རྙིང་མ་པའི་སྤྱི་འཐུས་འོས་མི་འཆམ་ར་དྲི་མེད་ལགས་སུ་བཅར་འདྲི།
དྲི་བ། ༡ སྐུ་ཉིད་སྤྱི་འཐུས་ཀྱི་འོས་མིར་ལངས་དགོས་པའི་རྒྱུ་མཚན་གསུང་རོགས།
ལན།༡ ཐོག་མའི་ཆར་གུས་པ་སྤྱི་འཐུས་འོས་མིར་ལངས་རྒྱུའི་འཆར་གཞི་དེ་འདྲ་གང་ཡང་མེད། འོན་ཀྱང་སྔོན་འགྲོའི་འོས་བསྡུའི་སྐབས་སྔ་འགྱུར་རྙིང་མའི་གྲྭ་བཙུན་སྔགས་གསུམ་གྱིས་རང་འགུལ་ཐོག་དཀའ་ངལ་མང་པོ་ཞིག་གདོང་ལེན་གནང་ནས། ང་ལ་རེ་བ་དང་ཡིད་ཆེས་ཆེན་པོས་རྙིང་མའི་སྤྱི་འཐུས་ཀྱི་འོས་ཤོག་བླུགས་ཏེ་སྔོན་འགྲོའི་འོས་མི་ཨང་གསུམ་པ་དེ་ཐོབ་འདུག གནས་ཚུལ་དེ་དག་ཤེས་རྟོགས་བྱུང་བ་དང་རང་ཉིད་ལ་འགན་ཞིག་ཡོད་པ་ཚོར་བྱུང་ལ། ཉི་མ་དེ་ནས་བཟུང་མང་ཚོགས་ཀྱི་རེ་བ་ལྟར།
སྤྱིར་ན་དད་དམ་གྱིས་འཚོ་བའི་བོད་གཞིས་བྱེས་གཉིས་ཀྱི་དཀའ་སྡུག་དང་། མ་ཟད་ད་ལྟའི་དཔལ་སྔ་འགྱུར་རྙིང་མ་པའི་གནས་སྟངས་འདི་དག་ལ་བསམ་ནས་དངོས་གཞིའི་འོས་ཁོངས་སུ་ཞུགས་པ་ཡིན། དེ་བཞིན་ད་ལྟའི་གྲོས་ཚོགས་ར་བའི་གྲུབ་ཆ་འགའ་ལ་བསམ་ན་རང་ཉིད་ཀྱང་མི་འོས་པ་ཅང་མི་འདུག་སྙམ་པ་ཞིག་བྱུང་བས་ཡིན།
དྲི་བ། ༢ སྐུ་ཉིད་ལ་འོས་ཐོབ་ན་ལས་དོན་གཙོ་བོ་གང་ལ་ཤུགས་སྣོན་རྒྱག་རྩིས་ཡོད་དམ།
ལན།༢ གལ་སྲིད་ཡང་དག་པའི་མང་ཚོགས་ཀྱི་ཁེ་དབང་ལས་གུས་པར་འོས་ཐོབ་སོང་ན། གཙོ་བོ་དེ་བོད་ཀྱི་རྩ་དོན་ཡིན་པ་སྨོས་མེད་ཐོག་གཞིས་ལུས་མི་མང་ལ་དམ་ཟབ་ཀྱི་འབྲེལ་ལམ་དང་སྒོ་ཀུན་ནས་སྲུང་སྐྱོབ་བྱ་རྒྱུའི་ནུས་ཤུགས་འདོན་དགོས་པ་མཐོང་ཀྱི་ཡོད། དེ་ནས་ད་ལྟའི་བོད་ཀྱི་སྐད་ཡིག་ཉམས་ཆག་འགྲོ་བཞིན་པ་འདི་ནི། བོད་ཀྱི་སྐད་ཡིག་ཤེས་པའི་དགེ་མཚན་དེས་མང་ཚོགས་ལ་ཉིན་རེའི་འཚོ་བའི་ནང་གི་དགོས་མཁོ་ཡག་པོ་ཞིག་སྐྲུན་ཐུབ་པའི་སྡིངས་ཆ་བཟང་པོ་ཞིག་མེད་པས་ཡིན་པར་ངོས་འཛིན་ཐོག དེ་འདྲའི་ཐོག་ལ་ཤུགས་ནུས་བཏོན་ཏེ་སྐད་ཡིག་སྲུང་སྐྱོབ་དང་། ཆོས་བརྒྱུད་ཁག་གིས་གཙོས། རྙིང་མ་ནང་ཁུལ་དུའང་ལོ་དུས་བཞིན་དགོན་སྡེ་མཉམ་འདུས་ཀྱི་འཆད་རྩོད་རྩོམ་གསུམ་གྱི་སྡིངས་ཆ་ཞིག་བསྐྲུན་པ་སོགས། མདོར་ན་འཆམ་མཐུན་དང་ཆིག་སྒྲིལ། ཡར་རྒྱས་དང་སྲ་བརྟན་གྱི་ཕྱོགས་ལ་ཤུགས་རྒྱག་དགོས་དྲན་གྱི་ཡོད།
དྲི་བ། ༣ སྐུ་ཉིད་ཀྱིས་འདས་པའི་གྲོས་ཚོགས་ནང་མ་འགྲིག་ས་གཙོ་བོ་དང་འཐུས་ཤོར་ཕྱིན་པ་གཙོ་བོ་ག་རེ་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ། དེའི་ཐོག་དགོངས་ཚུལ་ག་རེ་ཡོད།
ལན།༣ དེ་སྔོན་གྱི་མཐོང་སྣང་ལ། གྲོས་ཚོགས་ར་བའི་ནང་མ་འགྲིག་ས་གཙོ་བོ་ནི། ནང་ཁུལ་གྱི་ན་ཚ་རྙིང་པ་ཞིག་གིས་བག་ཆགས་རུལ་པ་ཞིག་བསྐྲུན་ཏེ། དེ་གཉིས་ཁ་འཐབ་ཡོང་དུས་གྲོས་ཚོགས་ཀྱི་དུས་ཚོད་མང་པོ་ཞིག་ཆུད་ཟོས་དང་། ན་ཚ་དང་བག་ཆགས་དེའི་གཡོ་འགུལ་ལ་མགོ་འཁོར་ནས་བོད་སྤྱིའི་རྩ་དོན་ལ་ནུས་ཤུགས་འདོན་རྒྱུའི་ཐད་དོ་ཕོག་ངེས་ཅན་ཞིག་འགྲོ་བཞིན་པ་ཚོར་སོང་། གོད་ཆག་དེར་གདོང་ལེན་གྱི་ཐབས་ལམ་ནི། ང་ཚོའི་ཁ་གཏད་ངོ་མ་སུ་ཞིག་ཡིན་མིན་ངོ་ཤེས་པ་བྱས་ནས། དགྲ་བོའི་མནར་གཅོད་འོག་ནས་མེས་པོའི་ལོ་རྒྱུས་འཚོལ་རྒྱུ་དེ་རེད་དྲན། བདེན་པའི་ལོ་རྒྱུས་འདི་དག་གིས་བོད་ནང་ཁུལ་གྱི་མ་མཐུན་ས་ཙག་ཙིག་དེ་ཚོ་སྣང་མེད་ཐོག་བོད་ཅེས་པ་དེ་ལ་ཤ་ཚ་དང་། ལྷག་བསམ་ཞིག་བསྐྲུན་ངེས་རེད།
དྲི་བ། ༤ གལ་སྲིད་༸གོང་ས་མཆོག་གིས་བོད་ཀྱི་སྲིད་ཀྱི་ཐུགས་འགན་མ་བཞེས་ཚེ་བཅའ་ཁྲིམས་ལ་བསྒྱུར་བཅོས་གང་དགོས་དང། ད་ལྟའི་བཅའ་ཁྲིམས་ནང་གི་སྡེ་སྲིད་ལྷན་ཚོགས་བསྐོ་སྟངས་ཐོག་དགོངས་ཚུལ་ག་རེ་ཡོད།
ལན།༤ ༸གོང་ས་མཆོག་གིས་བགྲེས་ཡོལ་ཁམས་གཙང་གསུངས་བསྡད་པ་དེ་ནི་སྦེལ་ཀོབ་ཏུ་གཞུང་མང་ཚོགས་ཆེན་དང་པོའི་མཇུག་བསྡོམས་སྐབས་གསུངས་པ་ལྟར། རླབས་ཆེན་གྱི་ཡང་དག་པའི་དགོངས་བཞེད་ཅིག་ལ་ངོས་འཛིན་གྱི་ཡོད་ལ། ཁོང་གི་དགོངས་བཞེད་གཙོ་བོ་ཞིག་ནི་མང་གཙོའི་ལམ་སྲོལ་ཡང་དག་པ་ཞིག་འཛུགས་རྒྱུ་དེ་ཡིན་པ་ལྟར། ང་ཚོས་ཁོང་གི་སློབ་མ་ཡག་པོ་ཞིག་བྱས་ཏེ་དགོངས་བཞེད་ཀྱི་སྙིང་པོ་བླངས་ནས། བརྩེ་བ་དང་སྙིང་རྗེ་ཆེན་པོའི་མཐུ་ནུས་འདི་དག་གི་གོ་སྐབས་མ་ཤོར་བ་རང་ཚུགས་ཐུབ་པ་གནང་རྒྱུ་དང་། སྡེ་སྲིད་ལྷན་ཚོགས་བསྐོ་སྟངས་ཀྱི་བཅའ་ཁྲིམས་དག་ཕྱིར་བསྡུའི་ཐོག ད་ལྟའི་མང་གཙོའི་ལམ་ཁ་འདི་ནས་ཕྱིར་མི་ལོག་པ། དུས་རབས་དང་མཐུན་པའི་མང་གཙོའི་ལམ་ཁར་ཤར་སྐྱོད་བྱེད་པའི་གྲ་སྒྲིག་དགོས་པ་རེད་དྲན།
དྲི་བ། ༥ ད་ཡོད་ཀྱི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་སྒྲིག་འཛུགས་ཀྱི་འགྲོ་སྟངས་དེ་མ་འགྲིག་པ་དང་འགྱུར་བ་གཏོང་དགོས་པ་དེ་འདྲ་གཟིགས་ཀྱི་ཡོད་དམ།
ལན།༥ ད་ལྟའི་བོད་ཀྱི་གནས་སྟངས་འདི་ལ་བསམ་དུས་ཆོལ་ཁ་གསུམ་དང་། ཆོས་བརྒྱུད་ལྔའི་འཐུས་མི་ཡོང་ཁུངས་ཀྱི་ད་ལྟའི་ལམ་སྲོལ་འདི་ནི་ལྷས་གནང་བའི་དངོས་གྲུབ་ཞིག་རེད་དྲན། ལམ་སྲོལ་འདིའི་དགེ་མཚན་འོག་གཞིས་བྱེས་གཉིས་ཙམ་དུ་མ་ཟད་བོད་གཞུང་མང་གཉིས་དང་བོད་དང་ཧི་མ་ལ་ཡའི་མི་རིགས། དེ་བཞིན་ནང་པ་ཚང་མ་དང་བོད་གཉིས་ཀྱི་བར་དུ་འབྲེལ་ལམ་དང་ཡིད་ཆེས་ཆེན་པོ་ཞིག་བསྐྲུན་གྱི་ཡོད་ལ། འདས་པའི་ལོ་རྒྱུས་ལ་བལྟས་ཡོང་དུས་ཡིད་ཆེས་དེའི་འོག་ནས་ད་ལྟའི་བོད་ཀྱི་ཆིག་སྒྲིལ་གྱི་སྟོབས་ཤུགས་ནུས་ལྡན་འདི་དང། རྒྱབ་སྐྱོར་གྱི་དཔུང་རོགས་བཙན་པོ་འདི་དག་ཡོང་ཡོད་པར་ངོས་འཛིན་གྱི་ཡོད། །