དབུས་གཙང་སྤྱི་འཐུས་འོས་མི་འཆི་མེད་གཡུང་དྲུང་ལ་བཅར་འདྲི།
དྲི་བ། ༡ སྐུ་ཉིད་སྤྱི་འཐུས་ཀྱི་འོས་མིར་ལངས་དགོས་པའི་རྒྱུ་མཚན་གསུང་རོགས།
ལན།༡ རང་ཉིད་སྤྱི་འཐུས་ལ་ལངས་དགོས་པའི་རྒྱུ་མཚན་ནི། ༸གོང་ས་མཆོག་གི་ཡང་དག་པའི་དབུ་ཁྲིད་འོག་གསར་འཛུགས་དང། འཕེལ་རྒྱས། སྲ་བརྟན་བཅས་སུ་གྱུར་པའི་བཙན་བྱོལ་སྒྲིག་འཛུགས་ནང་གི་སྤྱི་འཐུས་ཀྱི་སྡིངས་ཆ་དེ་གལ་ཆེའི་ནང་གི་དོན་ཆེན་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད་ལ། སྤྱིར་བོད་ཀྱི་རྩ་དོན་དང་། བྱེ་བྲག་གཞིས་བྱེས་བོད་མིའི་མངོན་འདོད་མང་པོ་ཞིག་སྡིངས་ཆ་དེ་བརྒྱུད་ནས་སྒྲུབ་ཐུབ་ཀྱི་རེད་བསམ་ནས་སྤྱི་འཐུས་འོས་མིར་ལངས་པ་ཡིན།
དྲི་བ། ༢ སྐུ་ཉིད་ལ་འོས་ཐོབ་ན་ལས་དོན་གཙོ་བོ་གང་ལ་ཤུགས་སྣོན་རྒྱག་རྩིས་ཡོད་དམ།
ལན།༢ གལ་སྲིད་ང་ལ་འོས་ཐོབ་ཚེ་ཐོག་མར་ང་ཚོའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་གནས་ཚད་མཐོར་འདེགས་བྱེད་རྒྱུ་དང། དམིགས་བསལ་རིགས་གཅིག་རྐང་འཛིན་གྱི་ལས་གཞིའི་ཐོག་ཤུགས་སྣོན་བརྒྱབ་ནས་ང་ཚོའི་སྤྱི་ཚོགས་དེ་ནུས་པ་ལྡན་པ་ཞིག་བཟོ་ཡི་ཡིན། དེ་བཞིན་གཞིས་ཆགས་སྲ་བརྟན་དང། སློབ་གྲྭ་ཁག་ནང་བོད་ཡིག་དང། ཨང་རྩིས། ཚན་རིག་གསུམ་གྱི་རྨང་གཞི་གཏིང་ཟབ་འདིང་རྒྱུར་འབད་བརྩོན་ཞུ་ཡི་ཡིན། ཤེས་བྱའི་དཔལ་ཡོན་འགྲན་རྩོད་ཆེ་བའི་དུས་རབས་འདིར་ཚན་ཁག་དེ་གསུམ་ནི་བསམ་བློའི་མ་རྩ་ལྟ་བུ་རེད་བསམ་གྱི་འདུག
དྲི་བ། ༣ སྐུ་ཉིད་ཀྱིས་འདས་པའི་གྲོས་ཚོགས་ནང་མ་འགྲིག་ས་གཙོ་བོ་དང་འཐུས་ཤོར་ཕྱིན་པ་གཙོ་བོ་ག་རེ་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ། དེའི་ཐོག་དགོངས་ཚུལ་ག་རེ་ཡོད།
ལན། སྤྱིར་བཏང་འདས་པའི་སྤྱི་འཐུས་ཚོས་འཐུས་ཤོར་ཆེན་པོ་འདི་འདྲ་བཏང་སོང་ཞེས་བརྗོད་རྒྱུ་མེད་ནའང་། རང་ཉིད་ཀྱི་བསམ་བློར་གནས་སྟངས་ཁ་ཤས་སྟེང་དེ་འདྲ་མ་བྱུང་ན་སྙམ་པ་དེ་འདྲ་ཚོར་བ་རྣོན་པོས་བྱེད་པ་ལྟ་བུ་མཐོང་མྱོང་། དཔེར་ན་དེ་སྔ་ལས་ཐོག་གཅིག་ལ་གྲོས་ཚོགས་ཀྱི་ཚོགས་གཙོ་གཉིས་བྱུང་བ་དེ་ཚོ་ཏག་ཏག་ཅིག་སྡོད་ཀྱི་མ་རེད་བསམ་གྱི་འདུག་ལ། སྐབས་ལ་ལར་གྲོས་ཚོགས་ར་བའི་ནང་བཟང་སྤྱོད་ལས་འདས་པའི་ཚིག་རྩུབ་བེད་སྤྱོད་བྱེད་པ་དང། གཅིག་རྒྱབ་གཉིས་ལངས་བྱས་པ་ལྟ་བུའི་མི་བདེ་བའི་སྐྱོན་ཆ་དེ་འདྲ་བྱུང་སོང་བསམ་གྱི་འདུག
དྲི་བ། ༤ གལ་སྲིད་༸གོང་ས་མཆོག་གིས་བོད་ཀྱི་སྲིད་ཀྱི་ཐུགས་འགན་མ་བཞེས་ཚེ་བཅའ་ཁྲིམས་ལ་བསྒྱུར་བཅོས་གང་དགོས་དང། ད་ལྟའི་བཅའ་ཁྲིམས་ནང་གི་སྡེ་སྲིད་ལྷན་ཚོགས་བསྐོ་སྟངས་ཐོག་དགོངས་ཚུལ་ག་རེ་ཡོད།
ལན།༤ རྩ་བའི་ད་ལྟའི་ང་ཚོའི་བཙན་བྱོལ་གཞུང་འདི་ཐབ་ཆུང་ཆུང་ཡིན་རུང་མེ་ཚ་བོ་ཡོད་པ་དང་། འཛམ་གླིང་སྟེང་བཙན་བྱོལ་གཞུང་མང་པོའི་དཀྱིལ་ནས་རྩེར་སོན་ལྟ་བུ་བྱུང་ཡོད་པ་དེ་ཚོ་ཚང་མ་སྐད་ཆ་གསལ་པོ་བཤད་ན། ༸གོང་ས་མཆོག་གི་རླབས་ཆེན་མཛད་འཕྲིན་དང་ཐད་ཀར་འབྲེལ་བ་ཡོད་པ་དངོས་ཡོད་གནས་ཚུལ་རེད། ཡིན་ནའང་༸གོང་ས་མཆོག་ནི་ཆོས་ཕྱོགས་ནས་བརྗོད་ན་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་འཁྲུལ་མེད་དང་། སྲིད་ཕྱོགས་ནས་བརྗོད་ན་འཛམ་གླིང་གི་སྤྱི་མི་ཆེས་གྲགས་ཅན་ཞིག་ཡིན་སྟབས། གལ་སྲིད་སྡེ་སྲིད་ལྷན་ཚོགས་ལྟ་བུ་དགོས་འགལ་བྱུང་ཚེ། དུས་ནས་དུས་སུ་༸གོང་ས་མཆོག་ལ་སློབ་སྟོན་དང་ལམ་སྟོན་ཞུ་ཆོག་སྟབས། ངའི་བསམ་པར་བཅའ་ཁྲིམས་ནང་གི་སྡེ་སྲིད་ལྷན་ཚོགས་བསྐོ་སྟངས་ཐོག་ལ་བསྒྱུར་བཅོས་གཏོང་དགོས་ཀྱི་མ་རེད་བསམ་གྱི་འདུག
དྲི་བ། ༥ ད་ཡོད་ཀྱི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་སྒྲིག་འཛུགས་ཀྱི་འགྲོ་སྟངས་དེ་མ་འགྲིག་པ་དང་འགྱུར་བ་གཏོང་དགོས་པ་དེ་འདྲ་གཟིགས་ཀྱི་ཡོད་དམ།
ལན།༥ ད་ཡོད་ཀྱི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་སྒྲིག་འཛུགས་ཀྱི་འགྲོ་སྟངས་ལ་འགྱུར་བ་གཏོང་དགོས་ས་དང་མ་འགྲིག་པ་ཁ་ཤས་མཐོང་གི་འདུག བཅའ་ཁྲིམས་ལ་བསྐྱར་བཅོས་བྱེད་རྒྱུ་དང་། འོས་བསྡུའི་སྒྲིག་གཞི་ལའང་བསྒྱུར་བཅོས་གཏོང་དགོས་པ་མང་པོ་ཞིག་མཐོང་གི་འདུག བཅའ་ཁྲིམས་བསྐྱར་བཅོས་ཐད། ཆབ་སྲིད་ཚོགས་པའི་ལམ་ལུགས་དང་། གྲོས་ཚོགས་གོང་འོག་གཉིས་ལས་གྲུབ་པའི་མང་གཙོའི་ལམ་སྲོལ་ཞིག་བྱུང་ན་སྙམ་གྱི་ཡོད། དེ་འདྲ་ཟེར་དུས་འགའ་ཞིག་གིས་ད་ཡོད་གྲོས་ཚོགས་ལམ་ལུགས་ལ་ཧྲིལ་གྱིས་འགྱུར་ལྡོག་གཏོང་དགོས་ཀྱི་མེད་དམ་སྙམ་ནས་འདྲོགས་འགོ་ལངས་སྲིད་རུང་། དེ་འདྲ་གཏན་ནས་མ་རེད། ངས་བརྗོད་བཞིན་པའི་གྲོས་ཚོགས་གོང་འོག་ཞེས་པ་དེ། ད་ཡོད་གྲོས་ཚོགས་ཀྱི་རྨང་གཞིའི་སྟེང་གྲོས་ཚོགས་འཕར་མ་ཞིག་བསྐྲུན་དགོས་ཀྱི་འདུག་ལ། དེ་ཡང་ཤེས་ཡོན་ཅན་གྱི་དཔུང་ཁག་གཙོ་བོ་ཞིག་བྱུང་ཚེ། འབྱུང་འགྱུར་དེ་ནི་རྒྱལ་དོན་གྱི་ཐབས་ཇུས་བཀོད་འདོམས་ཁང་ལྟ་བུ་ཞིག་འགྱུར་གྱི་རེད་བསམ་གྱི་འདུག ཆབ་སྲིད་ཚོགས་པའི་ལམ་ལུགས་སྐོར་བརྗོད་ན། ང་ཚོ་མང་གཙོའི་གཞུང་ཞིག་ཡིན་དུས་ཉུང་མཐར་ཆབ་སྲིད་ཚོགས་པ་གཉིས་དགོས་ངེས་རེད། དེ་འདྲ་ཞིག་བྱུང་ན་མི་མང་དང་གཞུང་གི་དབར་ལ་ཟམ་པ་ཞིག་གསར་བསྐྲུན་བྱས་པ་ལྟ་བུ་ཞིག་ཆགས་ཀྱི་རེད།།
{jcomments on}