱུག་པའི་སྤུན་ཟླ་ཚོ། ང་ཚོའི་འདས་ཟིན་པའི་ལོ་རྒྱུས་སྐྱུར་མོ་དེ་ལ་ཕྱིར་མིག་ཅིག་བལྟས་ན། ང་ཚོས་ད་ལྟའི་དུས་ཚོད་འདི་ལ་ཤེས་ཡོན་དང་འཇོན་ཐང། ལྷག་བསམ་དང་སེམས་ཤུགས། ཡ་རབས་དང་དྲང་བདེན་ཅན་གྱི་གང་ཟག་དག་ལ་མགོ་བོ་སྒུར་ཞིང། ལེགས་ཉེས་འབྱེད་པའི་མི་བུ་ཀུན་ལ་སྒོ་གང་ས་ནས་རྒྱབ་སྐྱོར་བྱེད་པའི་དུས་ཤིག་ཡིན་པ་ལས། འདི་ནི་ལོ་རྒྱུས་ལྡན་པའི་ཁྱིམ་ཚང་ག་གེ་མོ་ཞིག་དང། དེ་ནི་སྟོབས་འབྱོར་ཅན་གྱི་བུ་ཕྲུག་ཅིག འདི་ནི་ཆོལ་ཁ་དེ་དང། ཁོ་ནི་ཆོས་ལུགས་དེ་སོགས་རྩོད་པའི་དུས་ཤིག་ཡེ་ནས་མིན། རྒྱུ་མཚན་ནི་བོད་ས་རྒྱ་ལ་ཤོར། བོད་མི་གཞན་ཡུལ་འཁྱམ་དགོས་པའི་གནད་དོན་ཡང་འདི་དང་འདི་འདྲའི་ལྟ་བ་རྙིང་པ་ཁོ་ནར་རྩོད་ལེན་བྱས་པའི་གྲུབ་དོན་ཡིན་པ་བསྙོན་དུ་མེད་ལ། མ་ཚད་སྔོན་དུ་བོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཅིག་གི་རྒྱལ་པོས་རང་ཉིད་ཀྱི་བུ་ལ་མངའ་དབང་སྤྲོད་ཉིན་བུས་ཁྱེད་ཀྱི་ནམ་ཡང་སེམས་ལ་འཇོག་དགོས་པའི་བསླབ་བྱ་གལ་ཆེན་ཞིག་ནི། ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་དེ་བོད་དང་རྒྱ་ནག་ཡིན་ལ། སྤྱིར་བོད་མི་རིགས་འདི་དཔའ་མཛངས་རྟུལ་ཕོད་ཅན་གྱི་རིགས་རྒྱུད་ཅིག་ཡིན་རུང། ཤེས་ཡོན་དང་འཇོན་ཐང་ཡོད་པའི་མི་ཞིག་བྱུང་ན་ལམ་སེང་བོད་པ་རང་གིས་འབུར་འཇོམས་བྱེད་འགྲོ་བས་ཁྱེད་ནམ་ཡང་བོད་མིར་འཇིགས་མི་དགོས་ཀྱང། རྒྱ་ནག་དེ་འདྲའི་དཔའ་མཛངས་ཅན་གྱི་མི་རིགས་ཤིག་མིན་ནའང་ཤེས་འཇོན་གྱིས་ཕྱུག་པའི་མི་ཞིག་བྱུང་ན་ཀུན་གྱིས་དེ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པས་མི་རིགས་དེ་ལ་གཟབ་དགོས་ཞེས་གསུངས་འདུག་པ་ནི་གནད་དུ་ཁེལ་བའི་གདམས་ངག་ཅིག་ཅི་ལ་མིན།

རེད་ཡ། བསམ་ཤེས་ཀྱིས་ཕྱུག་པའི་སྤུན་ཟླ་ཚོ། ང་ཚོའི་མེས་པོ་གོང་མས་བཞག་པའི་བག་ཆགས་རྙིང་པ་དེ་རིགས་ནམ་ཡང་ང་ཚོས་འཆི་མའི་ཐལ་བ་བཞིན་རིང་དུ་འདོར་དགོས་ཀྱང། ད་དུང་བསམ་མེད་ཅོལ་ཆུང་འགས་མི་རིགས་འདི་ཡི་གོད་ཆག་དག་ལ་བསམ་གཞིག་ཏིལ་འབྲུ་ཙམ་ཡང་མེད་པར། འདི་ནི་གངས་ཆུ་དང་རྫ་ཆུ། འདི་ནི་ཕྱུག་པོ་དང་དབུལ་པོ་ཞེས་སོ་སོར་འཛིན་པ་ནི། ཆེས་ལོ་རྒྱུས་ཀྱི་ཕམ་ཁ། རྨོངས་དད་ཀྱི་ངང་ཚུལ་འབའ་ཞིག་ལས་མ་འདས་ལ། གལ་ཏེ་ཁྱིམ་ཚང་དེ་དང་མི་རྒྱུད་དེ་དག་ཡིན་པ་ཙམ་གྱིས་ང་ཚོ་བོད་པ་ཚང་གི་མངོན་འདོད་འགྲུབ་ཐུབ་སྙམ་ན། དེ་ནི་ཤིན་ཏུ་ནོར་འཁྲུལ་ཏེ། ཁྱིམ་ཚང་དེ་དང་མི་རྒྱུད་དེ་དག་བཙན་བྱོལ་ནས་གསར་དུ་བྱུང་བ་མ་ཡིན་པར་བོད་ས་རང་ལ་དབང་བའི་དུས་ནས་ཡོད་ལ། མ་ཚད་ལོ་ངོ་མང་པོའི་རིང་ལ་བོད་གཞུང་རྙིང་པའི་གཞུང་ཞབས་ཡིན་རབས་འདུག་ཀྱང་བོད་ཡུལ་རྒྱ་མིས་ཕྲོགས་འདུག་ལ། བོད་མི་རྒྱ་མིས་བསད་འདུག

རེད་ཡ། བསམ་ཤེས་ཀྱིས་ཕྱུག་པའི་སྤུན་ཟླ་ཚོ། ད་ནས་ང་ཚོས་ལྟ་བ་རྙིང་པ་ཞིག་དང་བག་ཆགས་ངན་པ་ཁོ་ནར་རྩིས་སུ་མི་བྱེད་པར་མ་འོངས་བོད་མིའི་བདེ་སྡུག་ལ་སྨན་པའི་གལ་འགངས་ཅན་གྱི་བཀའ་ཁྲི་དམ་པ་ཞིག་ཅི་ནས་ཀྱང་དགོས་གལ་ཆེ་བ་ཀུན་གྱིས་མཁྱེན་གསལ་ལྟར། ཁོ་བོ་ཡང་ཟག་བཅས་ཀྱི་ཕུང་པོ་འདི་ཉིད་འབྱུང་བཞིའི་ངང་དུ་མ་འཐིམ་བར། བོད་མིའི་བདེ་སྡུག་ནི་ནམ་ཡང་རང་ཉིད་ཀྱི་བདེ་སྡུག་ཅིག་ལ་ངོས་འཛིན་ཡོད་པའི་གངས་ཕྲུག་ཅིག་གི་ཆ་ནས། དེ་དག་ལ་སྣང་མེད་དུ་མི་གཏོང་བར་བསམ་གཞིག་དུ་མ་ཞིག་བྱས་མཐར། ད་ལྟའི་དུས་འདིར་ཤེས་ཡོན་འཇོན་ཐང་སོགས་ཕྱོགས་གང་ནས་བལྟས་ཀྱང་གཞིས་བྱེས་གཉིས་ན་གཟུ་བོའི་བློས་དཔྱད་ན་མཁས་དབང་བློ་བཟང་སེང་གེ་ལས་ལྷག་པ་ཞིག་མེད་ངེས་པས། ང་ཚོའི་ཁ་གཏད་ལས་རྣམ་པར་རྒྱལ་དགོས་ན་ཚང་མས་རང་ལ་དབང་བའི་འོས་ཤོག་དེ་དོན་མེད་ཆུད་ཟོས་མ་གཏོང། དེ་མིན་རང་ཉིད་ཀྱི་མགོ་བོ་ཁྱོགས་ཙམ་ཞིག་གིས་འགྲིག་ན་ཅི་དགར་མཛོད།།

{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།