མདོ་སྟོད་སྤྱི་འཐུས་འོས་མི་འཇམ་དབྱངས་བཟོད་པར་བཅར་འདྲི།

དྲི་བ། ༡ སྐུ་ཉིད་སྤྱི་འཐུས་ཀྱི་འོས་མིར་ལངས་དགོས་པའི་རྒྱུ་མཚན་གསུང་རོགས།

jamso_dotoལན།༡  ང་སློབ་མཐར་ཕྱིན་པའི་རྗེས་རྩོམ་སྒྲིག་དང་ཞིབ་འཇུག་གི་ལས་ཀ་བྱས་པ་དང། དེ་ནས་དགེ་རྒན་གྱི་ལས་ཀ་བྱས། ད་ལྟའི་སྐབས་གསར་འགོད་དང་ཡིག་སྒྱུར་གྱི་ལས་ཀ་བྱེད་ཀྱི་ཡོད་པས། ངས་བྱས་དང་བྱེད་བཞིན་པའི་ལས་ཀ་དང་སྤྱི་ཚོགས་གཉིས་དབར་འབྲེལ་བ་དམ་ཟབ་ཡོད་ཅིང། དེ་དང་འབྲེལ་ནས་སྔོན་འགྲོའི་འོས་གཞིའི་སྐབས། ཚོགས་པ་དང་དང་བླང་རུ་ཁག གང་ཟག་སྒེར་བཅས་ཁག་མི་འདྲ་བ་༩ ཙམ་གྱིས་ང་འོས་གཞིའི་ནང་བཀྲམ་པ་གཞིར་བཟུང།

ངས་ཀྱང་དང་དུ་བླངས་ནས་བོད་ཀྱི་རྩ་དོན་རྩོད་པའི་ཆེད་དུ་སྤྱི་འཐུས་ཀྱི་འོས་གཞིའི་ནང་ལངས་པ་ཡིན།

དྲི་བ། ༢ སྐུ་ཉིད་ལ་འོས་ཐོབ་ན་ལས་དོན་གཙོ་བོ་གང་ལ་ཤུགས་སྣོན་རྒྱག་རྩིས་ཡོད་དམ།

ལན།༢  སྤྱི་འཐུས་བཞི་བཅུ་ལྷག་ཙམ་གྱིས་མཉམ་རུབ་ཀྱི་ཐོག་ནས་ལས་ཀ་བྱེད་དགོས་ཀྱི་ཡོད་པས། མི་གཅིག་གིས་ལས་དོན་བྱེ་བྲག་པ་གཅིག་གི་ཐོག་ཏུ་དམིགས་འཛུགས་བྱེད་ཁག་པོ་ཡིན། ཡིན་ནའང་གྲོས་ཚོགས་སུ་བཅའ་ཁྲིམས་སྒྱུར་བཅོས་དང་གྲོས་ཆོད་འཇོག་པ། གྲོས་ཚོགས་འཚོག་དུས། སྐོར་བསྐྱོད་བཅས་ཀྱི་ལས་དོན་ཐད་ལ་ངས་ཞིབ་འཇུག་དང་འགན་འཁུར་ཡོད་པའི་ཐོག་ནས་གང་འཇོན་ཆད་མེད་ཞུ་རྒྱུ་དང།  དེའི་ཐོག་ནས་བོད་ནང་གི་གནས་བབ་དང་བོད་ཀྱི་རྩ་དོན་རྩོད་ཐབས། འཛམ་གླིང་གི་འགྱུར་འགྲོས་བཅས་ལ། དུས་ནས་དུས་སུ་རང་ཉིད་ཀྱིས་ཞིབ་འཇུག་དང་སློབ་སྦྱོང་བྱས་ཏེ། གྲོས་ཚོགས་སུ་གྲོས་གཞི་གྲོས་འཆར་སོགས་འབུར་དུ་ཐོན་པ་ཡོང་ཐབས་སུ་ངས་ཤུགས་སྣོན་རྒྱག་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད། དེ་བཞིན་གཞིས་བྱེས་མཉམ་འཛོམས་མ་བྱུང་བར་བོད་མི་གནས་སྡོད་བྱེད་སའི་ས་གནས་ཁག་གལ་ཆེ་བས། དེ་ཚོ་ཡར་རྒྱས་དང་། སློབ་སྦྱོང་གི་མདུན་ལམ་བཟོ་ཐབས་ལ་འབད་བརྩོན་བྱེད་རྒྱུ་ཡིན།

 

དྲི་བ། ༣ སྐུ་ཉིད་ཀྱིས་འདས་པའི་གྲོས་ཚོགས་ནང་མ་འགྲིག་ས་གཙོ་བོ་དང་འཐུས་ཤོར་ཕྱིན་པ་ གཙོ་བོ་ག་རེ་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ། དེའི་ཐོག་དགོངས་ཚུལ་ག་རེ་ཡོད།

ལན།༣  འདས་པའི་གྲོས་ཚོགས་སུ་གྲོས་གཞི་གྲོས་འཆར་གནད་དོན་ཆེན་པོ་ཁག་ལ་བགྲོ་གླེང་ཚད་ལྡན་མ་ཡོང་བའི་རིགས་དང། དེ་ལས་ལྡོག་སྟེ་ཆུང་རིགས་ལ་ཁ་རྩོད་སྣ་རྩོད་བྱས་པའི་རིགས་བྱུང་ཡོད་པ་རེད། གྲོས་ཚོགས་སྐབས་བཀུར་འོས་སྤྱི་འཐུས་ལ་ལས་བགྲོ་གླེང་གི་གནད་དོན་མ་རྟོགས་པར། རང་ཉིད་དང་ཕྱོགས་མཐུན་པའི་མི་ཞིག་གིས་ཕྱག་བརྐྱངས་ན་དེའི་རྗེས་སུ་ལག་པ་བརྐྱངས་ནས་གྲོས་གཞིར་མོས་མཐུན་བྱས་པའི་རིགས་ཡོང་དང་ཡོང་བཞིན་པ་དང།  ཁྲིམས་བཟོ་ལྷན་ཚོགས་ནས་ཐག་བཅད་པའི་གྲོས་ཆོད་དེ་ཚད་ལྡན་མ་བྱུང་ན། གྲོས་དོན་དེ་འཛིན་སྐྱོང་བཀའ་ཤག་གིས་ལག་བསྟར་བྱེད་སྐབས། ལས་དོན་རང་བཞིན་གྱིས་འཐུས་ཤོར་འགྲོ་བ་སོགས་ཡོང་གི་ཡོད་པས། གནད་དོན་དེ་དག་གི་ཐད་ལ་ཞིབ་འཇུག་དང་འཚོལ་ཞིབ་ཐོག་ནས་ལས་དོན་བསྒྲུབ་དགོས་ཀྱི་ཡོད་རེད།

 

དྲི་བ། ༤ གལ་སྲིད་༸གོང་ས་མཆོག་གིས་བོད་ཀྱི་སྲིད་ཀྱི་ཐུགས་འགན་མ་བཞེས་ཚེ་བཅའ་ཁྲིམས་ལ་ བསྒྱུར་བཅོས་གང་དགོས་དང། ད་ལྟའི་བཅའ་ཁྲིམས་ནང་གི་སྡེ་སྲིད་ལྷན་ཚོགས་བསྐོ་སྟངས་ཐོག་དགོངས་ཚུལ་ག་རེ་ཡོད།

ལན།༤ ངའི་ངོས་ནས་༸གོང་ས་མཆོག་གིས་ཐུགས་འགན་བཞེས་པའི་སྐབས་སུ་བོད་ཀྱི་བདེན་མཐའ་གསལ་བར་ཡིད་ཆེས་དང་རེ་སྨོན་བྱེད་ཀྱི་ཡོད། ཡིན་ནའང་༧གོང་ས་མཆོག་གིས་རྒྱ་གར་གྱི་ཚགས་པར་ཁག་དང། བཀའ་སློབ་རིམ་པའི་ནང་འདིའི་སྐོར་མང་པོ་གསུང་མྱོང་ཡོད་པ་རེད། གལ་ཏེ་སྲིད་ཀྱི་ཐུགས་འགན་མ་བཞེས་པའི་དུས་ཤིག་ཡོང་ཚེ། ད་ལྟའི་བཅའ་ཁྲིམས་ནང་གི་སྡེ་སྲིད་ལྷན་ཚོགས་ཀྱི་སྐུ་དབང་དེ། མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པའི་སྐུ་དབང་ལ་བསྒྱུར་དགོས་སམ། ཡང་ན་བཅའ་ཁྲིམས་རང་འཇགས་འཇོག་གི་ཡིན་མིན་ཐད་ལ། སྐབས་དང་དུས་ཁོར་ཡུག་བཅས་ལ་བསྟུན་ནས་རིམ་གྱིས་གོམ་པ་མདུན་སྤོས་གནང་དགོས་པ་མཐོང་གི་ཡོད།

 

དྲི་བ། ༥ ད་ཡོད་ཀྱི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་སྒྲིག་འཛུགས་ཀྱི་འགྲོ་སྟངས་དེ་མ་ འགྲིག་པ་དང་འགྱུར་བ་གཏོང་དགོས་པ་དེ་འདྲ་གཟིགས་ཀྱི་ཡོད་དམ།

ལན།༥ ད་ཡོད་བཙན་བྱོལ་ནང་གི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དེ། བོད་ནང་གི་ཆོལ་ཁའི་གྲུབ་ཆ་ལ་བརྟེན་ནས་སྐུ་ཚབ་ཕེབས་ཀྱི་ཡོད་པ་དང་། དེ་བཞིན་བོད་ལ་ཐུན་མོང་མ་ཡིན་པའི་ཆོས་ཕྱོགས་ཀྱི་སྲོལ་རྒྱུན་བཟང་པོ་དར་ཁྱབ་ཆེ་བས། དེ་དག་གི་སྐུ་ཚབ་ཕེབས་ཕྱོགས་རྣམས་ངས་ཚད་ལྡན་ལུགས་མཐུན་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། རྗེས་སུ་མང་གཙོའི་གོ་རྟོགས་གོང་འཕེལ་དང་ཆབ་སྲིད་ཀྱི་བསམ་བློ་གུ་ཡངས་ཅན་ཆགས་པའི་སྐབས། ཆབ་སྲིད་ཚོགས་པ་མང་དུ་འགྲོ་ངེས་ཡིན་པ་དང། དེ་ལ་བརྟེན་ནས་ཕྱོགས་འགལ་ཚོགས་པ་དང་གྲོས་ཚོགས་གོང་འོག་སོགས། ཨ་རི་དང་རྒྱ་གར་ལྟ་བུ་འཛམ་གླིང་གི་མང་གཙོ་ཚད་ལྡན་ལ་ངོས་འཛིན་བྱེད་བཞིན་པའི་རྒྱལ་ཁབ་འདི་དག་གི་ལམ་ལུགས་ལྟར། བོད་པའི་མང་གཙོའི་ལམ་ལུགས་ལའང་འགྱུར་བ་འགྲོ་སྲིད་པ་དང། ལེགས་བཅོས་བྱེད་དགོས་པ་ཡོང་གི་རེད་བསམ་གྱི་ཡོད། གལ་ཆེ་ཤོས་དེ་མི་མང་གི་མང་གཙོའི་གོ་རྟོགས་གོང་འཕེལ་དང་ཆབ་སྲིད་ཀྱི་བསམ་བློ་གུ་ཡངས་ཅན་དགོས་རྒྱུ་དེ་རེད་བསམ་གྱི་ཡོད།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།