མདོ་སྨད་སྤྱི་འཐུས་འོས་མི་ཀླུ་མཁར་བྱམས་ལགས་སུ་བཅར་འདྲི།

དྲི་བ། ༡ སྐུ་ཉིད་སྤྱི་འཐུས་ཀྱི་འོས་མིར་ལངས་དགོས་པའི་རྒྱུ་མཚན་གསུང་རོགས།

lukarjam-doemeyལན།༡ བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་དབང་ཆ་དང་། ཟ་རྒྱུ་འཐུང་རྒྱུ་ཡོད་སའི་ས་མིག་ཚང་མ་ཁྱིམ་རྒྱུད་ཆེ་ཁག་ཚོས་ཕན་ཚུན་ནང་ཁུལ་ལག་བརྒྱུད་ཀྱིས་སྤྲོད་རྒྱུ་དང་། དེ་བཞིན་མི་ཞིག་གངས་སྐྱིད་ཀྱི་དབང་འཛིན་པ་ག་གེ་མོའི་སྣང་བར་མ་སོང་ན། ཁོང་ཚོས་ཚོགས་པ་སྐྱིད་སྡུག་ཁག་གི་འགོ་བྱེད་ཚོ་བརྒྱུད་དེ། མང་ཚོགས་ནང་འདྲོགས་མགོ་བསླངས་ཐོག་མི་དེ་ཏག་ཏག་བཟོ་བཞིན་ཡོད་ལ། བྱེད་སྟངས་འདིར་ངས་བལྟས་ཀྱིན་བལྟས་ཀྱིན་ཉོབ་སྣང་སྐྱེ་ཡོང་གི་འདུག

མཚམས་རེ་སྤྱི་ཚོགས་ཐེབས་ཆག་འདི་དང་གཏན་ནས་ཁ་བྲལ་ན་བསམ་གྱི་འདུག  འོན་ཀྱང་བཟང་ཕྱོགས་ནས་བཤད་ན། དེང་སྐབས་གཞི་རིམ་མང་ཚོགས་ཀྱི་ནུས་པ་ཡར་རྒྱས་ཕྱིན་པར་བརྟེན། དབང་འཛིན་པ་ཚོས་ཞེ་འདོད་ལྟར་མང་ཚོགས་གང་ལ་ཁྲིད་ཆོག་ཆོག་ཅིག་མ་ཡིན་པར། ང་ལྟ་བུ་ཡང་ན་ནིང་ད་ལོ་སྤྱི་འཐུས་ཀྱི་འོས་མིའི་ཁོངས་སུ་སླེབས་པ་མ་ཟད། ཅུང་མང་དུ་འགྲོ་བཞིན་འདུག དེར་བརྟེན་ངས་ང་སྤྱི་འཐུས་ཐོབ་སོང་བའི་དབང་དུ་བཏང་ཡང་ཆེན་པོ་ཞིག་བྱེད་རྒྱུ་འདུག་བསམ་གྱི་མེད་མོད། འཕེལ་ཕྱོགས་འདི་གལ་ཆེན་པོ་མཐོང་ནས་དངོས་གཞིའི་འོས་ཁོངས་སུ་ལངས་པ་ཡིན།

དྲི་བ། ༢ སྐུ་ཉིད་ལ་འོས་ཐོབ་ན་ལས་དོན་གཙོ་བོ་གང་ལ་ཤུགས་སྣོན་རྒྱག་རྩིས་ཡོད་དམ།

ལན།༢ སྟོབས་ཆེན་རྒྱལ་ཁབ་ཚོའི་གྲོས་ཚོགས་འཐུས་མི་ཞིག་ལ་ཆ་བཞག་ན། ཁོ་ཚོའི་གཞུང་ལ་དམིགས་བཀར་ལག་དངུལ་འབོར་ཆེན་ཡོད་པ་མ་ཟད། ཁྲིམས་སྒྲིག་རང་བཞིན་གྱི་དབང་ཚད་དང་ཚོགས་པའི་ནང་མཐོང་ཆེན་པོ་ཡོད་པར་བརྟེན། སྤྱི་འཐུས་རྣམས་གལ་ཆེན་པོ་ཆགས་པ་རེད། ང་ཚོའི་སྤྱི་འཐུས་རྣམ་པར་དེའི་གྲས་སྣེ་གཅིག་མེད་པས། ལས་ཀ་ཞིག་བསྒྲུབ་ཐུབ་དང་མི་ཐུབ་མི་སྒེར་རྐྱང་པའི་ཤེས་འཇོན་ལ་ཐུག་འདུག དེར་བརྟེན། ང་གྲོས་ཚོགས་ནང་ཕྱིན་ན་ཆེན་པོ་ཞིག་སྒྲུབ་རྒྱུ་ཡོད་མདོག་མ་རེད་ལ། མ་ཐོབ་ན་འཐུས་ཤོར་རེད་བསམ་པའང་རྐང་གཅིག་མེད། ཡིན་ནའང༌། གྲོས་ཚོགས་ཀྱི་འཐུས་མི་ཡིན་ཟེར་དུས། ལས་དོན་གཙོ་བོ་གྲོས་གཞི་གྲོས་ཆོད་འཇོག་རྒྱུ་དང་། ཁྲིམས་སྒྲིག་གཞི་བཟོ་རྒྱུ་དེ་རེད། ཡང་ཁྲིམས་ཟེར་དུས་མང་ཚོགས་ལ་ཕན་པའི་ཁྲིམས་དང་། དབང་བསྒྱུར་གྲལ་རིམ་མམ་གཞུང་འཛིན་ཤོག་ཁག་གི་ཁེ་ཕན་དང་མཐུན་པ་རིགས་གཉིས་ཡོད་སྟབས། སྤྱི་འཐུས་ཤིག་ལ་མཚོན་ན་རང་ཉིད་མི་མང་གི་ངོ་ཚབ་ཡིན་པ་ར་གསལ་པོ་འཕྲོད་དགོས་པ་དང་། མར་མང་ཚོགས་ཀྱི་ཆེད་དུ་ཁྲིམས་སྒྲིག་བཟོ་རྒྱུ་དང་གྲོས་གཞི་གྲོས་ཆོད་འཇོག་རྒྱུར་འབད་དགོས་པ་ལས། དབང་བསྒྱུར་བ་ལ་སྟབས་བདེ་ཆེད་ཁྲིམས་སྒྲིག་བཟོ་རྒྱུའི་མཚོན། རང་ཉིད་ཀྱི་ཁེ་ཕན་ཆེད་དབང་བསྒྱུར་ཤོག་ཁག་ལ་ངོ་གཡོག་འཁྲབ་པ་སོགས་དུས་ནམ་ཡང་མི་བྱེད་རྒྱུ་གལ་ཆེན་པོ་རེད། གལ་སྲིད་ང་སྤྱི་འཐུས་ལ་ཐོབ་པ་ཡིན་ན་ལས་དོན་ཟེར་ན་རེད། ཕྱོགས་འདི་ནས་ཤུགས་རྒྱག་དགོས་པ་རེད་བསམ་ཡོད།

 

དྲི་བ། ༣ སྐུ་ཉིད་ཀྱིས་འདས་པའི་གྲོས་ཚོགས་ནང་མ་འགྲིག་ས་གཙོ་བོ་དང་འཐུས་ཤོར་ཕྱིན་པ་ གཙོ་བོ་ག་རེ་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ། དེའི་ཐོག་དགོངས་ཚུལ་ག་རེ་ཡོད།

ལན།༣ མིའི་ཤོག་ཁག་དཔུང་སྒྲིག་བྱེད་པ་ནི་ལྷན་སྐྱེས་ཀྱི་གཤིས་སྤྱོད་ཅིག་ཡིན་མོད། གྲོགས་ཚོགས་ཀྱི་ར་བའི་ནང་དཔུང་ཁག་སྒྲིག་སྟངས་ནི། ཆབ་སྲིད་ཀྱི་ལངས་ཕྱོགས་ཁ་གསལ་ཡོད་པའི་མི་བུ་སྒེར་དང་ཚོགས་ཁག་ཕན་ཚུན་བར་དཔུང་སྒྲིག་བྱེད་པ་དང་། གཞུང་འཛིན་ཚོགས་པ་དང་ཕྱོགས་འགལ་ཚོགས་པ་ཤོག་ཁག་ཁ་གྱེས་ནས་དཔུང་སྒྲིག་བྱེད་པ་ལས། འུ་ཚང་གི་གྲོས་ཚོགས་ནང་བཞིན་ལུང་ཚན་དཔུང་སྒྲིག་དང། ཆོས་ཚན་འཐེན་འཁྱེར། མི་ཚང་ཆེ་བ་ཁག་གི་ས་འོག་དར་ཐག་འཐེན་པ་སོགས་ཀྱིས་ཕན་ཚུན་དཔུང་སྒྲིག་འཐེན་འཁྱེར་བྱེད་པ་ནི་ཡག་རྟགས་ཤིག་རྩ་ནས་མ་རེད། དེའི་སྟབས་ཀྱིས་སྐབས་སྔོན་མར་ཚོགས་གཙོ་འདེམས་མ་ཐུབ་པར་ལོ་དུས་ཕྱེད་བགོས་དང་། སྐབས་༡༤ བའི་ཚོགས་དུས་༨ པ་མཇུག་བསྡོམས་རྒྱག་མ་ཐུབ་པ་བཅས་ངན་རྟགས་ཕྱིར་ཐོན་པ་རེད་ལ། དེ་ལ་ནང་གསེས་དབྱེ་ན། ལམ་ལུགས་རང་བཞིན་གྱི་འཐུས་ཤོར་དང་། མི་འགྲོ་རང་བཞིན་གྱི་ནོར་འཁྲུལ་གཉིས་ལ་དབྱེ་ཆོག ངས་ད་ལོའི་སྔོན་འགྲོའི་འོས་མི་ཡོང་སྟངས་ལ་བལྟས་ན། ནོར་འཁྲུལ་དང་འཐུས་ཤོར་འདི་མུ་མཐུད་ལྷག་ས་རེད་བསམ་གྱི་འདུག མི་བདེན་ན་ལྟོས།

 

དྲི་བ། ༤ གལ་སྲིད་༸གོང་ས་མཆོག་གིས་བོད་ཀྱི་སྲིད་ཀྱི་ཐུགས་འགན་མ་བཞེས་ཚེ་བཅའ་ཁྲིམས་ལ་ བསྒྱུར་བཅོས་གང་དགོས་དང། ད་ལྟའི་བཅའ་ཁྲིམས་ནང་གི་སྡེ་སྲིད་ལྷན་ཚོགས་བསྐོ་སྟངས་ཐོག་དགོངས་ཚུལ་ག་རེ་ ཡོད།

ལན།༤    ཨ་ཨ། སྡེ་སྲིད་ལྷན་ཚོགས་ཟེར་བ་དེ་ཚོ་ནམ་ཞིག་གི་སྐད་ཆ་རེད། སྡེ་སྲིད་ཟེར་བ་དེ་ནི་ལོ་སུམ་བརྒྱའི་གོང་གི་དགའ་ལྡན་ཕོ་བྲང་༼དགེ་སོག་གཞུང་༽གི་འགྲོ་སྟངས་ཤིག་རེད་ལ། ད་ཆ་རྦད་དེ་དུས་དེ་ཡོལ་ཕྱིན་པ་རེད། ༸གོང་ས་མཆོག་གིས་ཁོང་བགྲེས་ཡོལ་ལ་ཕེབས་ནས་བཅའ་ཁྲིམས་ནང་གི་སྐུ་དབང་ལ་འགྱུར་བ་གཏོང་དགོས་སྐོར་ཉེ་ཆར་ཝར་ཎ་ནས་ཀྱང་ཞལ་གསལ་གསུངས་པ་མ་ཟད། ཁོང་གིས་ཕྱི་ལོ་༢༠༠༡ ལོར་བཀའ་ཁྲི་ཐད་འདེམས་བྱས་པ་ནས་དགའ་ལྡན་ཕོ་བྲང་གི་དབང་ཆ་འཛིན་པའི་ལོ་རྒྱུས་མཇུག་སྒྲིལ་བ་རེད་ཐེངས་ག་ཚོད་ལ་གསུངས་འདུག  ང་ཚོས་ཁ་ཙམ་མིན་པར་༸རྒྱལ་བ་རིན་པོ་ཆེ་དོན་གྱི་བདག་པོར་བརྩི་རྒྱུ་ཡིན་ན། དོན་གྱི་བདག་པོའི་བཀའ་ངོ་མ་དང་གསུང་དྲོན་པོ་འདི་ལ་བདག་པོ་རྒྱག་དགོས་པ་རེད། ཁ་གསང་ན་ང་ཚོས་དུས་རབས་ཀྱི་འགྲོས་དང་མཐུན་པའི་སྲིད་འཛིན་ལམ་ལུགས་ཀྱི་མང་གཙོའི་གཞུང་ཞིག་ཡོང་རྒྱུར་འབད་བརྩོན་བྱ་དགོས་པ་ལས། ལྷ་མི་ཟུང་འབྲེལ་གྱི་སྡེ་སྲིད་ཅིག་ལ་མ་འོངས་པར་སུ་གང་གིས་ངོས་ལེན་བྱེད་མདོག་མ་རེད།

 

དྲི་བ། ༥ ད་ཡོད་ཀྱི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་སྒྲིག་འཛུགས་ཀྱི་འགྲོ་སྟངས་དེ་མ་ འགྲིག་པ་དང་འགྱུར་བ་གཏོང་དགོས་པ་དེ་འདྲ་གཟིགས་ཀྱི་ཡོད་དམ།

ལན།༥ སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང༌། འགྲོ་སྟངས་ཚང་མ་མི་འགྲིག་གི དེ་བཞིན་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་ངོ་ཚབ་མཚོན་པའི་འཐུས་མི་ཞིག་དགོས་པའི་དབང་དུ་བཏང་ཡང་། ཡོང་སྟངས་འདི་གཏན་ནས་མ་རེད། མ་གཞི་དེ་ལ་འགྱུར་བ་གཏོང་དགོས་ན་སྤྱི་ཚོགས་ལ་ཕོག་ཐུག་འགྲོ་བ་དང་གྱོང་རག་འགྲོ་བ་ཞིག་རྩ་བ་ནས་མ་རེད། འོན་ཀྱང༌། འུ་ཚང་གི་ལུང་ཚན་ཆབ་སྲིད་པ་ཚོས་རྒྱུ་མཚན་མེད་སར་རྒྱུ་མཚན་ཉི་ཚེ་བ་རེ་དྲངས་ཏེ་བསྒྱུར་བཅོས་ཀྱི་ལམ་ཁ་བཀག་བསྡད་ཡོད་པ་རེད། ད་ནི་སྔ་རྗེས་ཙམ་མ་གཏོགས་ལམ་ལུགས་འདི་འཐོར་དགོས་པ་གང་ཞིག་ལ་ཇི་ཙམ་མགྱོགས་ན་དེ་ཙམ་གྱིས་ཡག་གི་རེད། མ་གཏོགས་ང་ཚོའི་གྲོས་ཚོགས་ལམ་ལུགས་དེའི་སྤྱི་ཚོགས་ཀྱི་དཀའ་ངལ་སེལ་རྒྱུ་ཕར་ཞོག རང་ཉིད་རང་གི་དཀའ་ངལ་ཆགས་བསྡད་ཡོད་པ་ཚང་མས་མཁྱེན་གསལ་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།