མདོ་སྟོད་སྤྱི་འཐུས་འོས་མི་དབྱངས་ཅན་སྒྲོལ་དཀར་ལ་བཅར་འདྲི།

yangchen dolkar shilongགུས་མོ་རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་ཆབ་སྲིད་མི་སྣ་དང་འབྲེལ་བ་ཆེན་པོ་ཡོད་སྟབས། རྒྱ་གར་བྱང་ཤར་ཁུལ་དུ་བོད་ཀྱི་རྩ་དོན་དྲིལ་བསྒྲགས་ཐོག་དམིགས་བསལ་ཤུགས་སྣོན་རྒྱག་རྒྱུའི་དམ་བཅའ་བརྟན་པོ་ཡོད།

དྲི་བ། ༡ སྐུ་ཉིད་སྤྱི་འཐུས་ཀྱི་འོས་མིར་ལངས་དགོས་པའི་རྒྱུ་མཚན་གསུང་རོགས།

༡ ལན།  ད་ལྟ་བོད་ཆགས་འཇིག་གི་སྐབས་འདིར་ང་ཚོ་བོད་ཕྱི་ནང་དུ་འཚར་ལོངས་འབྱུང་བཞིན་པའི་གཞོན་སྐྱེས་ཚོར་ལས་འགན་དམིགས་བསལ་ཞིག་ཡོད་པ་དང། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་གི་བཀའ་དྲིན་ལ་བརྟེན། རང་ལ་དེང་དུས་ཀྱི་སློབ་སྦྱོང་མི་ཉུང་བ་ཞིག་ཐོབ་ཡོད་སྟབས། བོད་བསྟན་པ་ཆབ་སྲིད་ཀྱི་ཞབས་འདེགས་ཞུ་རྒྱུ་ང་ཚོ་བོད་མིའི་ལས་འགན་རེད། ད་བར་རང་ཉིད་ཀྱི་འཇོན་ཐང་ལ་དཔག་པའི་ལས་འགན་ཧུར་ཐག་ཞུས་ཡོད། མ་འོངས་སྤྱི་འཐུས་སུ་འོས་འདེམས་བྱུང་ཚེ། བོད་སྤྱིའི་རྩ་དོན་གཞི་རྩར་བཞག་ཐོག་རང་གི་ནུས་པ་གང་ཡོད་སྤུངས་རྒྱུའི་དམ་བཅའ་བརྟན་པོ་ཡོད་སྟབས། བོད་ཀྱི་རྩ་དོན་སྒྲུབ་སླད་སྤྱི་འཐུས་ཀྱི་འོས་མིར་ལངས་པ་ཡིན།       

དྲི་བ། ༢ སྐུ་ཉིད་ལ་འོས་ཐོབ་ན་ལས་དོན་གཙོ་བོ་གང་ལ་ཤུགས་སྣོན་རྒྱག་རྩིས་ཡོད་དམ།

༢ ལན།  གལ་ཏེ་གུས་མོ་སྤྱི་འཐུས་སུ་འོས་འདེམས་བྱུང་ཚེ། བོད་སྤྱི་པའི་སྤྱི་མི་ཚད་ལྡན་བྱས་ཐོག  བོད་ཀྱི་ཆབ་སྲིད་དཀའ་ངལ་སེལ་སླད་སྤྱི་འཐུས་ལ་འཁྲི་བའི་ལས་འགན་དང་། བོད་མིའི་ཤེས་ཡོན་གོང་འཕེལ། བཙན་བྱོལ་བོད་མིའི་འཚོ་བའི་དཀའ་ངལ་སེལ་སླད་ལ་ཤུགས་སྣོན་རྒྱག་རྒྱུ་མ་ཟད། གུས་མོ་རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་ཆབ་སྲིད་མི་སྣ་དང་འབྲེལ་བ་ཆེན་པོ་ཡོད་སྟབས། རྒྱ་གར་བྱང་ཤར་ཁུལ་དུ་བོད་ཀྱི་རྩ་དོན་དྲིལ་བསྒྲགས་ཐོག་དམིགས་བསལ་ཤུགས་སྣོན་རྒྱག་རྒྱུའི་དམ་བཅའ་བརྟན་པོ་ཡོད།

དྲི་བ། ༣ སྐུ་ཉིད་ཀྱིས་འདས་པའི་གྲོས་ཚོགས་ནང་མ་འགྲིག་ས་གཙོ་བོ་དང་འཐུས་ཤོར་ཕྱིན་པ་གཙོ་བོ་ག་རེ་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ། དེའི་ཐོག་དགོངས་ཚུལ་ག་རེ་ཡོད།

༣ ལན།  སྤྱིར་བཏང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་ཐོབ་ཁོངས་གང་ནས་འདེམས་ཐོན་བྱུང་ཡང་། བོད་སྤྱིའི་རྩ་དོན་སྒྲུབ་མཁན་གྱི་སྡིངས་ཆ་གལ་ཆེན་ཞིག་ཡིན་པ་དང་། འདས་པའི་གྲོས་ཚོགས་ནང་སྐབས་རེ་ཆོས་ལ་མི་རྟོན་པར་གང་ཟག་ལ་རྟོན་པའི་གནས་ཚུལ་དེ་འདྲ་མཐོང་ཚུལ་བྱུང༌།  དེ་ནི་བཙན་བྱོལ་བོད་གཞུང་བཙུགས་པའི་དགོས་དོན་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཞི་རྩའི་དམ་བཅའ་དང་འགལ་བར་ངོས་འཛིན་ཞུ་བཞིན་ཡོད། གྲོས་ཚོགས་ནང་གནད་དོན་ག་རེ་བྱུང་ཡང༌། གང་ཟག་ལ་མི་རྟོན་པར་ཆོས་ལ་རྟོན་རྒྱུ་གལ་ཆེན་ཡིན་པར་ངོས་འཛིན་ཞུས་ཐོག མ་འོངས་པར་གནད་དོན་དེ་འདྲའི་ཐོག་ནུས་པ་སྤུངས་རྒྱུ་ཡིན།

དྲི་བ། ༤ གལ་སྲིད་༸གོང་ས་མཆོག་གིས་བོད་ཀྱི་སྲིད་ཀྱི་ཐུགས་འགན་མ་བཞེས་ཚེ་བཅའ་ཁྲིམས་ལ་བསྒྱུར་བཅོས་གང་དགོས་དང། ད་ལྟའི་བཅའ་ཁྲིམས་ནང་གི་སྡེ་སྲིད་ལྷན་ཚོགས་བསྐོ་སྟངས་ཐོག་དགོངས་ཚུལ་ག་རེ་ཡོད།

༤ ལན། རང་ཉིད་ཀྱི་བསམ་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་དུ་སྐུ་བལྟམས་པར་ངོས་འཛིན་ཞུས་ཐོག བགྲེས་ཡོལ་དུ་ཕེབས་རྒྱུ་མེད་པར་ངོས་འཛིན་ཞུ་བཞིན་ཡོད། འོན་ཀྱང་ད་ལྟ་༸གོང་ས་མཆོག་གི་དགུང་ནའི་བབ་དང་བསྟུན་ང་ཚོ་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་ཁག་གི་ལས་དོན་ཡོངས་རྫོགས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་འབྲེལ་ཡོད་གཞུང་ཞབས་རྣམ་པས་དེ་སྔ་དང་མི་འདྲ་བར་ཧུར་ཐག་ཞུ་དགོས་པའི་དུས་ལ་བབ་པར་ངོས་འཛིན་ཞུ་བཞིན་ཡོད། ལྷག་པར་༸གོང་ས་མཆོག་ལ་ཐུགས་སུན་ཞུ་རྒྱུ་ཉུང་དུ་བཏང་སྟེ།  ང་ཚོའི་ཕྲག་པར་ལས་འགན་ཆེ་ཙམ་ལེན་དགོས་པར་ངོས་འཛིན་ཞུ་བཞིན་ཡོད། གཞན་བཅའ་ཁྲིམས་ནང་གསལ་སྡེ་སྲིད་ལྷན་ཚོགས་སོགས་ཀྱི་གནད་དོན་ད་ལྟ་ཞུ་ཚོད་གང་ཡང་ཐིག་གིི་མི་འདུག        

དྲི་བ། ༥ ད་ཡོད་ཀྱི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་སྒྲིག་འཛུགས་ཀྱི་འགྲོ་སྟངས་དེ་མ་འགྲིག་པ་དང་འགྱུར་བ་གཏོང་དགོས་པ་དེ་འདྲ་གཟིགས་ཀྱི་ཡོད་དམ།

ལན། ༥ སྤྱིར་བཏང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་བོད་སྤྱིའི་སྒྲིག་འཛུགས་ཤིག་དང་། ལྷག་པར་བཙན་བྱོལ་བོད་གཞུང་ནི་ཆོས་སྲིད་གཉིས་ལྡན་གྱི་གཞུང་ཞིག་ཀྱང་ཡིན། ད་དུང་སྤྱི་འཐུས་ལྷན་ཚོགས་ནི་བོད་ཕྱི་ནང་གཉིས་ཀྱི་སྐུ་ཚབ་མཚོན་ནུས་པའི་སྒྲིག་འཛུགས་གལ་ཆེ་ཞིག་ལ་སོང་། ད་ལྟ་བཙན་བྱོལ་ནང་ཆོལ་ཁ་ཆོས་ལུགས་གང་གི་མི་འབོར་མང་ཉུང་ཡོད་མེད་ལ་ལྟོས་མེད།   སྤྱི་འཐུས་ལྷན་ཚོགས་ནང་ཐོབ་ཁོངས་འདྲ་འདྲ་ཡོད་པ་ནི་མང་གཙོའི་ཁྱད་ཆོས་གལ་ཆེན་ཞིག་ཆགས་ཡོད། དེར་བརྟེན། ད་ལྟའི་སྤྱི་འཐུས་ཡོང་ཁོངས་ལ་དམིགས་བསལ་བསྒྱུར་བཅོས་དགོས་པ་གང་ཡང་མཐོང་གི་མི་འདུག འོན་ཀྱང་ཡར་རྒྱས་ལ་མཐའ་མེད་སྟབས། མ་འོངས་པར་ད་ལྟའི་སྒྲོམ་གཞི་རང་འཇགས་ཐོག  དེ་དང་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་གི་མང་གཙོ་དང་མཐུན་པའི་བསྒྱུར་བཅོས་བྱ་དགོས་ལ་སྐབས་འཚམས་སོ་སོར་བསམ་ཞིབ་བྱ་རྒྱུ་ཡིན།།

{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།