མཛད་བདེ་དབུས་མའི་ཐབས་ལམ་བརྙེད་འཚོལ་དགོས་པ།

རྣམ་སྤེལ་ཚང་བློ་བཟང་སྦྱིན་པས།
༄། ད་རེས་གསུམ་བཅུའི་དུས་དྲན་གྱི་ཡོངས་ཁྱབ་གསུང་འཕྲིན་ཕེབས་སྟངས་འདི་གཞིས་བྱེས་གཉིས་སུ་གནས་པའི་བོད་རིགས་སུ་གཏོགས་ཚད་ཚང་མར་སེམས་ཚབས་མི་སྐྱེ་ཀ་མེད་ཞིག་རེད། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བཅུ་དྲུག་ལ་ཕེབས་སྐབས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་དུས་ད་ལྟ་བར་བོད་མིའི་འཕྲལ་ཕུགས་ཀྱི་བདེ་རྩ་ཁོ་ནར་དགོངས་ཏེ། དུས་བསྟུན་དངོས་ཡོད་གནས་སྟངས་ལ་གཞིགས་པའི་སྐུ་ངལ་ལྷུར་བཞེས་ཇི་ལྟར་གནང་བའི་ཚུལ་ནི་ལྕེ་བརྒྱར་སྤྲུལ་ནས་བརྗོད་ཀྱང་ཆ་ཤས་ཙམ་ཡང་སྨྲ་བའི་སྤོབས་པ་མེད།

སྔ་ལོའི་གསུམ་བཅུའི་གསུང་འཕྲིན་ནང་། “འབྱུང་འགྱུར་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་བྱུང་མཚམས་ནས་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་གང་ཡང་བཞེས་ཀྱི་མིན།”ཞེས་དང་།  དེ་རྗེས་གྲོས་ཚོགས་ལ་སྩལ་བའི་བཀའ་ཡིག་ནང་། “བོད་ཀྱི་རྩ་དོན་དང་བོད་རྒྱའི་འབྲེལ་ལམ་སྐོར་ཇི་སྲིད་མང་ཚོགས་ནས་ཡིད་ཆེས་རེ་འདུན་ཡོད་པ་དེ་སྲིད་དུ་ཅི་ནུས་གང་ལྕོགས་ཀྱི་ཐུགས་འགན་བཞེས་རྒྱུ་ཡིན།”ཞེས་བཀའ་སློབ་ཕེབས་ཡོད་རུང་། ད་རེས་གློ་བུར་དུ་མཚན་གནས་རྗེས་འབྲེལ་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་རྫོགས་རྩིས་སྤྲོད་གནང་རྒྱུའི་སྐོར་བཀའ་སློབ་གཞི་ལྗིད་པོ་འདི་འདྲ་ཕེབས་ཡོང་དུས་དངངས་སྐྲག་འཕར་མ་ཞིག་རང་བཞིན་ཡོང་གི་འདུག། ང་རང་ཚོ་མི་སྒེར་སོ་སོའི་མི་ཚེ་འཁྱོལ་ཙམ་ཡོང་འགྲོ་ཡང་། བོད་སྤྱི་དོན་གྱི་གནས་སྟངས་གང་འདྲ་ཆགས་ས་རེད། ྋགོང་ས་ཆེན་པོས་སྐུ་ཚེ་སྟོད་ལ་རླབས་ཆེན་དགོངས་རྒྱ་ཆེ་བཞེས་ཀྱིས་སྐུ་ངལ་དཔག་མེད་སྐྱོན་ཏེ་འཆར་གཞི་བཏིང་གནང་མཛད་པ་རྣམས་སྐུ་ཚེ་སྨད་ལ་བར་ཆད་དབང་གིས་མཇུག་སྐྱོང་མ་ཐུབ་པ་འཕྲོ་ཅན་དུ་ལུས་ན། རྡོག་ཁྲེས་དེ་འཁུར་ཐུབ་མཁན་སུ་ཡོད།   བོད་བསྟན་སྲིད་མི་རིགས་རང་དབང་དང་བཅས་པ་ཆག་འཇིག་གི་ཐུག་ས་ྋགོང་ས་མཆོག་གི་སྐུ་ཚེ་དང་། ཆབ་སྲིད་མཛད་འཕྲིན་འདི་ཁོ་ན་ལ་རག་ལས་པ་མཐོང་ཆོས་མྱོང་གྲུབ་ལ་བརྟེན། སྔོན་གྱི་ཐུགས་བསྐྱེད་དམ་བཅའ་བཏང་བའི་ཆ་ཕྲ་མོས་ཀྱང་མ་གོས་པ་དང་། མཁས་མཆོག་དབྱིག་གཉེན་གྱིས། སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་།། དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན།། དེ་ཉིད་མ་རྟོགས་གང་གར་འགྱུར་བ་ཡིས།། ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ།། ཞེས་གསུང་པ་ལྟར།   སྟོན་པ་འཇིག་རྟེན་གྱི་མིག་གཅིག་པུ་ནི་རིང་མོ་ནས་ཟུམ། དཔང་པོར་གྱུར་པའི་སྐྱེས་བུ་དམ་པ་ཕལ་ཆེར་ནི་སྐུ་ཞི་བར་གཤེགས། ཟོག་པོ་གཡོ་ཁྲམ་སོགས་རང་རྒྱུད་མ་རུངས་པའི་སྤྱོད་ཚུལ་ནི་སྒོ་ཀུན་ནས་དར་བའི་སྙིགས་མའི་རང་ཚུལ་ལ་ཐུགས་ཕམ་གྱི་རྣམ་པ་གཞར་ཡང་མི་བཞེས་པ་ནི་རྒྱལ་སྲས་སེམས་དཔའ་ཆེན་པོ་རྣམས་ཀྱི་རྨད་བྱུང་ཐུགས་བསྐྱེད་རྩ་བ་ཉིད་ཡིན་ལ། ཅི་སྟེ་ལོ་ཤས་གོང་ནས་བཟུང་རྒྱ་ཕྱོགས་ནས་ྋགོང་ས་མཆོག་ལ་ཆེད་མངགས་བསྡིར་ཏེ་བོད་དོན་ཞེས་པ་༧གོང་ས་མཆོག་སྐུ་སྒེར་ལ་ཐུག་འདྲ་ཚགས་ཤོག་དང་དྲ་རྒྱའི་ལམ་ནས་ཁུངས་ལུང་གཞི་རྩ་མེད་པའི་ངོ་རྒོལ་སྐྱོན་འཛུགས་དང་མཚན་སྨད་མཚན་ཤས་འགྲོ་གཞི་རབ་དང་རིམ་པ་ཐོན་ཡོད་པ་དེ་དག་ལ་རང་ཕྱོགས་ནས་སྐབས་དུས་སོ་སོར་ལན་འདེབས་གསལ་བཤད་དང་སྦྲགས། དགག་ལན་འཐུས་ཚང་བྱུང་མེད། ང་ཚོ་ནང་ཁུལ་ལ་རྩོམ་བྲིས་སྤེལ་བར་རྣམ་དཔྱོད་ཀྱི་བང་མཛོད་དེ། རྒྱ་མིར་ཐུག་དུས་སྤྲང་པོའི་རྩམ་ཁུག་ལྟར་བྱུང་ཡོད་པ་དེ་ངོ་ཚ་པོ་དང་བློ་ཕམ་པོ་ཞིག་རེད།

དེ་དང་ཕྱོགས་མཚུངས་བར་ལམ་ནས་རི་ཕར་རྒྱབ་ཀྱི་ཤུགས་རྐྱེན་ལྟ་བུས་ང་རང་ཚོའི་ཁྲོད་ནས་ལ་ལས་གནས་དུས་ཚོད་རྩིས་ལྟ་བུས་ཁབ་སྙུང་གང་འགྲོ་ཟུར་ཟའི་སྙད་འདོགས་བསྙོན་དཀྲི་བྱེད་སྟངས་དང་། བར་སྐབས་ཧེབ་ལངས་པ་ལྟ་བུས་ཆབ་སྲིད་ཀྱི་འགོ་ཁྲིད་གསར་པ་ཞིག་སླེབས་ཐུབ་པ་ཡིན་ཚེ། བོད་དོན་དཀའ་རྙོག་རྫུ་འཕྲུལ་བསྟན་པ་ལྟར་སེལ་ཆོག་ཆོག་ཡོད་འདྲའི་མྱོང་རྒྱུས་མེད་པའི་གླེང་ཕྱོགས་དེ་ཚོ་རང་དབང་རང་ལག་ཏུ་ཡོད་པའི་ལུང་པའི་འགྲོ་སྟངས་ལ་དཔར་བཀབ་བྱས་པ་དང་། གཞན་གྱི་ལུང་པའི་ནང་ང་རང་ཚོ་བཙན་བྱོལ་བའི་དངོས་ཡོད་གནས་སྟངས་ངོ་མ་ཇི་བཞིན་ངོས་མ་ཟིན་པའམ། ཡང་ན་འགན་འཁུར་མེད་པ་རང་གི་ལྟ་བ་དང་ལངས་ཕྱོགས་འཛིན་གྱི་སྐད་ཆ་བཤད་སྟངས་དེ་ཚོའི་རིགས་ཀྱིས་ལྷ་དགོངས་འཁྲུགས་གཞིའི་རྐྱེན་དུ་འགྲོ་མི་སྲིད་པ་མ་རེད། ཚིག་དམར་པོ་བྱས་ཏེ་ཞུས་ན། རང་རེ་བོད་མིའི་ཁྲོད་ནས་ཆོས་སྲིད་ཀྱི་མཁྱེན་རྒྱ་དང་། མཚན་སྙན་མཛད་འཕྲིན། ནུས་པ། འཛམ་གླིང་ནང་གུས་བརྩི་དང་། མཐོང་དང་ཆ་འཇོག།  ངོས་ལེན་ཡོད་པ། ལྷག་དོན་དུ་དོན་གྱི་བདག་པོ་གཞིས་ལུས་བོད་མི་ཡོངས་རྫོགས་ཀྱིས་དད་གུས་ཡིད་ཆེས་རེ་བཅོལ་བློས་འགེལ་ཞུ་ཡུལ་གཅིག་པུ་དེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་ལས་གཞན་སུ་ཡང་མེད་པ་མངོན་སུམ་ཚད་མས་གྲུབ་པ་རེད།  དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་ལས་ཀྱི་སྣེ་ལ་བཞུགས་པའི་འཛིན་སྐྱོང་བཀའ་ཤག་དང་། ཆོལ་གསུམ་ཆོས་ལུགས་དང་བཅས་པའི་སྤྱི་འཐུས་རྣམ་པས་འདི་སྐོར་མཛད་ཕྱོགས་མ་ནོར་བ་དགོངས་པ་གཏིང་ཟབ་བཞེས་དགོས་པའི་འབོད་བསྐུལ་ཞུ་རྒྱུ་ཡིན། བོད་ཀྱི་རྩ་དོན་ལངས་ཕྱོགས་ཐད་ལ་དཔེ་མཚོན་ཆ་བཞག་ན། བོད་མི་ཚོས་རང་བཙན་གཙང་མར་འདོད་པ་དང་། རྒྱ་ཕྱོགས་ནས་བོད་རྒྱ་མིའི་ཁོངས་གཏོགས་ཡིན་ཞེས་བཤད་པ་དེ་གཉིས་ཀྱི་དཀྱིལ་ལ། ྋགོང་ས་མཆོག་ནས་བོད་རྒྱ་གཉིས་སྨན་དབུ་མའི་ཐབས་ལམ་གསར་བཏོད་གནང་བར་བོད་འབངས་ཕལ་མོ་ཆེས་མོས་མཐུན་རྒྱབ་སྐྱོར་གཙང་མ་ཞུས་ཡོད། ཆོས་ཕྱོགས་ནས་འགྲེལ་བཤད་མང་པོ་གནང་རྒྱུ་ཡོད་རུང་། གང་ལྟར་ཡང་སྙིང་ྋགོང་ས་མཆོག་མིའི་གཟུགས་སུ་བྱོན་ཡོད་ཙང་། ན་རྒྱུ་ཚ་རྒྱུ་ཡོད་པ། ཐུགས་དགྱེས་པ་དང་ཐུགས་ཕམ། ཐུགས་སྐྱོ་བསུན། ཐུགས་ཚབས་ཡོང་རྒྱུ་ཡོད་པའི་ཐོག། དགུང་ནའི་བབས་དང་། ལྷག་དོན་དུ་ང་རང་ཚོའི་རྐང་པའི་ཐོག་ལངས་ཐུབ་པའི་ཐུགས་རེའི་བཀའ་སློབ་རིམ་ཕེབས་རླུང་ལ་བསྐུར་བ་ལྟར་མ་སོང་མ་སྙིང་བཅངས་ཀྱིས། བཙན་བྱོལ་སྤྱི་ཚོགས་ཀྱི་འཛིན་སྐྱོང་དང་འབྲེལ་བའི་ལས་དོན་ཆེ་ཕྲ་མཐའ་དག་ཐོག། གྲོས་ཚོགས་ནས་གཏན་ལ་ཕབ་པའི་གྲོས་ཆོད་དང་། མཐོ་རིམ་ལས་བྱེད་བསྐོ་ཕྱོགས་འཆར་གཞི་ཕྱག་རྟགས་དགོས་རིགས། ཐད་བསྐོས་སྤྱི་འཐུས་བསྐོ་གཞག་གནང་ཕྱོགས།

མཛད་གཙོ་རྣམ་པ་གསར་མཇལ་དང་དམ་འབུལ། གྲོས་ཚོགས་ལ་ཆིབས་བསྒྱུར་སོགས་རྟགས་རྟེན་དང་འབྲེལ་བའི་བྱེད་སྒོ་ཁག་ལམ་ལུགས་སྲོལ་འཛིན་མ་དགོས་པ་བཀའ་སྤྱི་ལྷན་རྒྱས་ནས་འགན་འཁུར་བསམ་ཞིབ་དང་། ྋགོང་ས་ཆེན་པོས་རྟག་ཏུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་གསུང་། ཇི་སྲིད་ནམ་མཁའ་གནས་པ་དང་། འགྲོ་བ་ཇི་སྲིད་གནས་གྱུར་པ། དེ་སྲིད་བདག་ནི་གནས་གྱུར་ནས། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག།ཅེས་ཐུགས་སྨོན་མཛད་པ་དེ་དེ་བཞིན་དུ། སྔོན་ཚེ་ཐུབ་པའི་དབང་པོའི་དྲུང་དུ་བོད་ཡུལ་གདུལ་བྱར་བཞེས་རྒྱུའི་ཐུགས་བསྐྱེད་དམ་བཅའ་གནང་བ་མི་བསྙེལ་བའི་ཞབས་བསྐུལ་དང་འབྲེལ། གང་གི་གདུལ་བྱ་ཉམ་ཐག་བོད་འབངས་རྣམས་ཐུགས་རྗེའི་ར་བ་ནས་ནམ་ཡང་མ་བོར་བར་བསྟན་འགྲོའི་བདེ་རྩར་འགྱུར་བའི་མཛད་འཕྲིན་ལས་ནམ་ཡང་འབྲལ་མེད་བཀའ་བཞེས་ཐུགས་རྗེ་ཆེ་བ་ཞེས་མཛད་བདེ་གཉིས་སྨན་དབུ་མའི་ཐབས་ལམ་ཞིག་བརྙེད་ཐབས་བཀའ་གྲོས་གང་ཡོང་གནང་འོས།   ྋགོང་ས་མཆོག་ནི་གཞན་ཕན་དང་། བྱམས་བརྩེ་དང་སྙིང་རྗེའི་བདག་ཉིད་ཡིན་པའི་ཁར། གནད་དོན་རྒྱུ་མཚན་ལ་གཟིགས་པ་དང་། རྒྱུན་གཏན་ནས་མང་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་དང་གུས་བརྩི་གནང་བ། རང་ཅག་བོད་མི་ཚོར་མང་གཙོ་གསོལ་རས་གནང་བའི་རྒྱུ་མཚན་བཅས་ཀྱི་ཆ་ནས། དམངས་ཀྱི་ཞུ་འབོད་ལ་དགོངས་བཞེས་མ་གནང་ཚེ།
ང་ཚོས་སྐྱབས་སུ་ལ་འཆའ།
མགོན་སུ་ཡིས་བྱེད།
ལམ་སུ་ཡིས་བསྟན།
དཔུང་སུ་ལ་གཏོད།
གཉེན་གང་དུ་འཚོལ།
བདེ་སྡུག་སུ་ཞུ།  ལྷག་དོན་དུ་ད་ལྟའི་དུས་སྐབས་འདིར་ྋགོང་ས་མཆོག་དང་མགོ་ལུས་བྲལ་བ་ལྟར་སོང་ན། བོད་འབངས་ཀྱི་རྒྱུས་ཚད་བོད་མིས་ཤེས་པ་བཞིན་བོད་བསྟན་སྲིད་ཀྱི་སྲོག་རྩ་ཆད་པ་ལྟ་བུར་འགྱུར་ཉེན་ལ་བརྟེན་དེ་དོན་ཟུངས་ཟད་ཀྱི་ནད་པ་སྨན་པས་བོར་བ་ལྟར་མ་པང་བུ་འདོར་མེད་པ་ཞེས་སྔ་འཕྲོས་འཛིན་སྐྱོང་བཀའ་ཤག་དང་།

སྤྱི་འཐུས་གྲོས་ཚོགས་ཐུན་མོང་ཐོག། ཁྲིམས་ཞིབ་པ་རྣམ་པ་བཅས་དམངས་གཙོའི་ཀ་བ་གསུམ་གྱི་ཐོག་ནས་ཕྱག་འཚལ་དང་བཅས་འགལ་འཁྲུལ་བྱུང་ཡོད་ཚེ་བཟོད་གསོལ་ཞུས་པ་དང་འབྲེལ་གཞིས་བྱེས་བོད་མི་སེར་སྐྱ་ཀུན་གྱི་ཚབ་ཞུས་ཏེ་སྔར་རྒྱུན་ཐུགས་འགན་བཞེས་གནང་ཡོང་བའི་གསོལ་འདེབས་ཕུར་ཚུགས་སུ་འདེབས་རྒྱུ་ལས་གཞན་པའི་ཐབས་གཞན་མ་དྲན།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།