རང་དབང་གི་ཉི་གཞོན་བསུ་བའི་སྐྱ་རེངས།

རང་རེ་ཁ་བའི་ལྗོངས་ཀྱི་གཞོན་སྐྱེས་རྣམས་དང་རྒྱལ་ཁམས་རིག་པས་བསྐོར་བའི་བསམ་བློ་བ་རྣམས་གཞན་ཡང་ཞེན་ཁོག་གི་དྲི་མ་མེད་ཅིང་ཕྱོགས་རིས་ཀྱི་གདོན་གྱིས་མ་ཟིན་པའི་བོད་གངས་ཅན་པའི་སྤུན་ཟླ་རྣམ་པ་ལོངས་དང༌། ང་ཚོ་འོས་ཤོག་བླུག་ཏུ་འགྲོ། ང་ཚོ་བོད་གངས་ཅན་པའི་མ་འོངས་པའི་མདུན་ལམ་གྱི་རེ་ལྟོས་བཅོལ་ས་དུས་རབས་ཀྱི་དཔའ་བོ་མཁས་དབང་བློ་བཟང་སེངྒེ་མཆོག་ལ་འོས་ཤོག་བླུག་ཏུ་འགྲོ། སྤུན་ཟླ་རྣམ་པ་སོམས་དང༌།

ལོ་ངོ་བཅུ་ཕྲག་འགའ་ཡི་ཡར་སྔོན་དུ་མཁས་དབང་དགེ་འདུན་ཆོས་འཕཻལ་མཆོག་གིས་བོད་གངས་ཅན་པའི་མ་འོངས་པའི་མདུན་ལམ་ལ་བསམ་གཞིག་གནང་སྟེ། རང་དབང་དང་ཐོབ་ཐང་འདྲ་མཉམ་སོགས་མང་དག་ཅིག་བསྙད་དེ། ང་ཚོ་བོད་པ་ཚང་རྨོངས་པའི་གཉིད་ལས་སློང་བའི་སྟ་གོན་གནང་ན་ཡང༌། དྲང་བདེན་གྱི་རླུང་རྟ་ཉམ་ཞིང་གཡོ་ཟོལ་གྱི་དཔུང་ཤེད་རྒྱས་པས་རང་གི་རྐུབ་སྟེགས་དང་རང་གི་ཕོར་ཁ་ལས་ཅི་ཡང་མཐོང་མ་མྱོང་བའི་དབང་འཛིན་པའམ་སྒེར་གཅོད་པ་དག་གིས་ཁོང་ལ་ཉེས་མེད་སྙད་འདོགས་དང་སྐྱོན་མེད་སྐྱོན་འཛུགས་བྱས་ཏེ་མུན་ཁང་དུ་བརྫངས། དེ་ནས་བཟུང་སྟེ་རང་རེ་གངས་ཅན་པའི་དུས་རབས་ཀྱི་གོམ་ཁ་དང་པོ་དེ་འཆུག་པ་རེད།

སྤུན་ཟླ་ཚོ། དེ་ནི་ཤེས་ཡོན་ཅན་ལ་མཐོང་ཆེན་མེད་པ་དང༌། རྙིང་ཞེན་གྱི་སྙིང་ལྤགས་མཐུག་པའི་རྒྱུ་མཚན་གྱིས་རེད་དེ་ཁོང་ལ་ཕུལ་དུ་བྱུང་བའི་ཤེས་ཡོན་དང་གསར་བཏོད་ཀྱི་བསམ་བློ་མངའ་བས་སོ། །དེ་ཡི་རྗེས་སུ་གཡོ་ཅན་དར་དམར་གྱི་གཡབ་མོས་གངས་རིའི་རང་མདངས་བསྒྲིབས་ཤིང༌། གདུག་རྩུབ་སྐར་ལྔའི་སོ་ཁས་གངས་ཅན་པའི་སྙིང་ཁམས་གཤག་དུས། གཅིག་སྒྲིལ་གྱི་སྟོབས་ཤུགས་ཞེན་ཁོག་གི་ལྕགས་སྒྲོགས་ཀྱིས་བཅིངས་པས། ཨ་མདོ་བ་རྣམས་རྒྱ་དམར་གྱིས་བཅོམ་དུས་ཁམས་པ་དང་དབུས་གཙང་བས་ལྟད་མོ་བལྟས། རིམ་བཞིན་ཁམས་པ་རྣམས་བཅོམ་དུས་དབུས་གཙང་བས་ལྟད་མོ་བལྟས་ཏེ་མཐའ་མཇུག་གི་གྱོང་གུད་དེ་མི་ལོ་ལྔ་བཅུའི་རིང་ལ་ཕ་ཡུལ་གཞན་ལ་ཤོར། ཕ་མཁར་རྩེ་ནས་བཤིགས། ཕ་ཟོག་གནང་ལ་གཅད་པ་མ་ཟད། བོད་གངས་ཅན་པའི་སྐྱེ་བོ་ཁྲི་སྟོང་མང་པོས་མི་ཡུལ་གྱི་དམྱལ་ཁམས་འགྲིམ་དགོས་བྱུང་བ་ཡང་གཅིག་སྒྲིལ་གྱི་སྟོབས་ཤུགས་ཞེན་ཁོག་གི་ལྕགས་སྒྲོགས་ཀྱིས་བཅིངས་པས་རེད། སྤུན་ཟླ་ཚོ། དེ་ནས་བཟུང་ཡང་ང་ཚོའི་མདུན་སྐྱོད་ཀྱི་གོམ་ཁ་གཉིས་པ་དེ་འཆུག་པ་རེད། དེ་དང་དེ་ལ་སོགས་པ་ཤེས་ཡོན་ཅན་ལ་མཐོང་ཆེན་མེད་པ། རྙིང་ཞེན་གྱི་བག་ཆགས་མཐུག་པ། ཆོལ་ཁའི་དབྱེ་འབྱེད་ཆེ་བ། ཆོས་ལུགས་ཕྱོགས་རིས་བྱེད་དྲགས་པ་སོགས་ཀྱིས་བསམ་ན་སེམས་ན་བ་དང༌། བཤད་ན་ངོ་ཚ་དགོས་པའི་གཏམ་རྒྱུད་མང་པོ་མང་པོ་བྱུང་བ་དག་ལ་ཕྱི་མིག་བལྟས་ཏེ། བོད་གངས་ཅན་པའི་མ་འོངས་པའི་མདུན་ལམ་ལ་བསམ་གཞིག་གནང་སྟེ། ཕྱོགས་རིས་དང་ཞེན་ཁོག་གི་དབང་དུ་མ་སོང་བའི་འོས་ཤོག་ཅིག་བླུགས་རོགས་གནང༌། སྤུན་ཟླ་ཚོ། མཁས་དབང་བློ་བཟང་སེངྒེ་ཁོང་ལ་བསམས་ན་ལྷག་བསམ་དང་སྙིང་སྟོབས་ཀྱི་རྩ་བ་བརྟན་ཅིང༌། སྲོལ་རྒྱུན་རིག་གནས་ཀྱི་ལོ་འདབ་རབ་ཏུ་རྒྱས་པ་མ་ཟད། དེང་དུས་རིག་གསར་གྱི་མེ་ཏོག་རྣམ་པར་བཀྲ་བ་དང༌། མཛད་བཟང་གི་ཟེའུ་འབྲུ་རབ་ཏུ་དགོད་པས་ང་ཚོའི་རེ་འདོད་ཀྱི་འབྲས་བུ་སྨིན་ངེས་རེད།

སྤུན་ཟླ་ཚོ། ཁོང་ལ་སྤྱིར་ད་ལྟའི་འཛམ་གླིང་གི་གནས་སྟངས་དང་བྱེ་བྲག་ཏུ་བཙན་བྱོལ་བོད་གཞུང་གི་ལས་ཁུངས་ཆེ་ཕྲ་ཁག་དང༌། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་ཆ་རྒྱུས་དང༌། ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན་པ་དང༌། ཁོང་ནི་འཁོས་ཆུང་སོ་ནམ་པའི་བུ་ཕྲུག་ཅིག་ཡིན་གཤིས་མི་མང་གི་གནས་སྟངས་དང་གཞིས་ཆགས་ཀྱི་འཚོ་བའི་ཆ་རྐྱེན་སོགས་ལ་རྒྱུས་མངའ་ཆེ་བ་མ་ཟད། རྒྱ་ནག་ལ་སོགས་པའི་ཕྱོགས་མཐའི་རྒྱལ་ཁབ་ཁག་གི་མཁས་དབང་བརྒྱ་ཕྲག་དུ་མ་དང་འབྲེལ་འདྲིས་ཤིན་ཏུ་ཟབ་པ་དང༌། ད་དུང་ཁོང་ལ་གསར་བཏོད་ཀྱི་སྙིང་སྟོབས་དང་མི་རིགས་ཀྱི་ལ་རྒྱ་སོགས་མདོར་ན་ཤེས་ཡོན་དང་ཉམས་མྱོང་སྙིང་སྟོབས་ལྷག་བསམ་ཕུལ་དུ་བྱུང་བའི་གཞོན་སྐྱེས་ཀྱི་མཁས་དབང་བློ་བཟང་སེངྒེ་ལ་ང་ཚོས་རེ་བ་རྒྱག་ས་མ་ནོར་བ་ཞིག་དང་མ་འཆུག་པ་ཞིག་རེད། སྤུན་ཟླ་ཚོ། སྔར་ཨ་མདོ་སྟག་འཚེར་དུ་སོ་ནམ་པའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐུ་འཁྲུངས་པའི་བྱིས་པ་ཆུང་ཆུང་ཞིག་དེང་གི་ཆར་འཛམ་གླིང་གི་སྐྱེ་བོ་རྒན་གཞོན་ཀུན་གྱིས་གཙུག་ཏུ་བཀུར་ཏེ་ཏ་ལའི་བླ་མ་ཞེས་པའི་མཚན་སྙན་གྱི་བ་དན་བླ་ན་མཐོ་བ་དང་འདི་ང་ཚོའི་གཟི་བརྗིད་དང་སྤོབས་པ་རེད་ལ། དེ་དང་ཆབས་ཅིག་མཁས་དབང་བློ་བཟང་སེངྒེ་ཡང་སོ་ནམ་པའི་ཁྱིམ་གཞིས་ཞིག་ནས་འཚར་ལོང་བྱུང་སྟེ་ཕུལ་དུ་བྱུང་བའི་མཐོ་རིམ་སློབ་གྲྭ་དུ་མ་འགྲིམས་ནས་མཐར་ཨ་རིའི་ཧ་ཝར་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་མཁས་དབང་གི་མཚན་གནས་བཞེས་པ་དང༌། ཨེ་ཤ་ཡའི་རྒྱལ་ཁབ་དུ་མའི་དབུ་འཛིན་དུ་འདེམས་ཐོན་བྱུང་བ། ད་ལྟ་བོད་གངས་ཅན་པའི་མ་འོངས་པའི་མདུན་ལམ་ལ་ཐུགས་བསམ་བཞེས་ནས་བཀའ་བློན་ཁྲི་པའི་འོས་མི་ལ་ལང་པ་འདི་ཡང་ང་ཚོ་བོད་པ་ཚང་གི་མི་རབས་རྒན་པ་རྣམས་ཐུགས་སེམས་ལྷོད་ལ་བབ་དགོས་པ་དང༌། གཞོན་སྐྱེས་རྣམས་ཀྱི་སེམས་ཤུགས་དང་སྙིང་སྟོབས་རྒྱས་དགོས་པའི་གཟི་བརྗིད་སྔར་ལས་ཀྱང་ཆེ་བར་གྱུར་པ་ཞིག་ཅིས་མ་ཡིན། སྤུན་ཟླ་ཚོ། གལ་སྲིད་ཁོང་ལ་བཀའ་བློན་ཁྲི་པའི་འོས་ཐོབ་པ་ཡིན་ན་༧གོང་ས་མཆོག་ཐུགས་དགྱེས་ངེས་ལ། རྒྱ་ནག་དམར་ཤོག་ཚོགས་པའི་སྒེར་གཅོད་པ་དག་གིས་༧གོང་ས་མཆོག་གིས་གཙོས་མི་རབས་རྒན་པ་རྣམས་མཇུག་རྫོགས་པའི་བསམ་ངན་གྱི་རེ་སྒུག་དེ་ཡང་སྟོང་ཟད་དུ་གྱུར་པ་ཞིག་ཡོང་ངེས། ཁོ་བོས་གོང་དུ་ཅི་ཞིག་བཤད་པ་དེ་ཐམས་ཅད་ཀྱང་བོད་གངས་ཅན་པའི་མ་འོངས་པའི་མདུན་ལམ་ལ་བསམ་གཞིག་བྱས་ཏེ་ལྷག་བསམ་ཁ་བཏགས་དཀར་པོ་ཞིག་གི་ཚབ་ཏུ་ཕུལ་བ་ལས་བཀའ་བློན་ཁྲི་པའི་འོས་མི་སུ་ལའང་ཕྱོགས་རིས་དང་ཞེན་ཁོག་བྱེད་དགོས་དོན་ཅི་ཡང་མེད་པའི་ཕྱིར། མཐའ་དོན་ལ་༧གོང་ས་མཆོག་སྐུ་ཚེ་བརྟན་ཅིང་མཁས་དབང་བློ་བཟང་སེངྒེ་མཆོག་བཀའ་ཁྲིར་ཕེབས་ནས་བོད་གངས་ཅན་པའི་བདེན་མཐའ་མྱུར་དུ་གསལ་བའི་རེ་སྨོན་བརྒྱ་ཕྲག་དང་བཅས་གུས་པས་ཕུལ།
ལྷོ་ཕྱོགས་རྣམ་གྲོལ་གླིང་གི་བཤད་གྲྭའི་སློབ་གཉེར་བ་ཚུལ་ཁྲིམས་ཟླ་བ་ནས།

༈ མཁྱེན་ལྡང་བང་ཆེན་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་མཆོག་ལ་འཚམས་འདྲི་ཞུ་རྒྱུ་དང་འབྲེལ་རྩོམ་འདི་ཉིད་
བོད་ཀྱི་བང་ཆེན་དུ་དགོད་ཐུབ་པའི་རེ་སྐུལ་བཅས་བསོད་ནམས་རྒྱལ་མཚན་གྱིས་རྣམ་གྲོལ་གླིང་ནས་ཕུལ།
སྤྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༡ ཉིན་ཕུལ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།