བཀའ་བརྒྱུད་སྤྱི་འཐུས་འོས་མི་བསྟན་པ་ཡར་འཕེལ་ལ་བཅར་འདྲི།

tenpa yarphelམདོར་ན་འགན་ཁུར་ལྡན་པའི་བོད་གངས་ཅན་པའི་སྤྱི་མི་ཞིག་ཡིན་བསམ་པའི་འདུ་ཤེས་མ་འདོར་བར་བྱ་རྒྱུ་ནི་རྩ་བའི་དམ་བཅའ་ཞིག་ཏུ་བརྩི་བཞིན་པ་དེ་ཡིན།

དྲི་བ། ༡ སྐུ་ཉིད་སྤྱི་འཐུས་ཀྱི་འོས་མིར་ལངས་དགོས་པའི་རྒྱུ་མཚན་གསུང་རོགས།

ལན། ༡ གུས་པ་སྤྱི་འཐུས་སུ་ལངས་དགོས་པའི་རྒྱུ་མཚན་ནི། བོད་མི་རིགས་འདི་གཞིས་བྱེས་གཉིས་སུ་གྱེས་ནས་ལོ་ལྔ་བཅུ་ལྷག་འགྲོ་གི་ཡོད་པར་བརྟེན། གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་ཐད་རྩ་བའི་ཆ་ནས་ཡག་པོ་ཡོད་ཀྱང་གཞིས་བཞུགས་རྣམས་ཀྱི་རེ་བའི་མིག་འབུར་ཉག་གཅིག་དེ་བྱེས་འབྱོར་ཚོར་གཏད་ཡོད་ཀྱང་། བཙན་བྱོལ་དུ་འཚར་ལོང་བྱུང་བའི་བོད་མི་ཚོར་གཞིས་ལུས་མི་མང་གི་གནས་སྟངས་ངོ་མར་རྒྱུས་མངའ་དེ་ཙམ་མེད་པའི་རྒྱུ་མཚན་གྱིས་མ་འོངས་པར་གཞིས་བྱེས་གཉིས་ཀྱི་བར་སྟོང་ཇེ་ཆེར་འགྲོ་མི་སྲིད་པ་མིན་གཤིས། གུས་པར་བོད་ཕྱི་ནང་གཉིས་ཀར་རྒྱུས་མངའ་ཏོག་ཙམ་ཡོད་པ་འདིས་བོད་ཀྱི་རྩ་དོན་ལ་ཕན་པའི་ཞབས་འདེགས་དམིགས་བསལ་ཞིག་འགྲུབ་ན་བསམ་པ་དེ་ཡིན།

༢ སྐུ་ཉིད་ལ་འོས་ཐོབ་ན་ལས་དོན་གཙོ་བོ་གང་ལ་ཤུགས་སྣོན་རྒྱག་རྩིས་ཡོད་དམ། 

ལན། ༢ གུས་པར་འོས་ཐོབ་པ་ཡིན་ན། བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་གཞི་རྩ་བོད་རིགས་ནང་ཁུལ་མཐུན་ལམ་དང། གཙོ་བོ་བོད་རིགས་གཞོན་སྐྱེས་ཚོའི་བསམ་བློའི་ནུས་པ་དང་ཁ་ཕྱོགས་གཅིག་ཏུ་སྤུངས་ཐབས་ཡོང་བར་འབད་བརྩོན་བྱ་རྒྱུ་སོགས། མདོར་ན་འགན་ཁུར་ལྡན་པའི་བོད་གངས་ཅན་པའི་སྤྱི་མི་ཞིག་ཡིན་བསམ་པའི་འདུ་ཤེས་མ་འདོར་བར་བྱ་རྒྱུ་ནི་རྩ་བའི་དམ་བཅའ་ཞིག་ཏུ་བརྩི་བཞིན་པ་དེ་ཡིན།

༣ སྐུ་ཉིད་ཀྱིས་འདས་པའི་གྲོས་ཚོགས་ནང་མ་འགྲིག་ས་གཙོ་བོ་དང་འཐུས་ཤོར་ཕྱིན་པ་གཙོ་བོ་ག་རེ་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ། དེའི་ཐོག་དགོངས་ཚུལ་ག་རེ་ཡོད།

ལན། ༣ འདས་མ་ཐག་པའི་གྲོས་ཚོགས་ལྟ་བུར་མཚོན་ན། མ་འགྲིག་པ་དང་མ་འཇོན་པ་མང་པོ་ཞིག་དེང་སྐབས་སྤྱི་ཚོགས་ནང་འུར་སྒྲོག་ཤུགས་ཆེར་བྱེད་བཞིན་ཡོད་ཀྱང་གུས་པས་བསམ་པར་དེ་ནི་ནོར་འཁྲུལ་ཞིག་དང་འཐུས་ཤོར་ཞིག་ཏུ་མཐོང་གི་མེད། ང་ཚོའི་གྲོས་ཚོགས་ནི་མང་གཙོ་ཡང་དག་པའི་ལམ་བུར་བསྐྱོད་བཞིན་པའི་བོད་མི་ས་ཡ་དྲུག་གི་བསམ་ཚུལ་སྤུངས་སའི་གྲོས་ཚོགས་ཤིག་ཡིན་དུས་བསམ་ཚུལ་ཕྲན་བུ་མ་མཐུན་པ་ཡང་ཡོང་ཆོག་པ་ཞིག་དང་། ཡོང་དགོས་པ་ཞིག་རེད་བསམ་གྱི་ཡོད། འོན་ཀྱང་ང་ཚོ་བོད་རིགས་ཡོངས་དང། ལྷག་པར་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་རྒྱུན་དུ་ཐུགས་ལ་འཛིན་དགོས་པ་ཞིག་ནི། ༸གོང་ས་མཆོག་གི་དགུང་ནའི་བབ་དང། གཞིས་ལུས་བོད་མི་ཚོས་མི་རིགས་ཀྱི་ཆེད་དུ་གཅེས་པའི་ཚེ་སྲོག་ཀྱང་ཕངས་མེད་དུ་གཏོང་བཞིན་པ། ད་ལྟའི་བོད་མི་རིགས་ཀྱི་གནས་སྟངས་འདི་གསུམ་པོ་རྒྱུན་དུ་བློ་ངོར་ཤར་ཐུབ་པ་ཞིག་བྱུང་ན་ང་ཚོའི་གྲོས་ཚོགས་ཀྱི་ལས་དོན་ཚང་མ་དོན་སྙིང་ལྡན་པ་ཞིག་ཡོང་རྒྱུ་རེད་བསམ་བཞིན་ཡོད།

༤ གལ་སྲིད་༸གོང་ས་མཆོག་གིས་བོད་ཀྱི་སྲིད་ཀྱི་ཐུགས་འགན་མ་བཞེས་ཚེ་བཅའ་ཁྲིམས་ལ་བསྒྱུར་བཅོས་གང་དགོས་དང། ད་ལྟའི་བཅའ་ཁྲིམས་ནང་གི་སྡེ་སྲིད་ལྷན་ཚོགས་བསྐོ་སྟངས་ཐོག་དགོངས་ཚུལ་ག་རེ་ཡོད།

ལན། ༤ གུས་པས་བསམ་པར་༸གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་བཞེད་མི་གནང་བའི་རེ་འདུན་བཏོན་པ་ནི་༸གོང་ས་མཆོག་གི་ཅི་གསུང་བཀའ་སྒྲུབ་མ་ཞུས་པ་ཞིག་མཐོང་གི་ཡོད། ནམ་རྒྱུན་ང་ཚོས་༸གོང་ས་མཆོག་གི་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུ་ཡིན་ཞེས་མ་ཎི་བགྲང་བགྲང་བྱེད་ཀྱི་ཡོད་པས། ཁ་དན་ཚིག་ལ་མ་གནས་པ་ཞིག་རེད། འོན་ཀྱང་སྡེ་སྲིད་ལྷན་ཚོགས་ཟེར་བ་དེ་རིགས་ནི་སྔོན་མ་སྐུ་དྲག་རིང་ལུགས་ཀྱི་དབང་འཛིན་མི་སྣ་ཚོས་གུ་དོགས་ཀྱི་བསམ་བློའི་རྒྱབ་ལྗོངས་ལས་བསྐྲུན་པ་ཞིག་ཡིན་པས། ད་ལྟའི་དུས་འདིར་དགོས་མཁོ་མེད་པའི་ཅ་ལག་ལྟ་བུར་གྱུར་ཟིན། གཞན་༸གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་ཚེ་ཆབ་སྲིད་ཀྱི་དབུ་ཁྲིད་མི་མང་གིས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པས་འགན་ཁུར་གནང་བ་ལས་ལྷག་ཟུར་དུ་སྡེ་སྲིད་ལྷན་ཚོགས་ཟེར་བ་དེ་ནི་དགོས་པ་གང་ཡང་མ་མཐོང་།

དྲི་བ། ༥ ད་ཡོད་ཀྱི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་སྒྲིག་འཛུགས་ཀྱི་འགྲོ་སྟངས་དེ་མ་འགྲིག་པ་དང་འགྱུར་བ་གཏོང་དགོས་པ་དེ་འདྲ་གཟིགས་ཀྱི་ཡོད་དམ།

༥ ད་ལྟའི་གྲོས་ཚོགས་ཀྱི་གྲུབ་ཆ་འདི་ནི་ཐོག་མར་༸གོང་ས་མཆོག་གིས་བོད་མི་རྣམས་ཀྱི་ཁམས་དབང་བསམ་པ་དང་མཐུན་པ་ཞིག་གསོལ་རས་བསྩལ་བ་ལྟར། ལོ་ལྔ་བཅུའི་རིང་གྲོས་ཚོགས་ཀྱི་འགྲོ་སྟངས་འདིས་མ་འགྲིག་པ་གང་ཡང་བྱུང་མེད་ཁར་བོད་ཀྱི་ལོ་རྒྱུས་ཀྱི་བྱུང་རབས་ནང་ཆེས་གཟི་བརྗིད་ལྡན་པའི་མང་གཙོའི་ལམ་སྲོལ་ཡང་དག་པའི་སྒྲོམ་གཞི་ཞིག་ཆགས་ཡོད་པས། འདི་ལ་འགྱུར་བ་གཏོང་དགོས་པ་གང་ཡང་མ་མཐོང་།།

{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།