ཡུལ་ཁྲིམས་བརྩི་སྲུང་དང་མི་མང་སྲུང་སྐྱོབ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༢༡
བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཁྲིམས་ལུགས་བརྩི་སྲུང་བྱེད་རྒྱུའི་གོམས་གཤིས་ཀྱིས་མ་འདང་བའི་གནས་ཚུལ་བརྗོད་མཁན་བོད་གཞུང་གི་དབུ་ན་བཞུགས་མཁན་རྣམས་ཀྱིས་གཙོས་ཕྱི་ནང་གི་མི་སྣ་གང་མང་ཞིག་ཡོད་པ་དང་། ཕྱོགས་ཡོངས་ནས་བཤད་ཚུལ་དེ་བདེན་པ་ཡིན་མིན་གང་ལྟར་ཡང་། ཕྱོགས་རེ་ཟུང་ནས་བལྟས་ན་ད་ལྟའི་ཆར་གནས་ཚུལ་དེ་དངོས་བདེན་དུ་གྱུར་ཡོད་པའང་དཔང་རྟགས་རེ་ཟུང་གི་ཐོག་ནས་ར་སྤྲོད་བྱེད་ཐུབ།

ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་མི་མང་དཀྱུས་མ་ཞིག་ལ་མཚོན་ན་རང་ཉིད་ལ་དགོས་ངེས་ཀྱི་ཡིག་ཆ་ཁག་མི་རག་པའི་དཀའ་ངལ་ཆེ་བ་དང། རག་པ་དེ་དག་གིས་ཀྱང་འདོད་པ་དང་མཐུན་པའི་ཕན་ཐོགས་མ་བྱུང་བ་སོགས་ལ་བརྟེན་ནས་ཡིག་ཆ་འདྲ་མིན་རྫུན་བཟོ་བྱེད་མཁན་ཡོང་གི་ཡོད་ཚུལ་འདུག ཡིག་ཆ་དེ་དག་ཀྱང་བོད་པ་གཅིག་པུ་ཙམ་མ་ཡིན་པར་རྒྱ་གར་བ་གཙོས་པའི་མི་རིགས་གཞན་དག་མང་པོ་ཞིག་མཉམ་རུབ་ཀྱི་ཐོག་ནས་བཟོ་བཞིན་མེད་དམ་བསམ་པའི་གནས་ཚུལ་ཞིག་མཐོང་ཐོས་ཀྱི་ཡུལ་དུ་གྱུར་ཡོད་པ་རེད། ཉེ་བའི་ཆར་༸རྒྱལ་དབང་ཀརྨ་པའི་དོན་རྐྱེན་དང་འབྲེལ་བའི་གནད་དོན་ལ་བརྟེན་ནས་ཧི་མ་ཅལ་མངའ་སྡེའི་བློན་ཆེན་མཆོག་གིས་ཁྲིམས་ལུགས་བརྩི་སྲུང་དགོས་པའི་འབོད་སྐུལ་ཞིག་གནང་ཡོད་པ་དང་། དེའི་ཤུགས་བསྟན་ཁྲིམས་ལུགས་ལ་དེ་ཙམ་བརྩི་སྲུང་བྱེད་ཀྱི་མེད་པ་དེ་གསལ་སྟོན་བྱས་པ་རེད། དེར་བརྟེན་བོད་པ་ཚོའི་ངོས་ནས་ཀྱང་ཡུལ་ཆུ་འཐུང་ནས་ཡུལ་ཁྲིམས་ཁུར་དགོས་པ་དེ་ཧ་ཅང་གལ་ཆེ་བ་ཤེས་པའི་ཐོག་ནས་དེའི་སྐོར་ལ་དོ་སྣང་སྔར་ལྷག་བྱེད་དགོས་པར་གྱུར་ཡོད། གནད་དོན་འདི་གནས་སྐབས་ཀྱི་འཚོ་ཐབས་དང་བདེ་སྡུག་ཁོ་ན་ཙམ་ལ་བརྟེན་ནས་མ་ཡིན་པར། བོད་མི་རིགས་ཤིག་དང་བོད་རྒྱལ་ཁབ་ཅིག་གི་ལ་རྒྱ་དང་འབྲེལ་བའི་གནད་དོན་ཞིག་ཏུ་ངོས་འཛིན་གྱིས་བོད་མི་རིགས་དང་༸གོང་ས་༸མཆོག་གི་མཚན་དང་ལ་རྒྱར་མི་གནོད་པ་ཞིག་བྱེད་དགོས་པ་ནི། བཙན་བྱོལ་བོད་པ་ཡོངས་ཀྱི་འགན་འཁྲི་ཁོ་ནར་གྱུར་ཡོད། ད་ལྟའི་ཆར་རྒྱ་གར་གྱིས་གཙོས་བོད་པ་རྣམས་མང་ཆེ་བ་སྐྱབས་བཅོལ་གྱི་ངོ་བོའི་ཐོག་ཏུ་གནས་ཡོད་སྟབས་རང་དབང་ཅན་གྱི་རྒྱལ་ཁབ་ཅིག་གི་མི་སེར་གྱི་བསམ་བློ་གཏོང་སྟངས་དང་། དེ་དག་གི་བྱེད་སྟངས་ལ་མིག་དཔེར་བལྟ་འོས་པ་ཞིག་གཏན་ནས་མིན། དེར་བརྟེན་རང་ཉིད་ཀྱི་རང་ཉིད་ངོ་ཤེས་དགོས་པ་དང་། ལྷག་པར་དུ་རྒྱལ་ཁབ་ཤོར་བ་དང་རང་བཙན་མེད་པའི་གནས་སྟངས་འོག་རྒྱལ་ཁབ་གཞན་ཞིག་དང་མི་རིགས་གཞན་ཞིག་ལ་སྐྱབས་བཅོལ་ནས་བསྡད་ཡོད་པའི་འདུ་ཤེས་དེ་མ་བརླགས་པ་བྱ་རྒྱུ་གལ་ཆེ་སྙམ།

སྤྱིར་འཛམ་བུའི་གླིང་གི་ཁྲིམས་ལྡན་གྱི་རྒྱལ་ཁབ་ཅིག་གི་མི་སེར་ལ་མཚོན་ན་ཡུལ་གྱི་བདེ་འཇགས་ཀྱི་ཆེད་དུ་རྒྱལ་ཁྲིམས་ལ་བརྩི་སྲུང་ཞུ་དགོས་པ་དང། རྒྱལ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་འཚོ་གནས་དང་རང་ཉིད་ཀྱི་མདུན་ལམ། རང་ཉིད་ཀྱི་ཐོབ་ཐང་བཅས་སྲུང་སྐྱོབ་བྱ་རྒྱུའི་ཁོར་ཡུག་ཀྱང་ཡོད་པ་ཤེས་གསལ་རེད། ད་ལྟའི་ཆར་བོད་པ་སྐྱབས་བཅོལ་བ་རྣམས་ལ་སྐྱབས་བཅོལ་བའི་གནས་སྟངས་ཤིག་གི་འོག་ནས་འཐོབ་འོས་པའི་ཐོབ་ཐང་ཁག་འཐོབ་དཀའ་བ་དང་། རང་ཉིད་ཀྱི་ཐོབ་ཐང་དང་མདུན་ལམ་སྐོར་ལ་ཁྲིམས་ལུགས་ཀྱི་ཐོག་ནས་སྲུང་སྐྱོབ་ཐུབ་པའི་རེ་བ་དང་ཡིད་ཆེས་བྱེད་པ་ནི། གནས་ཡུལ་གཞུང་ལ་ངོ་སོ་ཆེ་བའི་གནད་ཡོད་མི་སྣ་རེ་ཟུང་ཞིག་ལས་མེད། ཕྱོགས་གཅིག་ནས་བོད་པ་ཚོས་ཡིག་ཆ་ཆུང་ཙག་ཅིག་བཟོ་བའི་སྐབས་ཀྱང་ས་གནས་ཉེན་རྟོག་མི་སྣ་སོགས་འབྲེལ་ཡོད་རྣམས་ལ་ལྐོག་རྔན་སྤྲོད་རྒྱུའི་ལུགས་སྲོལ་ངན་པ་ཞིག་ཡོད་པ་དེ་མི་འོས་པ་ཞིག་ཡིན་ཀྱང། ཕྱོགས་གཞན་ཞིག་ནས་བཤད་ན་རང་ཉིད་ལ་ཐོབ་དགོས་པའི་ཡིག་ཆ་དང་རྒྱབ་གཉེར་དེ་དག་མ་ཐོབ་ན་ཁྲིམས་ལུགས་ཀྱི་ཐོག་ནས་རྩོད་ལེན་བྱེད་ཡུལ་རག་རྒྱུ་ནི་ཧ་ཅང་དཀའ་ངལ་གྱི་རང་བཞིན་ཞིག་ཏུ་གྱུར་ཡོད་པས། དེ་ལྟར་མི་བྱེད་ཀ་མེད་དུ་གྱུར་པའང་གྲགས་ཤིང་གྲུབ་པ་ཞིག་རེད། དེ་ཡང་རྒྱ་གར་ཙམ་མ་ཡིན་པར་བལ་ཡུལ་ནས་ཀྱང་བོད་མི་གང་མང་ཞིག་ལ་དཀའ་ངལ་རབ་དང་རིམ་པ་འཕྲད་བཞིན་ཡོད་མོད། དེ་དག་ལ་ཁྲིམས་ཐོག་ནས་སྲུང་སྐྱོབ་འཐོབ་མི་སྲིད་ལ། འཐོབ་རྒྱུའི་རེ་བ་ཙམ་ཡང་རྒྱག་མཁན་ནི་ཧ་ཅང་དཀོན་པོར་གྱུར་ཡོད། དེར་བརྟེན་ཁྲིམས་ལུགས་དེ་ཉི་མ་དང་འདྲ་བར་ཀུན་སྙོམས་ཤིག་ཡིན་པའི་དབང་དུ་བཏང་ན། སྐྱབས་བཅོལ་བོད་མི་ཕལ་བ་རྣམས་ནི་ཁ་བྱང་བསྟན་གྱི་བྲག་ཕུག་དང་འདྲ་བར་དུས་ནམ་ཡང་ཉི་མ་འཆར་མི་ཐུབ་པ་ལྟ་བུར་གྱུར་ཡོད་ཅེས་བརྗོད་ན་ཅུང་ཙམ་ཐལ་ཆེ་ཡོད་སྲིད་ཀྱང། རྒྱ་གར་གཞུང་དང་བཙན་བྱོལ་བོད་གཞུང་གི་དཔོན་རིགས་མཐོ་གྲས་རྣམས་ཀྱི་སྤྱན་གྱིས་མི་གཟིགས་ས་དང། སྙན་གྱིས་མི་གསན་ས་ན་བཙན་བྱོལ་བོད་མི་སྐྱོ་པོ་རྣམས་ལ་ཉེ་འཁོར་འགྲུལ་བཞུད་ལྟ་བུའི་སྐབས་ཀྱང་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད། མདོར་བསྡུས་ན་སྐྱབས་བཅོལ་བོད་མི་རྣམས་ཀྱིས་ཡུལ་ཁྲིམས་ལ་བརྩི་སྲུང་བྱེད་དགོས་པ་དེ་ཕྲག་ཏུ་བབས་པའི་ལས་འགན་ཞིག་ཏུ་ངོས་འཛིན་བྱེད་དགོས་པ་དང།  བཙན་བྱོལ་གཞུང་གི་དཔོན་རིགས་དང་དང་མི་མང་གི་ངོས་ནས་ཁྲིམས་ལུགས་ཀྱིས་རང་ཉིད་ལ་སྲུང་སྐྱོབ་བྱེད་ཐུབ་པའི་ཐབས་ཤེས་འཚོལ་དགོས་པ་དེ་ལ་ཡང་དོ་སྣང་གཏན་ནས་བརླག་མི་རུང་བ་ཞིག་ཏུ་གྱུར་ཡོད།།

{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།