མདོ་སྟོད་སྤྱི་འཐུས་འོས་མི་ངག་དབང་བསྟན་པ་ལགས་སུ་བཅར་འདྲི།
དྲི་བ། ༡ སྐུ་ཉིད་སྤྱི་འཐུས་ཀྱི་འོས་མིར་ལངས་དགོས་པའི་རྒྱུ་མཚན་གསུང་རོགས།
ལན།༡ གུས་པ་བོད་རྒྱལ་ཁབ་ཀྱི་སྤྱི་འབངས་མི་མང་ཞིག་ཡིན་པས་བསྟན་སྲིད་སླར་གསོའི་ལས་འགུལ་ནང་ཞུགས་འདུན་ཆེན་པོ་ཡོད་སྟབས། བརྒྱུད་ལམ་བཟང་པོ་ཞིག་གི་འོག་ནས་གཞུང་མང་གཉིས་ལ་ཕན་པ་ཅུང་ཞིག་བསྒྲུབ་ཐུབ་ན་བསམ་པའི་འདུན་པ་བཟུང་བ་དང་། དེ་བཞིན་ང་ཚོ་དུས་རབས་དང་མཐུན་པའི་མི་རབས་ཀྱང་བརྗེ་པོ་བརྒྱབ་སྟེ་མ་འོངས་བོད་མིའི་འདུན་ལམ་བཟང་པོ་ཞིག་བསྐྲུན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
དྲི་བ། ༢ སྐུ་ཉིད་ལ་འོས་ཐོབ་ན་ལས་དོན་གཙོ་བོ་གང་ལ་ཤུགས་སྣོན་རྒྱག་རྩིས་ཡོད་དམ།
ལན།༢ མ་འོངས་པའི་བོད་སླར་གསོ་བྱེད་ཕྱོགས་དེ་གཞི་རྩ་ཤེས་ཡོན་ལ་རག་ལས་པ་དང་། བཙན་བྱོལ་དུ་གནས་རིང་གཞིས་ཆགས་བརྟན་ལྷིང་སོགས་དཔལ་འབྱོར་གྱི་དཀའ་ངལ་སེལ་བའི་ཐབས་ལམ་ལ་འབད་བརྩོན་བྱེད་འདོད་ཡོད། དེ་བཞིན་གཞུང་མང་དབར་གྱི་གནད་དོན་གོ་བརྡ་མ་འཕྲོད་པ་རྣམས་འཕྲོད་ཐབས་དང་གཞུང་དང་མི་མང་དབར་གྱི་འབྲེལ་ལམ་གྱི་ཟམ་པ་བཟང་པོ་ཞིག་བྱེད་རྒྱུ་མ་ཟད་༸གོང་ས་མཆོག་གི་བཀའ་དགོངས་དང་ཡོངས་སུ་མཐུན་པ་དང༌། བཅའ་ཁྲིམས་དང་ཁྲིམས་ལུགས་ལ་གུས་བརྩི་གནང་མཁན་གྱི་འགོ་འཁྲིད་ཡང་དག་རྣམས་ལ་རྒྱབ་སྐྱོར་རམ་འདེགས་ཞུ་རྒྱུ་ཡིན།
དྲི་བ། ༣ སྐུ་ཉིད་ཀྱིས་འདས་པའི་གྲོས་ཚོགས་ནང་མ་འགྲིག་ས་གཙོ་བོ་དང་འཐུས་ཤོར་ཕྱིན་པ་ གཙོ་བོ་ག་རེ་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ། དེའི་ཐོག་དགོངས་ཚུལ་ག་རེ་ཡོད།
ལན།༣ གཙོ་བོ་དེ་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་མི་དེ་དག་ནང་། བཅའ་ཁྲིམས་དང་ཁྲིམས་ལུགས་རྣམས་ལ་སྣང་ཆུང་བྱས་ཏེ་སྤྱི་སེམས་མེད་ཐོག རང་ཁེ་བྱུང་ན་བོད་གཞུང་ཡིན་ན་ཁྱུར་མིད་དུ་གཏོང་སེམས་ཡོད་པའི་སྤྱི་རྒྱུ་སྒེར་བདག་ཅན་སོགས་དུས་ཡུན་རིང་པོ་སྤྱི་འཐུས་ནང་དུ་ཡོད་སྟབས། དེའི་མཉམ་དུ་ཧ་མི་གོ་མཁན་ཁ་ཤས་བེད་སྤྱོད་བཏང་ཏེ་རྙོག་གླེང་གི་གཞི་རྩ་རུ་ཆགས་པ་དེ་འཐུས་ཤོར་དུ་མཐོང་བྱུང་། ཁ་རུ་ཁ་ཐུག་དང་གཡོ་རྒྱུ་ཅན་གཉིས་དབར་གྱི་འཐབ་རྩོད་དེས་འཐུས་ཤོར་ཆེན་པོ་འགྲོ་ཡི་ཡོད་པར་མཐོང་།
དྲི་བ། ༤ གལ་སྲིད་༸གོང་ས་མཆོག་གིས་བོད་ཀྱི་སྲིད་ཀྱི་ཐུགས་འགན་མ་བཞེས་ཚེ་བཅའ་ཁྲིམས་ལ་ བསྒྱུར་བཅོས་གང་དགོས་དང། ད་ལྟའི་བཅའ་ཁྲིམས་ནང་གི་སྡེ་སྲིད་ལྷན་ཚོགས་བསྐོ་སྟངས་ཐོག་དགོངས་ཚུལ་ག་རེ་ཡོད།
ལན།༤ དེ་ནི་ཡོང་ཐབས་མེད་པ་ཞིག་རེད། གལ་སྲིད་བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་མ་རྫོགས་བར་དེ་སྲིད་དུ་༸གོང་ས་མཆོག་གིས་ཐུགས་འགན་བཞེས་ཀྱི་རེད། གནས་སྐབས་བགྲེས་ཡོལ་གྱི་རྣམ་པ་ཙམ་ལས་དོན་དུ་སྲིད་ཀྱི་ཐུགས་འགན་བཞེས་ཀྱི་ཡིན་གསུངས་ཡོད་སྟབས་བློ་བདེ་བག་ཕེབས་སུ་ཡོད། ད་ལྟའི་བཅའ་ཁྲིམས་ནང་དུ་གསལ་བའི་སྡེ་སྲིད་ལྷན་ཚོགས་ཤིག་གོ་སྒྲིག་གནང་སྟེ་འགྲོ་རྒྱུ་རེད། དེ་ནས་མ་བྱུང་ན་བསྒྱུར་བཅོས་ཇི་ལྟར་གཏོང་དགོས་མིན་སྤྱི་འཐུས་ལྷན་ཚོགས་ཀྱིས་གཟིགས་ཞིབ་གནང་གི་རེད།
དྲི་བ། ༥ ད་ཡོད་ཀྱི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་སྒྲིག་འཛུགས་ཀྱི་འགྲོ་སྟངས་དེ་མ་ འགྲིག་པ་དང་འགྱུར་བ་གཏོང་དགོས་པ་དེ་འདྲ་གཟིགས་ཀྱི་ཡོད་དམ།
ལན།༥ སྤྱི་འཐུས་ཀྱི་གྲུབ་ཆ་དང་སྒྲོམ་གཞི་འདིར་༸གོང་ས་མཆོག་དང་། སྤྱི་འཐུས་ལྷན་ཚོགས་ཀྱིས་དགོངས་པ་ཆེན་པོ་བཞེས་ཏེ་ཆུ་བརྒྱ་ཟམ་འོག་ཏུ་འདུས་པའི་ཐབས་ལམ་བཟུང་སྟེ། གྲུབ་ཆ་གསར་གཏོད་གནང་བ་དང༌། རྒྱུན་འཁྱོངས་གནང་བ་འདི་དག་ང་ཚོ་བཙན་བྱོལ་དུ་གནས་རིང་འདི་ལས་ལྷག་པ་ཞིག་བྱ་ཐབས་བྲལ་བ་དང་། རང་དབང་སླར་གསོ་བྱུང་མཚམས་མངའ་སྡེ་དང་། གྲོས་ཚོགས་གོང་འོག སྲིད་དོན་གྱི་ཚོ་ཁག་བཟུང་ཏེ་མང་གཙོ་ཡང་དག་ཏུ་ཕེབས་ཐུབ་ན་ལས། དེ་མིན་འདི་ལས་ལྷག་པ་ཞིག་མེད་པ་ལྟ་བུ་རེད།།