བཀའ་ཁྲིའི་འོས་མི་གསུམ་གྱི་ད་ལྟའི་ལས་གནས་ལ་དཔྱད་པ།

བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་ཀྱི་རྩོམ་སྒྲིག་པའི་གཏམ། ཚེ་རིན་དོན་གྲུབ་ནས་བསྒྱུར།

འོས་མི་ཞིག་གི་ལས་གནས་ལ་དཔྱད་པ་གཏོང་སྐབས། ཁོང་གི་ཉེ་ཆར་གྱི་ལས་གནས་དེས་ཁོའྀ་ལྗིད་ཚད་འཇལ་ཐུབ། འོས་མི་དེ་ལ་ལས་གནས་མང་པོ་ཞིག་ཡོད་པའམ་ཡང་ན་ལས་གནས་གཅིག་མ་གཏོགས་མེད་ཀྱང་དེས་ཁོ་ཚད་འཛིན་བྱེད་ཐུབ་པ་ནི་དངོས་ཡོད་ཀྱི་གནད་དོན་ཞིག་ཡིན་པས། བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་རྩོམ་སྒྲིག་པས་ཕྱི་གསལ་ནང་གསལ་ཐོག་བཀའ་ཁྲིའི་འོས་མི་གསུམ་གྱི་ད་ལྟའི་ལས་གནས་ཀྱི་འགན་འཁུར་ཚུལ་ལ་དབྱེ་ཞིབ་ཅིག་བྱས་ཡོད། ང་ཚོས་དབྱེ་ཞིབ་འདི་བརྒྱུད་ནས་འོས་བླུག་མཁན་ཚོར་འོས་མི་སུ་ཞིག་ང་ཚོའི་བཙན་བྱོལ་སྲིད་གཞུང་གི་ཆེས་མཐོའི་ཡིག་ཚང་ནང་དུ་སླེབས་པར་ཁྱད་ནུས་ཡོད་པ་ཤེས་རྟོགས་དང་ཕན་ཐོགས་ཡོང་བའི་རེ་བ་ཡོད།

གཤམ་དུ་ང་ཚོས་འོས་མི་རེ་རེའི་ད་ལྟའི་ལས་གནས་ལ་དབྱེ་ཞིབ་བྱས་ཡོད།

བློ་བཟང་སེངྒེ།
ཧར་ཝཌ་(Harvard)མཐོ་སློབ་ཀྱི་དྲ་བའི་སྟེང་གི་གནས་ཚུལ་ལ་གཞིགས་པ་ཡིན་ན། བློ་བཟང་སེངྒེ་ལགས་ཀྱིས་ཉམས་ཞིབ་ལས་རོགས་(Research Fellow)ཀྱི་ལས་ཐོག་ཕྱག་འགན་བཞེས་ཀྱི་ཡོད་འདུག  ཕྱི་ལོ་༢༠༡༠ལོའི་ཟླ་༨ནང་ཧར་ཝཌ་མཐོ་སློབ་ཀྱི་འཛིན་སྐྱོང་ལས་བྱེད་འཐུས་ཚོགས་ངོས་ནས་ཕུལ་བའི་ཡི་གེ་ཞིག་གི་ནང་ཕྱི་ལོ་༢༠༠༤་ལོར་མཐར་ཕྱིན་པ་ནས་བློ་བཟང་སེངྒེ་ལགས་ནི་ཉམས་ཞིབ་འབྲེལ་ཡོད་པ་(A Research Associate)ཞིག་ཡིན་ཚུལ་བརྗོད་འདུག ཡི་གེ་དང་དྲ་གནས་ཐོག་གནས་ཚུལ་རིམ་འགོད་བྱས་པར་གཞིགས་ན། ཕྱི་ལོ་༢༠༡༠ལོའི་ལོ་མཇུག་ཙམ་ནས་ཁོང་གི་ལས་གནས་ཉམས་ཞིབ་ལས་རོགས་ཀྱི་ངོ་བོར་འཕར་ཡོད་འདུག
ལས་གནས་སྐོར་འགྲེལ་བཤད།
ང་ཚོས་ཉམས་ཞིབ་འབྲེལ་ཡོད་པ་དང་ཉམས་ཞིབ་ལས་རོགས་གཉིས་ཀྱི་ཁྱད་པར་གསལ་པོ་མ་ཤེས་པས། ལས་གནས་འདི་གཉིས་ཀྱི་སྐོར་ཧར་ཝད་མཐོ་སློབ་ཀྱི་རྩ་འཛིན་ནང་འཁོད་པར་བལྟས་པ་ཡིན། དེ་ལས་ང་ཚོས་ཤེས་རྟོགས་བྱུང་བ་ལྟར་ན་དེ་གཉིས་ཀྱི་ཁྱད་པར་ནི་ཉམས་ཞིབ་ཐད་རང་དབང་ལྡན་མིན་རེད། ཉམས་ཞིབ་འབྲེལ་ཡོད་པ་ནི་སློབ་དཔོན་ཆེན་མོ་ཞིག་གི་སློབ་སྟོན་ལྟར་ཉམས་ཞིབ་ཀྱི་ལས་ལ་ཞུགས་དགོས་པ་ཞིག་ཡིན་འདུག་ལ། ཉམས་ཞིབ་ལས་རོགས་ནི་སྡེ་ཚན་ཁག་དང་ལྟེ་གནས་ཁག་གི་རྒྱབ་སྐྱོར་འོག་ཉམས་ཞིབ་ཀྱི་ལས་ལ་འཇུག་པར་རང་དབང་ཅུང་ཙམ་ལྡན་པ་ཞིག་ཡིན། འོན་ཀྱང་དེ་གཉིས་གང་ལའང་སློབ་ཁྲིད་བྱེད་པའི་འགན་དབང་མི་འདུག
ཁྱད་པར་འདི་འདྲ་ཞིག་ཕྱེས་པ་ན། བློ་ངོར་གསལ་ཆ་མེད་པའི་དོགས་གཞི་ཞིག་འཁོར་ཡོང་བ་ལ་ཁག་ཅི་ཡོད། དེ་ནི་ཕལ་ཆེར་བློ་བཟང་སེངྒེའི་ལས་གནས་དངོས་ཅི་ཞིག་ཡིན་པའི་ཐད་གོ་ནོར་ཐེབས་པས་ཡིན་པར་ངེས། དཔེར་ན། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ངོས་ནས་ངེས་གཏན་མེད་པར་རྒྱ་གར་ནང་གི་ས་གནས་ཁག་སོ་སོར་བཀའ་ཁྲིའི་འོས་བསྡུ་དང་འབྲེལ་བའི་གཏམ་བཤད་སྐབས་བློ་བཟང་སེངྒེ་ནི་སློབ་དཔོན་ཆེན་མོ་(Professor)ཞིག་ཡིན་པའི་འགྲེལ་བརྗོད་གནང་ཡོད་པ་དང༌། བློ་བཟང་སེངྒེ་ཁོང་གི་ངོས་ནས་ཀྱང་དོགས་པ་ལངས་བཅུག་ཡོད་དེ། ཁོང་གིས་ངེས་གཏན་མེད་པར་ཕྱི་ལོ་༢༠༠༩ལོའི་ཕ་ཡུལ་དྲ་བའི་སྟེང་འཁོད་པའི་རྩོམ་ཡིག་ནང་དང་བཀའ་བློན་ཁྲི་བའི་འོས་བསྡུ་དང་འབྲེལ་བའི་དྲ་བ་སོགས་ཀྱི་སྟེང་ཁོང་ནི་ཉམས་ཞིབ་ལས་རོགས་རྒན་པའི་(Senior Fellow)མཚན་གནས་ཅན་ཞིག་ཡིན་ཚུལ་སོགས་བརྗོད་ཡོད། ཉམས་ཞིབ་ལས་རོགས་རྒན་པ་ནི་གོ་གནས་ཅུང་མཐོན་པོ་ཡོད་པ་ཞིག་ཡིན་པ་དང༌། བློ་བཟང་སེངྒེ་ལགས་ཀྱིས་ཕྱག་ལས་གནང་སའི་སྡེ་ཚན་ནང་ཉམས་ཞིབ་ལས་རོགས་རྒན་པའི་མཚན་གནས་ཅན་གུའོ་ལུའོ་ཅི(Guo Luoji)ཟེར་བ་གཅིག་པུ་ལས་མི་འདུག
བློ་བཟང་སེངྒེ་ལགས་ཀྱི་ལས་གནས་སྐོར་ཤེས་རྟོགས་གསལ་པོ་བྱུང་རྗེས། ང་ཚོས་ཁོང་སློབ་མཐར་ཕྱིན་རྗེས་ཀྱི་ལོ་ངོ་དྲུག་གི་ནང་དཔྱད་བརྗོད་རྩོམ་ཡིག་གསུམ་ལས་མ་སྤེལ་བའི་རྒྱུ་མཚན་ཅི་ཡིན་ཡང་རོབ་ཙམ་ཤེས་རྟོགས་བྱུང༌། (དེ་སྔ་ང་ཚོས་ཁོང་གིས་སྤེལ་བའི་དཔྱད་བརྗོད་རྩོམ་ཡིག་གསུམ་པོའི་སྐོར་ལའང་བསྐྱར་ཞིབ་བྱས་ཡོད)ཉེ་བའི་ཆར་མ་གཏོགས་བློ་བཟང་སེངྒེ་ལགས་ཀྱིས་སློབ་དཔོན་ཆེན་མོ་ཞིག་གི་ལམ་སྟོན་ལྟར་ཕྱག་ལས་གནང་དགོས་བྱུང་བས། ཁོང་གི་དུས་ཚོད་ཚང་མ་སློབ་དཔོན་ཆེན་མོའི་ཞིབ་འཇུག་རྩོམ་ཡིག་གི་ཁ་གསབ་རྒྱུ་ཆའི་ཆེད་གཏོང་དགོས་བྱུང་བས་ཡིན་པ་དང༌། འདི་ནི་ང་ཚོས་ཤེས་རྟོགས་བྱུང་བའི་ཞིབ་འཇུག་འབྲེལ་ཡོད་པའི་ལས་འགན་སྐོར་ཡིན།
སློབ་དཔོན་ཆེན་མོ་ཝི་ལི་ཡམ་ཨལ་ཧྥོར་ཊ(Proffesor William Alford)མཆོག་དང་གཞན་དག་གི་མཛུབ་སྟོན་འོག་བློ་བཟང་སེངྒེ་ལགས་ཀྱི་ཕྱག་ལས་ནི་ཞིབ་འཇུག་ཙམ་མ་ཡིན་པར། ཧར་ཝཌ་མཐོ་སློབ་དུ་ཁོང་གིས་གཉེར་བའི་ཕྱག་ལས་གལ་ཆེ་ཤོས་ནི་བོད་རྒྱའི་གནད་དོན་སྐོར་གྲོས་མོལ་བྱེད་པའི་ཚོགས་འདུ་རབ་དང་རིམ་པ་སྐོང་འཚོགས་བྱས་པ་དེ་རེད། (བོད་ཀྱི་སྲིད་དོན་བསྐྱར་ཞིབ་ཀྱི་རྩོམ་སྒྲིག་པ་ངེད་གསུམ་ཡང་ཚོགས་འདུ་ཁག་ལ་ཞུགས་མྱོང་ཡོད།) ང་ཚོས་ཐད་གར་མཐོང་བའི་སྣང་ཚུལ་ནི། སློབ་དཔོན་ཆེན་མོ་ཨལ་ཧྥོར་ཊ་མཆོག་གིས་མཛད་སྒོའི་གསུང་བཤད་གནང་བ་དང༌། ཚོགས་འདུར་ཞུགས་པའི་རྒྱ་ནག་གི་ཤེས་ཡོན་པ་ཚོ་སྙན་གྲགས་ཆེ་བའི་ཁྲིམས་ལུགས་སློབ་དཔོན་ཁོང་དང་མཉམ་དུ་འདྲ་པར་རྒྱག་རྒྱུར་བྲེལ་བ་ཆེན་པོ་བྱེད་ཀྱི་འདུག་ལ། བློ་བཟང་སེངྒེའི་ཕྱག་ལས་ནི་མཐུན་རྐྱེན་གོ་སྒྲིག་བྱ་རྒྱུ་དང༌། སྡེ་ཚན་དབྱེ་བ་བྱ་རྒྱུ། གསུང་བཤད་གནང་མཁན་ཚོ་གདན་འདྲེན་ཞུ་རྒྱུ། གསུང་བཤད་གནང་མཁན་ཚོའི་གསུང་བཤད་ཡིག་ཆ་ཕྱོགས་བསྡུ་བྱ་རྒྱུ། ཕན་ཚུན་ཕྱོགས་སུ་མ་ལྷུང་བའི་མགྲོན་བདག་ཞིག་ལྟར་ཚོགས་འདུ་བདེ་ལེགས་ངང་ལམ་ལྷུང་ཡོང་བའི་འགན་ལེན་བྱེད་པ་ལྟ་བུ་ཞིག་ཏུ་མཐོང་སོང༌།
ལས་གནས་ཀྱི་དུས་ཡུན་དང་དགོངས་ཞུའི་ངོ་བོ།
ཕྱི་ཟླ་༡ཚེས་༨ཉིན་མི་ནེ་སོ་ཌཱ་(Minnesota)ས་གནས་སུ་བློ་བཟང་སེངྒེ་ལགས་ཀྱིས་ཧར་ཝཌ་མཐོ་སློབ་ངོས་ནས་ཁོང་གིས་བཀའ་བློན་ཁྲི་པ་གནང་པའི་དུས་ཡུན་ལོ་ལྔའི་རིང་དགོངས་པ་གནང་རྒྱུར་ཞལ་བཞེས་ཐོབ་ཡོད་སྐོར་གསུངས་པ་དང༌། དེ་མིན་ཁོང་གིས་སློབ་དཔོན་ཆེན་མོ་རོ་བྷེར་ཌོ་ཨན་གྷེར(Professor Roberto Unger)མཆོག་གིས་བྷེར་ཛིལ་སྲིད་གཞུང་ནང་སྲིད་བློན་གྱི་ཕྱག་ལས་གནང་དགོས་ཐུག་སྐབས་ཧར་ཝཌ་མཐོ་སློབ་ངོས་ནས་ལོ་ལྔའི་དགོངས་པ་གནང་ཡོད་ཚུལ་གསུངས་ཡོད་ལ། ད་དུང་ཁོང་གིས་སློབ་དཔོན་ཆེན་མོ་ཨན་གྷེར་གྱི་མིང་ཡིག་མཐའ་མའི་དག་ཆ་མི་དམངས་ཚོར་གསལ་འདོན་ཡང་བྱས་ཡོད།
ཕྱིས་སུ་ཁོང་གི་ལན་འདེབས་ནང་ཁོང་ལ་ཁག་ཐེག་གི་ལས་ཀ་མེད་ནའང་ཁོང་ཕྱིར་ཧར་ཝཌ་མཐོ་སློབ་ལ་སླེབས་རྗེས་བསྐྱར་ཏུ་ལས་ཞུགས་ཆེད་སྙན་ཞུ་ཕུལ་ན། ལས་ཀ་ལས་རྒྱུ་ཡོད་ངེས་རེད་ཅེས་དེ་སྔ་ཁོང་གིས་བཤད་པ་དང་ནང་འགལ་ཤོར་ཡོད་པ་ལྟ་བུ་ཞིག་གསུངས་འདུག་ལ། དེ་བཞིན་ཕྱི་ཟླ་༢ཚེས་༡༦ཉིན་ཧར་ཝཌ་མཐོ་སློབ་ཀྱི་གསར་ཤོག་སྟེང་”གལ་ཏེ་བློ་བཟང་སེངྒེ་འོས་འདེམས་བྱུང་ཚེ་ཁོང་གིས་ཁྲིམས་ལུགས་སློབ་གྲྭའི་ལས་གནས་ནས་རྩ་དགོངས་ཞུ་དགོས”ཞེས་འཁོད་འདུག ང་ཚོས་ལས་གནས་སུ་བསྐྱར་ཞུགས་བྱ་ཆེད་སྙན་ཞུ་བསྐྱར་ཏུ་འབུལ་དགོས་ཚེ་སློབ་དཔོན་ཆེན་མོ་ཨན་གྷེར་(ལས་གནས་གཏན་འཇགས་ཡོད་པའི་སློབ་དཔོན་ཆེན་མོ་ཞིག)དང་གཅིག་མཚུངས་ཀྱིས་དགོངས་འཁྲོལ་ཐོབ་སྟངས་ཅི་འདྲ་ཡིན་ནམ་སྙམ་གྱི་འདུག གནས་སྟངས་འདི་ང་ཚོའི་ངོས་ནས་བཤད་ན་རྩ་དགོངས་ཀྱི་ངོ་བོ་རང་ཡིན་པ་མ་གཏོགས་དགོངས་འཁྲོལ་ཐོབ་པའི་ངོ་བོ་ཞིག་ཏུ་མཐོང་གི་མི་འདུག གནད་དོན་འདིས་ང་ཚོར་དོན་དངོས་སུ་བློ་བཟང་སེངྒེའི་ལས་གནས་ཀྱི་ངོ་བོ་ཅི་ཞིག་ཡིན་སྐོར་ལ་བསམ་བློ་འཁོར་བཅུག་སོང༌། ཁོང་གི་ལས་གནས་ནི་གཏན་འཇགས་ཀྱི་ལས་གནས་ཤིག་ཡིན་ནམ་ཡང་ན་གནས་སྐབས་ཀྱི་ལས་གནས་ཤིག་ཡིན་ནམ།
བློ་བཟང་སེངྒེས་མི་ནེ་སོ་ཌཱ་ས་གནས་སུ་ཧར་ཝཌ་མཐོ་སློབ་ནང་ཡོད་པའི་ཁོང་གི་ལས་གནས་སྐོར་བཤད་པར་གཞིགས་པ།
ཧར་ཝཌ་མཐོ་སློབ་ཀྱི་རྩ་འཛིན་ལ་གཞིགས་ཚེ། ཉམས་ཞིབ་ལས་རོགས་ཀྱི་ལས་གནས་ནི་དུས་ཡུན་ལོ་གཅིག་རེ་བཞིན་བསྐོ་འཇོག་བྱེད་པའི་ལས་གནས་ཤིག་རེད། ལས་གནས་འདི་ནི་ཧར་ཝཌ་མཐོ་སློབ་ཀྱིས་ཞིབ་འཇུག་བྱས་ཏེ་མང་ཤོས་ལོ་ལྔའི་རིང་ལོ་རེ་བཞིན་བསྐྱར་ཞུགས་བྱ་ཆོག་སའི་ལས་གནས་ཤིག་རེད། དེར་བརྟེན་བློ་བཟང་སེངྒེས་ཧར་ཝཌ་མཐོ་སློབ་ཏུ་ལོ་གཅིག་གི་དུས་ཡུན་ཅན་གྱི་ལས་གནས་ཤིག་གཉེར་བཞིན་པ་མངོན་ཡོང་གི་འདུག གལ་ཏེ་ཕྱི་ལོ་༢༠༡༠ལོར་ཁོང་ཉམས་ཞིབ་ལས་རོགས་སུ་བསྐོ་བཞག་བྱས་ཡོད་ཚེ། ཧར་ཝཌ་མཐོ་སློབ་ཀྱིས་མོས་མཐུན་བྱེད་མིན་ལ་གཞིགས་ཏེ་ཁོང་གིས་ལོ་རེ་བཞིན་བསྐྱར་ཞུགས་ཀྱི་ལམ་ནས་ཕྱི་ལོ་༢༠༡༥བར་ལས་གནས་དེ་གཉེར་ཆོག་པ་ཞིག་ཡིན་ངེས། དེ་ནི་ཁོང་ལ་གཏན་འཇགས་ཀྱི་ལས་གནས་ཤིག་ཁག་ཐེག་གིས་ཡོད་པ་མ་ཡིན་ཏེ། ཁོང་གིས་གསུངས་པའི་ལོ་ལྔའི་དགོངས་པ་ཞེས་པའི་དོན་ནི་ལོ་ལྔའི་དུས་ཡུན་ནང་ཁོང་གིས་ལས་གནས་ཆེད་སྙན་ཞུ་བསྐྱར་འབུལ་བྱ་ཆོག་པའི་དོན་ཡིན་པ་རེད།
དོན་དངོས་ཀྱི་གནས་ཚུལ་འདི་དག་ལས་བློ་བཟང་སེངྒེས་སློབ་དཔོན་ཆེན་མོ་ཨན་གྷེར་མཆོག་དཔེ་རུ་དྲངས་པ་ནི་འོས་འཚམས་ཤིག་མིན་པ་གསལ་བོ་ཆགས་ཡོད། སློབ་དཔོན་ཆེན་མོ་ཨན་གྷེར་མཆོག་གི་ལས་གནས་ནི་ལོ་རེ་བཞིན་སྐོ་འཇོག་བྱེད་ཀྱི་ཡོད་པའི་ལས་གནས་ཤིག་མ་རེད་ལ། གནས་སྐབས་ཀྱི་ལས་གནས་ཤིག་ཀྱང་མ་རེད། ཁོང་གི་ལས་གནས་ནི་ཁག་ཐེག་ཡོད་པའི་གཏན་འཇགས་ཀྱི་ལས་གནས་ཤིག་རེད། ཁོང་ཕྱིར་ལོག་སྟེ་སྔར་གྱི་སློབ་ཁྲིད་བྱེད་པའི་ལས་གནས་རང་འཇགས་བཟུང་ཡོད་པ་རེད། དེ་མིན་ད་དུང་སློབ་དཔོན་ཆེན་མོ་ཨན་གྷེར་མཆོག་ལ་ཧར་ཝཌ་མཐོ་སློབ་ངོས་ནས་གནང་པའི་དགོངས་པའི་དུས་ཡུན་ནི་བློ་བཟང་སེངྒེས་གསུངས་བ་ལྟར་ལོ་ལྔ་མ་ཡིན་པར་ལོ་གཉིས་ཡིན་པ་རེད། ལོ་གཉིས་ཀྱི་རྗེས་སུ་ཁོང་ལ་དགོངས་འཁྲོལ་མ་ཐོབ་པས་མི་འདོད་བཞིན་ཏུ་ཕྱིར་ལོག་དགོས་ཐུག་ཡོད།
གལ་ཏེ་བློ་བཟང་སེངྒེར་བཀའ་བློན་ཁྲི་པའི་འོས་འདེམས་ལས་རྒྱལ་ཁ་ཐོབ་ཚེ། མ་འོངས་པར་ཁོང་གིས་མི་དམངས་ཚོར་བཀའ་མོལ་གནས་སྟངས་ཐད་ཧ་ཅང་གཟབ་ནན་བྱ་དགོས་ངེས། དབུ་ཁྲིད་ཅིག་གི་ངོས་ནས་བཤད་ན། དངོས་དོན་དང་མི་འཚམ་པའི་གནས་ཚུལ་བསྒྲགས་ནས་རྒྱལ་སྤྱིའི་སྟེགས་བུ་རུ་ལངས་ཐབས་བྱེད་པའམ་ལམ་ལོག་ཏུ་སྣེ་ཁྲིད་བྱ་གཏན་ནས་མི་རུང༌།  གང་ལྟར་ཡང་དོན་དངོས་སུ་རྒྱལ་སྤྱིའི་སྲིད་དོན་ལས་རིགས་ནང་རྣམ་འགྱུར་སྟོན་སྟངས་ནི་ཧ་ཅང་གལ་ཆེན་པོ་རེད།
རོགས་དངུལ་ཡོང་ཁུངས།
ཕྱི་ལོ་༢༠༡༠ལོའི་ཟླ༨པའི་ཧར་ཝཌ་མཐོ་སློབ་ཀྱི་ཡི་གེའི་ནང་བློ་བཟང་སེངྒེའི་ལས་གནས་དང་འབྲེལ་བའི་རོགས་དངུལ་ཡོངས་ཁུངས་སྐོར་ཤེས་འདོད་ཡོད་པའི་གནས་ཚུལ་ཞིག་དྲངས་འདུག། ཡི་གེ་དེའི་ནང་”ཕྱོགས་སྐྱོད་ཀྱི་མཁས་དབང་ཚོ”(Visiting Scholars)དང་འབྲེལ་བའི་དཔྱད་གཞི་ཞིག་ཀྱང་འདུག དེ་ནི་གལ་ཏེ་བློ་བཟང་སེངྒེ་ཁོང་ཕྱོགས་སྐྱོད་མཁས་དབང་ལ་ངོས་འཛིན་བྱེད་པའི་ལས་གནས་སུ་ཡོད་ཚེ་འབྲེལ་བ་ཡོད་པ་ཞིག་རེད། དེ་ནི་ཁོང་ཧར་ཝཌ་མཐོ་སློབ་ཀྱི་དྲ་གནས་ཐོག་ཕྱོགས་སྐྱོད་མཁས་པའི་ལས་འཆར་གྱི་ཐོ་གཞུང་ནང་ཡོད་པས་རེད།
དོན་དངོས་མཐོང་བའི་རྒྱུ་མཚན་འདི་གལ་ཆེན་པོ་རེད། ཧར་ཝཌ་མཐོ་སློབ་ཀྱི་དྲ་གནས་ལ་གཞིགས་ན། ཕྱོགས་སྐྱོད་མཁས་དབང་ཚོར་ཧར་ཝཌ་མཐོ་སློབ་ངོས་ནས་ཕོགས་ཐོབ་འབུལ་གྱི་མི་འདུག ཕྱོགས་སྐྱོད་མཁས་དབང་ཚོས་རང་ངོས་ནས་འགྲོ་སོང་གཏོང་བའམ་ཡང་ན་ཕྱི་ལོག་(མཐོ་སློབ་ཀྱི་ཕྱི་ལོག)ནས་རོགས་དངུལ་འཚོལ་དགོས་ཀྱི་འདུག དོན་དངོས་སུ་ཕྱོགས་སྐྱོད་ཀྱི་མཁས་དབང་ཚོས་ཧར་ཝཌ་འཛིན་སྐྱོང་ལ་ཡོན་དོད་(Administrative Fee)དུ་ཟླ་རེར་ཨ་སྒོར༦༠༠འབུལ་དགོས་ཀྱི་འདུག དེ་ནི(ལོ་གཅིག་ལ་ཁྱོན་བསྡོམས་ཨ་སྒོར༧༢༠༠)རེད།
ཁུངས་ལྡན་གྱི་གནས་ཚུལ་འདི་ལ་གཞིགས་ཚེ། ཧར་ཝཌ་མཐོ་སློབ་ཀྱི་རྩ་འཛིན་ལྟར་ན་ཞིབ་འཇུག་འབྲེལ་ཡོད་པ་དང་ཉམས་ཞིབ་ལས་རོགས་གང་ཡིན་ཡང་ཧར་ཝཌ་མཐོ་སློབ་བརྒྱུད་ནས་ཕོགས་ཐོབ་སྤྲོད་ཀྱི་ཡོད་པ་ལས་ཧར་ཝཌ་མཐོ་སློབ་ངོས་ནས་ཕོགས་ཐོབ་གང་ཡང་སྤྲོད་ཀྱི་མེད་པ་རེད། དེའི་གོ་དོན་ནི་ཕྱིའི་རོགས་དངུལ་གྱི་ཡོང་ཁུངས་ཤིག་ནས་སློབ་ཡོན་འབུལ་དགོས་རྒྱུ་ཡོད་པ་དེ་རེད། ཕྱིའི་རོགས་དངུལ་དེས་མཁས་དབང་གང་དེའི་ཟླ་ཕོགས་སྤྲོད་ཐབས་ཡོང་བ་གཅིག་པུ་ཙམ་མ་ཡིན་པར། དེས་ད་དུང་ཁོང་གི་གཞུང་འབྲེལ་ཕྱོགས་སྐྱོད་ལྟ་བུའི་འབྲེལ་ཡོད་འགྲོ་སོང་ཚང་མ་འདང་དགོས་ཀྱི་ཡོད། མཐོ་སློབ་ངོས་ནས་ཕྱོགས་སྐྱོད་མཁས་དབང་གང་དེའི་ངོས་ནས་ལོ་གཅིག་གི་འཚོ་བའི་མཐུན་རྐྱེན་གྱི་འགྲོ་སོང་འདང་ངེས་བའི་ཕྱིའི་རོགས་དངུལ་གྲངས་ཉུང་མཐར་ཡང་ཨ་སྒོར་༢༥༠༠༠སྟོན་རྒྱུ་དགོས་པ་དང། རང་ཉིད་དང་མཉམ་དུ་ཡོད་པའི་ཁྱིམ་མི་རེ་རེའི་ལོ་རེའི་འགྲོ་སོང་དོད་ཨ་སྒོར་༦༠༠༠སྟོན་རྒྱུ་ཡོད་དགོས་པའི་ཆ་རྐྱེན་བཏོན་ཡོད།
ཧར་ཝཌ་མཐོ་སློབ་ཀྱི་ལས་རིགས་སྡེ་ཚན་ཞིག་གི་ངོས་ནས་བཤད་ན། མཉམ་ཞིབ་འབྲེལ་ཡོད་པ་ཞིག་གི་ཕོགས་ཐོབ་འབྲིང་ཙམ་ནི་ཨ་སྒོར་༥༣༠༠༠ཡིན་པ་དང༌། ཆེས་ཉུས་ཤོས་ནི་ཨ་སྒོར་༢༨༠༠༠ཡིན་པ་རེད། དེ་ལྟར་ན་བསྡུར་ཚད་བརྒྱ་ཆའི་ཉི་ཤུ་རྩ་ལྔ་ཡི་ཆ་ནས་བརྩིས་པའི་ཕོགས་ཐོབ་ཨ་སྒོར་༤༠༥༠༠ཡི་ཁར་ཧར་ཝཌ་འཛིན་སྐྱོང་ཡོན་དོད་དང༌། ཁྱིམ་མི་གསུམ་གྱི་འགྲོ་སོང་འཆར་དངུལ། ཚད་དམའ་བའི་ཕྱོགས་སྐྱོད་འགྲོ་སོང་ཨ་སྒོར་༡༥༠༠༠བཅས་བསྡོམས་པ་ཡིན་ན། ཧར་ཝཌ་མཐོ་སློབ་ཀྱི་ཕྱོགས་སྐྱོད་མཁས་དབང་གི་མཚན་འཛིན་རེའི་ངོས་ནས་ཉུང་མཐར་ཡང་ལོ་རེར་ཕྱིའི་རོགས་དངུལ་གྲངས་ཨ་སྒོར་༩༣༧༠༠ཡི་གྲ་སྒྲིག་ཡོད་དགོས།
ང་ཚོས་བློ་བཟང་སེངྒེ་ལགས་ལ་ཁོང་གི་ལས་གནས་ཐད་རོགས་དངུལ་ཕྱི་ནས་ཐོབ་པ་ཡིན་མིན་དང༌། གལ་ཏེ་ཡིན་ཚེ་འདས་པའི་ལོ་ངོ་དྲུག་རིང་གི་ཕྱིའི་རོགས་དངུལ་གྱི་ཁུངས་གསལ་བོར་འགྲེལ་བརྗོད་གནང་རེའི་འཕྲིན་ཡིག་བསྐུར་བ་ཡིན། འོན་ཀྱང་ང་ཚོར་ཡིག་ལན་གང་ཡང་འབྱོར་མ་བྱུང༌། (བློ་བཟང་སེངྒེའི་ངོས་ནས་ང་ཚོས་གློག་འཕྲིན་བརྒྱུད་བྲིས་པའི་ཡི་གེ་གཞན་དག་ལའང་ལན་འདེབས་གནང་མ་སོང། དེར་བརྟེན་ང་ཚོས་མུ་མཐུད་ཁོང་གིས་ལན་འདེབས་བྱ་བར་རེ་སྒུག་བྱེད་ཐབས་མེད་པར་གྱུར) དེ་སྔ་བློ་བཟང་སེངྒེ་ལགས་ཀྱིས་ཁོང་འོས་འདེམས་ཆེད་གཏམ་བཤད་བྱ་བར་ཕྱོགས་སྐྱོད་བྱེད་པའི་འགྲོ་སོང་ཁག་ཅིག་ཧར་ཝཌ་མཐོ་སློབ་ངོས་ནས་བཏང་ཡོད་སྐོར་གསུངས་པས། འོས་འདེམས་ཆེད་བཏང་བའི་མ་དངུལ་གྱི་ངོ་བོ་ཕྱི་གསལ་ནང་གསལ་ཡོང་ཆེད་དྲི་བ་འདི་དག་ལ་ལན་འདེབས་བྱ་རྒྱུ་ནི་གལ་ཆེན་ཞིག་ཏུ་མཐོང༌།
མཐའ་སྡོམ།
བཀའ་བློན་ཁྲི་པའི་འོས་མི་གསུམ་པོའི་ངོས་ནས་རང་ཉིད་ཀྱི་ལངས་ཕྱོགས་ལྟར་བོད་ཀྱི་རྩ་དོན་ཆེད་ཕྱག་ལས་གནང་གི་ཡོད་པ་རེད། ཁོང་ཚོ་གསུམ་གྱི་ནང་ནས་སུ་ལ་འོས་ཐོབ་ནའང་འོས་འཕེན་མཁན་མི་དམངས་ཀྱི་ངོས་ནས་ཁོང་ཚོར་ཐུན་མོང་གི་ཁྱད་ཆོས་འདི་ཡོད་པ་ཤེས་དགོས་ལ། ཁོང་ཚོར་མ་མཐར་ཡང་ཕྱོགས་གཉིས་ནས་མི་འདྲ་བའི་ཆ་ཕྱེ་རྒྱུ་ཡོད་པའང་ཤེས་དགོས།
དང་པོ། དབུ་ཁྲིད་ཀྱི་ཁྱད་ཆོས།
བཀྲས་ཐོང་དང་བཀྲ་ཤིས་དབང་འདུས་གཉིས་ཀྱིས་སོ་སོའི་རྩ་འཛུགས་ཁག་ནང་སྣེ་ཁྲིད་པ་དང་དོ་དམ་པའི་ཕྱག་ལས་གནང་གི་ཡོད། ལས་འགན་དེ་དག་གི་ཁྲོད་ཁོང་གཉིས་ཀྱིས་འཆར་དངུལ་བརྒྱུད་སྤྲོད་དང༌། འཚོལ་སྒྲུབ། བཀོལ་སྤྱོད་སོགས་བྱས་ཏེ་གོ་སྒྲིག་དང་ལས་འགན་རིགས་ཁག་ཐེག་གསལ་བོ་བྱས་ཡོད། ད་དུང་གོང་རིམ་ནས་ལས་རིགས་སྤྱིའི་ཆ་ལ་གཟིགས་རྟོགས་དང་ལས་རིགས་བསྒྲུབ་ཕྱོགས་ཐད་དབྱེ་ཞིབ་བྱས་ཏེ། གཞི་རྒྱ་ཆེ་བའི་ཐོན་ཁུངས་བགོ་འགྲེམས་དང་རྙོག་འཛིང་ཆེ་བའི་མི་གཤིས་སྣ་ཚོགས་ལ་བསྟུན་ཐབས་སོགས་བྱ་གཞག་བསྒྲུབས་མྱོང་ཡོད་པ་དང༌། བཀྲས་མཐོང་ལ་མཚོན་ན་རྩ་འཛུགས་དང་མཐུན་པའི་སྲིད་ཇུས་གཏན་འབེབས་ཐད་ཉམས་མྱོང་འཕར་མ་ཡོད་འདུག
དེ་ལས་ལྡོག་པ་ཞིག་ནི། བློ་སེང་ལ་མཚོན་ན་ལོ་ངོ་དྲུག་གི་རིང་སློབ་དཔོན་ཆེན་མོ་གཅིག་གི་བཀོད་ཁྱབ་མཛུབ་སྟོན་འོག་ཕྱག་ལས་གནང་བ་ཞིག་ཡིན་ལ། ཁོང་ལ་མཚོན་ན་ཐད་ཀར་སྣེ་ཁྲིད་དང་དོ་དམ་གྱི་འགན་ཁུར་བའི་ལས་དོན་བསྒྲུབས་མྱོང་མེད་པ་ལྟར་སྣང་མོད། བོད་རྒྱ་མཐུན་ལམ་གྱི་གྲོས་མོལ་ཚོགས་འདུ་ཁག་གོ་སྒྲིག་བྱ་རོགས་བྱས་པའི་ཆ་ནས་དེ་འདྲ་བྱས་མྱོང་ཡང་ཡོད་སྲིད།

གཉིས་པ། ལྟ་ཚུལ།
བཀྲ་ཤིས་དབང་འདུས་ཀྱིས་ཕྱག་ལས་གནང་བ་ཚང་མ་བཙན་བྱོལ་བོད་གཞུང་གི་ནང་ཁུལ་དང་འབྲེལ་བ་ཆགས་ཡོད་པ་ཞིག་ཏུ་སྣང༌། ཁོང་གིས་འབྲེལ་འདྲེས་བྱ་ས་མང་ཆེ་བ་ནི་བོད་གཞུང་གི་ལས་བྱེད་ཁག་དང༌། གཞུང་འཛིན་མི་སྣ་ཡིན་ལ།  ཡོ་རོབ་ཀྱི་གཞུང་འབྲེལ་མི་སྣ་ཁག་ལའང་འབྲེལ་འདྲེས་བྱས་མྱོང་ཡོད། དེར་བརྟེན་བཀའ་ཁྲིའི་འོས་མི་གསུམ་གྱི་ནང་ནས་བཀྲ་ཤིས་དབང་འདུས་མཆོག་གི་ལྟ་ཚུལ་མང་ཆེ་བ་”དྷ་ས་གཙོ་བོར་བཟུང་བ་”ཞིག་ཡིན།
དེ་དང་མི་འདྲ་བ་ཞིག་ནི། བློ་སེང་དང་བཀྲས་མཐོང་གཉིས་ཀྱི་ལྟ་ཚུལ་ནི་འཛམ་གླིང་རང་བཞིན་གྱི་རྣམ་པ་ཤུགས་ཆེ་ལྡན་པ་ཞིག་ཡིན།  ཁོང་གཉིས་ཀྱིས་རྒྱལ་སྤྱིའི་ཐོག་གསར་གཏོད་ཅན་གྱི་བསམ་བློ་བ་དང་སྲིད་དོན་པ་འབྱུང་ས་གཙོ་བོར་ངོས་འཛིན་བྱེད་པའི་གཙུག་ལག་མཐོ་སློབ་ཁག་ཏུ་ཕྱག་ལས་གནང་མྱོང་ཡོད། བཀྲས་མཐོང་ལ་མཚོན་ན་ནུབ་ཕྱོགས་ཀྱི་སྲིད་གཞུང་འཛིན་སྐྱོང་བྱེད་པའི་ལམ་ལུགས་འོག་ཁྲིམས་ལུགས་དང་མཐུན་པའི་སྒོ་ནས་རྩ་འཛུགས་ཁག་འཛིན་སྐྱོང་དོ་དམ་བྱས་མྱོང་ཡོད། བློ་སེང་ལ་མཚོན་ན་ནུབ་ཕྱོགས་པའི་ཉམས་ཞིབ་རིག་པའི་རྣམ་གཞག་མང་པོའི་ཐད་སྦྱོང་བརྡར་ཐོབ་ཡོད་པ་ཞིག་ཡིན། ད་དུང་དེའི་ཁར་བློ་སེང་ལ་མཚོན་ན། བོད་རྒྱ་མཐུན་ལམ་གྱི་གྲོས་མོལ་ཚོགས་འདུའི་ཐད་ཕྱག་ལས་གནང་བ་དེས་རྒྱ་རིགས་མཁས་པ་མང་པོ་ཞིག་ལ་འབྲེལ་འདྲེས་བྱེད་པའི་གོ་སྐབས་ཀྱང་ལྡན་ཡོད། བཀྲས་མཐོང་གི་ལས་ཐོག་ཕྱག་ལས་དེས་སྲིད་དོན་དབུ་འཁྲིད་མཁན་དང༌། ནོ་བྷེལ་གཟེངས་རྟགས་ཐོབ་མཁན། གྲགས་ཅན་འཁྲབ་སྟོན་པ། མི་ཆེན་དཔོན་ཆེན་ཁག ཚོང་ལས་དཔལ་འབྱོར་གཉེར་མཁན། སྤྱི་དམངས་ཐོབ་ཐད་ཀྱི་དབུ་ཁྲིད་མཁན་སོགས་རྒྱབ་ལྗོངས་མི་འདྲ་བའི་མི་སྣ་མང་པོ་ཞིག་ལ་འབྲེལ་འདྲེས་བྱ་ཐུབ་པ་བྱུང་ཡོད།
གོང་གི་བསམ་ཚུལ་དེ་དག་ནི་བོད་ཀྱི་སྲིད་དོན་བསྐྱར་ཞིབ་རྩོམ་སྒྲིག་པའི་ངོས་ཀྱི་བསམ་ཚུལ་ཡིན། ང་ཚོའི་ངོས་ནས་རང་ནུས་གང་ཡོད་ཀྱིས་དོན་དངོས་ཐག་གཅོད་བྱ་བར་འབད་བརྩོན་བྱས་ཡོད་ལ། མཇུག་སྡོམ་བྱས་པར་ཡང་རྒྱུ་མཚན་ངེས་ཅན་ལྡན་པའི་ཡིད་ཆེས་བྱེད་ཀྱི་ཡོད།  འདིར་ང་ཚོས་འཁོད་པ་མ་ཡིན་པའི་ལྟ་ཚུལ་གཞན་གྱི་ཁ་སྣོན་ཡོང་བར་ཡང་དགའ་བསུ་ཞུ་བཞིན་ཡོད་ལ། བཀའ་ཁྲིའི་འོས་མི་རྣམ་པས་ང་ཚོའི་ངོས་ནས་ཆད་སྐྱོན་ཤོར་བའི་གནས་ཚུལ་གཞན་མཁོ་འདོན་བྱ་རྒྱུ་ཡོད་ནའང་དགའ་བསུ་ཞུ་ངེས་ཡིན།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།