བཀའ་ཁྲིའི་འོས་མིས་མ་མཐོང་བའི་ས་གནས་ཁག་ཅིག

ནང་ཁུལ་ལ་ཆབ་སྲིད་འཁྲབ་སྟངས་ཀྱི་ལྷགས་པ་རྒྱག་ཕྱོགས་དེ་ད་དུང་ཡལ་མེད་ན་ཆིག་སྒྲིལ་གྱི་འབོད་ཚིག་དེར་སྙིང་དོན་མེད།

ཆོས་ཉིད་འོད་ཟེར།

བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱས་ནས་སྐབས་གསུམ་པར་སླེབས་པ་དང་། ཐེངས་འདིར་སྔར་དང་མི་འདྲ་བར་མི་མང་གིས་འོས་མིར་དོ་སྣང་བྱས་པ་མ་ཟད། འོས་མི་རྣམས་ཀྱིས་སོ་སོར་བཀའ་ཁྲིའི་འོས་ཐོབ་ན་ལས་དོན་བྱེད་ཕྱོགས་ངོ་སྤྲོད་ཆེད་བོད་རིགས་ཡོད་སའི་ས་གནས་གང་སར་བསྐྱོད་ཡོད་པ་རེད། འདི་ནི་མང་གཙོའི་གོ་རྟོགས་ཡག་ཏུ་ཕྱིན་པ་དང་། བཙན་བྱོལ་བོད་མི་ཚོས་གཞུང་ལ་འགན་ཁུར་ཏེ་ལས་དོན་བྱས་པ་ཞིག་ཀྱང་རེད།

སྒོས་སུ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་། བློ་བཟང་སེང་གེ་གཉིས་རྒྱ་གར་ནང་གི་ས་གནས་མང་ཆེ་བར་བསྐྱོད་པ་དང། གཏམ་བཤད་སྤེལ་བ། བགྲོ་གླེང་འཚོགས་པ་སོགས་ཐེངས་མང་བྱས་ཡོད། ཁོང་རྣམ་གཉིས་ཀྱི་འབོད་ཚིག་གཙོ་བོ་གཅིག་ནི་ཆིག་སྒྲིལ་གྱི་སྣེ་ཁྲིེད་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད་ལ། དེ་ནི་སྤྱིར་སྤྱི་ཚོགས་སྲ་བརྟན་དུ་གནས་རྒྱུར་ཧ་ཅང་གལ་ཆེ་ལ་མི་རིགས་རང་དབང་གི་འཐབ་རྩོད་པ་ཞིག་ལ་དེ་བས་གལ་ཆེ་བ་བཤད་མི་དགོས།

འོན་ཀྱང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་བློ་བཟང་སེང་གེ་གཉིས་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཁག་ཏུ་བསྐྱོད་ཀྱང། ས་གནས་ཁག་ཅིག་ཟུར་དུ་ད་དུང་ལྷག་ཡོད་པ་རེད། སྤྱིར་བཏང་ངེས་པར་དུ་ས་གནས་ཚང་མར་སླེབས་མ་ཐུབ་ཀྱང་སྐྱོན་མེད་ལ། གནས་སྟངས་འདྲ་མིན་གྱིས་སླེབས་མ་ཐུབ་པ་ཡོང་སྲིད་པ་རེད། དཔེར་ན་བལ་ཡུལ་དང་འབྲུག་ཡུལ་གྱི་བོད་མི་ཚོར་གཏམ་བཤད་བྱེད་རྒྱུའི་གོ་སྐབས་མེད་ལ། དེ་ནི་གཞན་དབང་སྟབས་བསྟུན་ཡིན་པས། སུ་གང་ལ་སྐྱོན་བརྗོད་དང་འཁང་ར་བྱེད་ས་མེད། དེ་བཞིན་ས་གནས་སུ་འོས་འཕེན་མཁན་གྱི་མི་ཧ་ཅང་ཉུང་ཉུང་ཡིན་ནའང་བསྐྱོད་མ་ཐུབ་པ་ཡོང་སྲིད། ཡིན་ནའང། རྒྱ་གར་ནང་ས་གནས་ཁག་ཅིག་ལྷག་པ་ནི་སྦིར་བོད་ཚོགས་དང། སྦིར་སྡེ་དགེ་གཞིས་ཆགས། ཅོན་ཏ་ར་ནང་ཆེན་གཞིས་ཆགས། བཀྲ་ཤིས་ལྗོངས་ཁམས་པ་སྒར། གླིང་ཚང་གཞིས་ཆགས། གྲའུ་དཔོན་གཞིས་ཆགས་སོགས་ལྟ་བུ་རེད། དྷ་སར་བཀའ་ཁྲིའི་འོས་མི་ཁོང་རྣམ་གཉིས་ཐེངས་མང་པོར་སླེབས་ཡོད་ལ། དེའི་སྐབས་སྦིར་ཕྱོགས་ཀྱི་གཞིས་ཆགས་དང། བཀྲ་ཤིས་ལྗོངས་སུ་ཐེངས་གཅིག་ཀྱང་ཕེབས་མི་ཐུབ་པ་མེད། ས་གནས་དེ་གཉིས་ནི་ལམ་ཁ་བདེ་ལ་དྷ་ས་དང་ཧ་ཅང་ཐག་ཉེ། དེ་བཞིན་དྷེ་ར་དྷུན་གཞིས་ཆགས་སུ་ཕེབས་སྐབས་གླིང་ཚང་གཞིས་ཆགས་སུ་ཕེབས་མི་ཐུབ་པ་མེད་ཀྱང་ཕེབས་མི་འདུག ས་གནས་དེ་ཚོར་འོས་ཤོག་འཕེན་མཁན་གྱི་མི་ཧ་ཅང་མང་པོ་རེད།

ས་གནས་དེ་དག་ལ་དུས་ཚོད་དང་ལམ་ཁ་སྟབས་བདེ་མིན་སོགས་ཀྱིས་ཕེབས་མ་ཐུབ་ཀྱང་སྐྱོན་མེད་མོད། དེ་ལྟར་མིན་ལ་དོན་རྐྱེན་ཅི་ཞིག་གིས་མ་མཐོང་བ་རེད། འདི་ནི་དྲི་བ་ཞིག་རེད། ཆིག་སྒྲིལ་གྱི་འབོད་ཚིག་སྒྲོག་གི་ཡོད་ལ། འཛམ་གླིང་སྤྱི་དང་རྒྱ་བོད་མཐུན་སྒྲིལ་ཡོང་ཐབས། བོད་པའི་བདེན་མཐའ་གསལ་ཆེད་དུ་བཙན་བྱོལ་བོད་མིའི་ཆིག་སྒྲིལ་གྱི་སྣེ་ཁྲིད་བྱེད་རྒྱུ་ཡིན་ཞེས་སྐད་ཆ་ཆེན་པོ་བཤད་ཀྱི་འདུག འབོད་ཚིག་དེ་ཧ་ཅང་སྙན་པོ་རེད་ལ། བོད་མི་ཚོས་དགའ་སྣང་ཡང་བྱེད་ཀྱི་རེད། དེར་བརྟེན། བཀའ་ཁྲིའི་འོས་མི་རྣམ་གཉིས་ཀྱིས་མ་མཐོང་སའི་གཞིས་ཆགས་དེ་དག་ཏུ་ཡོད་མཁན་ཚོ་ཡང་མི་ཡིན་པ་མ་ཟད། བོད་པ་གཙང་མ་རེད། འོས་མི་རྣམ་གཉིས་ཀྱིས་མ་མཐོང་བའི་རྒྱུ་མཚན་ཅི་ཡིན། ཁོང་ཚོས་བོད་མིའི་ཆིག་སྒྲིལ་ལ་ཕན་ཐོགས་མེད་པ་ཡིན་ནམ། ཁོང་ཚོའི་འོས་ཤོག་དེས་ཁྱེད་རྣམ་གཉིས་ལ་ཕན་ཐོགས་མེད་དམ། ཡང་ན་ས་གནས་འདི་དག་ཏུ་བསྐྱོད་པ་ཙམ་གྱིས་བཙན་བྱོལ་ནང་གི་འོས་ཤོག་ཕལ་མོ་ཆེ་ཤོར་འགྲོ་བའི་ཚད་དུ་སླེབས་ཡོད་དམ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་གོ་རྟོགས་ད་དུང་འདི་ཙམ་ལས་མེད་དམ། ཕྱོགས་གང་ནས་བལྟས་ཀྱང་འདི་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་ནད་རྙིང་ཞིག་དང་འབྲེལ་བ་ཡོད་ངེས་རེད་སྙམ། སྔོན་མ་གནད་ཡོད་མི་སྣ་ཚོས་བྱེད་སྟངས་ཤིག་གིས་བོད་གཞུང་དང་ས་གནས་དེ་དག་གི་མི་མང་བར་དོ་ཕོགས་འགྲོ་མྱོང་ཡོད། འོན་ཀྱང་ད་ལྟ་ཕྱོགས་གང་ས་ནས་བོད་གཞུང་གི་ཁྱབ་ཁོངས་ཀྱི་གཞིས་ཆགས་སྤྱི་མཚུངས་ལྟར་ཡིན། མི་མང་གིས་དཔྱ་ཁྲལ་སྤྲོད་པ་དང། གཞུང་གིས་ས་གནས་འགོ་འཛིན་དང་ལས་བྱེད་བསྐོ་སྟངས་ཚང་མ་བོད་གཞུང་གི་འཛིན་སྐྱོང་འོག་ཏུ་ཡོད།

ཆིག་སྒྲིལ་གྱི་སྣེ་ཁྲིད་འདི་ལྟར་བྱེད་རྒྱུ་ཡིན་ནམ། བཀའ་ཁྲིའི་འོས་མི་གཉིས་ཀྱི་ཆིག་སྒྲིལ་གྱི་འབོད་ཚིག་འོག་ན་བོད་པའི་སྤྱི་ཚོགས་ཀྱི་ན་ཚ་རྙིང་པའི་ཕྱོགས་ཞེན་ཞིག་ད་དུང་ལྷག་མེད་དམ་སྙམ་པའི་དོགས་པ་སྐྱེ་ཆོག་ལ། ས་གནས་དེ་དག་ཏུ་བསྐྱོད་ན་བཙན་བྱོལ་ནང་གི་སྲིད་དོན་པ་རེ་ཟུང་ལ་ཕོག་ཐུག་འགྲོ་བའི་ཞེད་སྣང་མིན་ནམ་སྙམ་པའི་དོགས་པ་ཡང་སྐྱེ་ཆོག་པ་ཞིག་རེད། བཙན་བྱོལ་གྱི་ནང་ཁུལ་ཆབ་སྲིད་འཁྲབ་སྟངས་ཀྱི་ལྷགས་པ་རྒྱག་ཕྱོགས་དེ་ད་དུང་ཡལ་མེད་ན་ཆིག་སྒྲིལ་གྱི་འབོད་ཚིག་དེར་ཡང་སྙིང་དོན་མེད་པ་རེད། ཡིན་ཡང་དེ་ལྟར་མིན་པའི་རེ་བ་ཡོད། 
གལ་སྲིད་དེ་ལྟར་ཡིན་ན། ཁོང་གཉིས་ཀྱི་གཅིག་ལ་འོས་ཐོབ་རྗེས་ས་གནས་དེ་དག་མཐོང་གི་རེད་དམ། བཀའ་ཤག་གིས་མི་མང་ནང་སྐོར་བསྐྱོད་སྐབས་ཕེབས་ཐུབ་ཀྱི་རེད་དམ། ཁོ་ཚོ་བོད་མི་སྤྱི་མཚུངས་ལྟར་གལ་ཆེན་པོ་ཡིན་ནམ། ས་གནས་དེ་དག་ཀྱང་བོད་པ་སྤྱི་མཚུངས་ལྟར་བདེན་དོན་འཐབ་རྩོད་ཆེད་དཀའ་ལས་རྒྱག་མཁན་ཚོའི་ས་གནས་ཡིན་ལ། བོད་རང་བཙན་ཡོད་སྐབས་ཚོང་པ་དང་དཔོན་རིགས་འཇོན་ཐང་ཅན་ཚོ་ལྟར། བོད་རང་བཙན་ཤོར་སྐབས་༡༩༥༩ ལོའི་སྔོན་ནས་རྒྱ་གར་དུ་སོ་སོ་སྡོད་གནས་གྲ་སྒྲིག་གིས་ས་ཆ་ཉོས་ཚར་བ་དེ་ལྟར་མིན་མོད། ༡༩༥༩ ལོའི་རྗེས་ནས་བོད་མི་སྤྱི་མཚུངས་ལྟར་དཀའ་ངལ་ཁྲོད་ནས་༸གོང་ས་མཆོག་དང་བོད་གཞུང་ལ་ཡིད་ཆེས་བློ་གཏད་ཀྱིས་སྐྱབས་བཅོལ་དུ་ཡོང་བ་དང།  སོ་སོས་ས་གནས་སུ་དཀའ་ལས་བརྒྱབ་ནས་གཞིས་ཆགས་སྲ་བརྟན་བཟོས་པ་དང། ས་ཆ་དེ་དག་ཀྱང་བོགས་མར་བླངས་པ་ལྟ་བུ་མ་ཡིན་པར་ས་ཆའི་བདག་དབང་ཡང་ཡོད་ཚོད་འདུག འདི་ཡང་བོད་མི་སྤྱི་ལ་ཕན་པའི་ས་གནས་ཤིག་མ་ཡིན་ནམ།

བཀའ་ཁྲིའི་འོས་མི་བཀྲ་ཤིས་དབང་འདུས་ལ་མཚོན་ན་འོས་བསྡུའི་ཕྱོགས་བསྐྱོད་ས་གནས་མང་ཆེ་བར་བྱས་མེད་པས། ས་གནས་དེ་དག་ཀྱང་མཐོང་གི་ཡིན་མིན་བཤད་ཚོད་ཐིག་མ་སོང་། སྣེ་ཁྲིད་བྱེད་མཁན་ཚོས་ལྷག་བསམ་ལ་ལྷད་སྐྱོན་མེད་ན། དེང་སྐབས་བཀའ་ཁྲི་སུ་ལ་ཐོབ་མིན་ལ་མ་ལྟོས་པར། མི་མང་གིས་འགན་ཁུར་ཡོད་པའི་དོ་སྣང་དང། ཕྱོགས་སུ་མ་ལྷུང་བར་རང་ཚུགས་ཡོད་པའི་སྒོ་ནས་འོས་བསྡུ་ཆེན་མོ་དེ་མདུན་བསྐྱོད་ཀྱི་གོམ་སྟབས་ཆེན་པོ་ཞིག་ཏུ་སྒྱུར་བཞིན་པའི་རྣམ་པ་གསལ་པོ་རེད།།

བོད་མིའི་གྲལ་མཐའ་འཛིན་པ་སྤྲང་ཕྲུག་ཆོས་ཉིད་འོད་ཟེར་གྱིས་དྷ་རམ་ས་ལ་ནས།

{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།