མདོ་སྨད་སྤྱི་འཐུས་འོས་མི་ཚངས་དབྱངས་རྒྱ་མཚོར་བཅར་འདྲི།

stang yanggyamtsoགཙོ་བོ་བོད་ཕྱི་ནང་གཉིས་ན་ཡོད་པའི་བོད་རིགས་མི་མང་གི་མངོན་འདོད་དང་། དཀའ་ངལ་ལ་རྒྱུས་ལོན་བྱས་ནས་དེ་དང་མཐུན་པའི་སྒོ་ནས་ཁྲིམས་བཟོ་རྒྱུ་ནི་གཡོལ་དུ་མེད་པའི་ལས་འགན་ཞིག་ཡིན་དུས། ངས་དེ་ལ་ཤུགས་སྣོན་བྱེད་འདོད་ཡོད།

དྲི་བ། ༡ སྐུ་ཉིད་སྤྱི་འཐུས་ཀྱི་འོས་མིར་ལངས་དགོས་པའི་རྒྱུ་མཚན་གསུང་རོགས།

ལན།༡ གུས་པ་སྤྱི་འཐུས་འོས་མིར་ལངས་དགོས་པའི་དམིགས་ཡུལ་མདོར་བསྡུས་ན་གཉིས་ཡོད། དང་པོ། རང་ཉིད་ད་ལྟ་ཡིན་ནའང་རེད། སྔོན་མར་བོད་ནང་ལ་ཡོད་དུས་ཡིན་ནའང་རེད། ནམ་ཡིན་རུང་བོད་མིའི་རྩ་དོན་ཆེད་དུ་ལས་ཀ་ཞིག་བྱེད་ཐུབ་ན་སྙམ་པའི་ཀུན་སློང་གཙང་མ་ཡོད་མཁན་ཞིག་ཡིན་ལ། ད་བར་དུ་ནུས་པ་ཇི་ཡོད་ཀྱིས་ཞབས་ཞུ་སྒྲུབ་བཞིན་པའི་ཁུལ་ཡིན། དེའི་ཕྱིར་ད་ཐེངས་ཀྱི་གོ་སྐབས་འདི་འཛིན་ཐུབ་པ་ཡིན་ན་བཙན་བྱོལ་སྤྱི་ཚོགས་ནང་ལས་ཀ་གང་ནུས་ཅི་འཇོན་ཞིག་ལས་ཐུབ་པའི་གོ་སྐབས་ཡག་པོ་ལྟ་བུ་ཞིག་མཐོང་སོང་བས་ཡིན། གཉིས་པ། ད་ཐེངས་ཀྱི་སྤྱི་འཐུས་དངོས་གཞིའི་ནང་ལ་ཉམས་མྱོང་ལྡན་པའི་སྤྱི་འཐུས་རྒན་རབས་པ་མང་པོ་ཞིག་སླེབས་འདུག དེའི་ཁར་ང་ཚོའི་གཞོན་རབས་པ་ཁ་ཤས་ཤིག་སླེབས་པ་ཡིན་ན་རྒན་རབས་པ་དང་ཉམས་མྱོང་བརྗེ་རེས་བྱ་རྒྱུ་དང་། གཞོན་རབས་པ་ཁ་ཤས་སླེབས་ཐུབ་པ་ཡིན་ན་སྔར་ལས་གསར་གཏོད་ཀྱི་རྣམ་པ་འདྲ་ཞིག་ཀྱང་འབྱུང་ཐུབ་པའི་ལམ་ཁ་ཞིག་ཡོད་པར་མཐོང་བས་ཡིན།

དྲི་བ། ༢ སྐུ་ཉིད་ལ་འོས་ཐོབ་ན་ལས་དོན་གཙོ་བོ་གང་ལ་ཤུགས་སྣོན་རྒྱག་རྩིས་ཡོད་དམ།

ལན།༢ དྲི་བ་འདི་ཧ་ཅང་གལ་ཆེན་པོ་རེད། ང་ལ་མཚོན་ན་ད་ལྟའི་གནས་སྐབས་སུ་དགོས་ངེས་ཀྱི་ལས་དོན་གཙོ་བོ་དེ་གྲོས་ཚོགས་དང་མི་མང་བར་གྱི་འབྲེལ་ལམ་དེ་ཡར་རྒྱས་གཏོང་རྒྱུ་གལ་ཆེན་དུ་མཐོང་གི་ཡོད། རྒྱུ་མཚན་གྲོས་ཚོགས་ནི་ཁྲིམས་བཟོ་ལྷན་ཁང་ཡིན་ལ། ཁྲིམས་ཇི་ལྟར་བཟོ་དགོས་མིན་ནི་རྒྱལ་སྤྱི་དང་རྒྱ་ནག་གི་གནས་སྟངས་སོགས་ཤེས་དགོས་མོད། གཙོ་བོ་བོད་ཕྱི་ནང་གཉིས་ན་ཡོད་པའི་བོད་རིགས་མི་མང་གི་མངོན་འདོད་དང་། དཀའ་ངལ་ལ་རྒྱུས་ལོན་བྱས་ནས་དེ་དང་མཐུན་པའི་སྒོ་ནས་ཁྲིམས་བཟོ་རྒྱུ་ནི་གཡོལ་དུ་མེད་པའི་ལས་འགན་ཞིག་ཡིན་དུས། ངས་དེ་ལ་ཤུགས་སྣོན་བྱེད་འདོད་ཡོད།

དྲི་བ། ༣ སྐུ་ཉིད་ཀྱིས་འདས་པའི་གྲོས་ཚོགས་ནང་མ་འགྲིག་ས་གཙོ་བོ་དང་འཐུས་ཤོར་ཕྱིན་པ་གཙོ་བོ་ག་རེ་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ། དེའི་ཐོག་དགོངས་ཚུལ་ག་རེ་ཡོད།

ལན།༣ འདས་པའི་གྲོས་ཚོགས་ནང་མ་འགྲིག་ས་གཙོ་བོ་ནི་བཤད་མ་དགོས། མདུན་དུ་བཤམ་བཞགས་ཡོད་པ་དེ་ཕྱི་ལོ་༢༠༠༩ ལོའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྐབས་ཀྱི་ཕྱོགས་སྒྲིལ་གྱི་རྣམ་པའི་རྩོད་རྙོག་དེ་རེད། ད་དུང་འཐུས་ཤོར་ཕྱིན་པ་གཙོ་བོ་དེ་ཡང་དེ་དང་འབྲེལ་བ་ཏན་ཏན་ཡོད་རེད། རྩོད་རྙོག་དེ་༢༠༠༩ ལོར་མངོན་དུ་གྱུར་པ་མ་གཏོགས་དེའི་རྩ་བ་སྔོན་མ་ཞིག་ནས་ཡོད་པ་ཡང་དོན་དག་དེས་གསལ་པོ་བྱས་ཡོད་དུས། དེ་ལ་བརྟེན་ནས་འཐུས་ཤོར་ཡང་མང་དག་ཅིག་བྱུང་ཡོད་པ་རེད། དཔེར་ན་བོད་ཀྱི་སྐད་ཡིག་གི་སྐོར་དེ་རེད། གྲོས་ཚོགས་ནས་ཤེས་ཡོན་སྲིད་བྱུས་གསར་པ་གཏན་འབེབས་བྱས་མོད། ད་བར་དུ་དཔེ་སྟོན་སློབ་གྲྭ་གཅིག་པུ་ལས་གཞན་སློབ་གྲྭ་སུ་གང་གིས་ཆ་ཚང་ཞིག་ལག་ལེན་བསྟར་ཐུབ་མེད། དེ་ནི་འཐུས་ཤོར་གྱི་ཆ་རེད། མ་འོངས་པར་འདི་དག་རིགས་མི་ཡོང་བར་འབད་པ་བྱེད་རྒྱུ་གལ་ཆེན་དུ་མཐོང་།

དྲི་བ། ༤ གལ་སྲིད་༸གོང་ས་མཆོག་གིས་བོད་ཀྱི་སྲིད་ཀྱི་ཐུགས་འགན་མ་བཞེས་ཚེ་བཅའ་ཁྲིམས་ལ་བསྒྱུར་བཅོས་གང་དགོས་དང། ད་ལྟའི་བཅའ་ཁྲིམས་ནང་གི་སྡེ་སྲིད་ལྷན་ཚོགས་བསྐོ་སྟངས་ཐོག་དགོངས་ཚུལ་ག་རེ་ཡོད།

ལན།༤ ༸གོང་ས་མཆོག་གིས་བོད་ཀྱི་སྲིད་ཀྱི་འགན་མ་བཞེས་ཚེ་བཅའ་ཁྲིམས་ལ་བསྒྱུར་བཅོས་གཏོང་དགོས་ངེས་ནི་ད་ལྟའི་བཅའ་ཁྲིམས་སུ་གསལ་བའི་སྡེ་སྲིད་ལྷན་ཚོགས་བསྐོ་སྟངས་ཐད་འགྱུར་བ་བཏང་ནས་༸གོང་ས་མཆོག་གི་སྐུ་དབང་རྣམས་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པའི་སྟེང་དུ་འཕོ་འགྱུར་གཏོང་དགོས་པ་དེ་རེད་འདོད། འོན་ཀྱང་དུས་སྐབས་ངེས་ཅན་ཞིག་མ་ཤར་བར་དུ་༸གོང་ས་མཆོག་གིས་སྲིད་ཀྱི་ཐུགས་འགན་ངེས་པར་དུ་བཞེས་རྒྱུར་བོད་གཞུང་མང་གཉིས་ནས་འབོད་སྐུལ་ཞུ་རྒྱུ་གལ་ཆེན་དུ་མཐོང་།

དྲི་བ། ༥ ད་ཡོད་ཀྱི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་སྒྲིག་འཛུགས་ཀྱི་འགྲོ་སྟངས་དེ་མ་འགྲིག་པ་དང་འགྱུར་བ་གཏོང་དགོས་པ་དེ་འདྲ་གཟིགས་ཀྱི་ཡོད་དམ།

ལན། ད་ལྟའི་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་ལ་གཞིགས་ན། ད་ཡོད་གྲོས་ཚོགས་ཀྱི་གྲུབ་ཆ་དང་སྒྲིག་འཛུགས་ལ་སྤྱིའི་ཆ་ནས་འགྱུར་བ་གཏོང་དགོས་པ་ཆེར་མ་མཐོང་མོད། བྱེ་བྲག་བོད་པའི་མི་འབོར་ངེས་ཅན་ཡོད་པའི་རྒྱལ་ཁབ་ཡུལ་གྲུ་སོ་སོར་སྤྱི་འཐུས་མེད་ས་རྣམས་ལ་རིམ་པར་སྤྱི་འཐུས་ཡོད་པར་བཟོ་རྒྱུ་དང་། ཇོ་ནང་ཆོས་བརྒྱུད་ཀྱི་མཚོན་པའི་ཆོས་བརྒྱུད་རང་རྐང་ཚུགས་པ་ཡོད་མཁན་དག་ལ་སྤྱི་འཐུས་ཀྱི་ཐོབ་ཐང་སྤྲད་ན་ལེགས་པར་མཐོང་། །

{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།