ཅིས་ཀྱང་ཀློག་དགོས་པའི་དཔེ་དེབ་གཉིས།

ཅིས་ཀྱང་ཀློག་དགོས་པའི་དཔེ་དེབ་གཉིས།

(དཔེ་དེབ་དང་པོ།)

(སེམས་དང་ཚེ་སྲོག་)ཅེས་པའི་དཔེ་དེབ་འདི་ནི་༢༠༠༢ ལོར་༸གོང་ས་མཆོག་གིས་གཙོས་འཛམ་གླིང་གི་ཚན་རིག་མཁས་ཆེན་གང་མང་བགྲོ་ལྒེང་གནང་བའི་བྱུང་རིམ་དང་ནང་དོན་རྣམས་ཡི་གེར་བཀོད་པའི་དཔེ་དེབ་ཅིག་ཡིན་ལ། དེབ་འདིའི་རྩོམ་པ་པོ་ལོ་ཡེ་སི་ཟེར། སྤྱིར་དཔེ་དེབ་འདི་དབྱིན་ཡིག་ནང་དུ་སྔོན་ནས་ཐོབ་ཡོད་ཀྱང་བོད་ཡིག་ཏུ་སྒྱུར་མེད་པར་ད་བར་དུ་ལྷག་བསྡད་པ་རེད།

གཞོན་སྐྱེས་ལོ་ཙཱ་བ་བསྟན་འཛིན་རིག་བཟང་ལགས་ཀྱིས་དཀའ་སྤྱད་འབད་འབུངས་ཀྱིས་བོད་བསྒྱུར་གནང་གྲུབ་པ་ཞིག་རེད།

ལོ་ཙཱ་བ་བསྟན་འཛིན་རིག་བཟང་ལགས་ཀྱིས་ལོ་སྔོན་མར་ཡང་གོང་ས་མཆོག་གི་གསུང་དེབ་གྲགས་ཅན་(རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་)ཟེར་བ་ཞིག་བོད་བསྒྱུར་གནང་སྟེ་བོད་ཡིག་ཀློག་མཁན་དག་གི་དགོས་མཁོ་བསྐྱངས་ཐཏུབ་ཡོད། སྤྱིར་༸གོང་ས་མཆོག་ལ་གསུང་རྩོམ་པོད་བརྒྱ་ཕྲག་ལོངས་བ་ཡོད་ཀྱང་མང་ཆེ་བ་ད་དུང་དབྱིན་ཡིག་གཙོས་གཞན་སྐད་དུ་བཞུགས་ཡོད་པས་བོད་ཡིག་ཁོ་ནར་བསྟེན་པའམ་བོད་ཡིག་ཀློག་མཁན་དག་གི་བགོ་སྐལ་དུ་ཐོབ་མེད་ན། ལོ་ཙཱ་བ་བསྟན་འཛིན་རིག་བཟང་ལགས་ཀྱི་ད་ཐེངས་ཀྱང་དུས་རབས་དང་མཐུན་པའི་བརྩམས་ཆོས་སམ་དེང་རབས་ཤེས་བྱ་གསར་པའི་དཔེ་དེབ་འདི་ལྟ་བུ་འུ་ཅག་བོད་ཡིག་ཀློག་མཁན་དག་གི་བསམ་པའི་གསོས་སུ་སྦྱིན་ཐུབ་པ་བྱུང་བ་ནི་ལོ་ཙཱ་བ་ཁོང་ལ་སྙིང་ཁུང་རུས་པའི་སྟེང་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།

ལོ་ཙཱ་བ་བསྟན་འཛིན་རིག་བཟང་ལགས་བསྒྱུར་དཔེ་འདིརའི་སྔོན་གླེང་དུ། “རྩོམ་པ་པོ་ལོ་ཡེ་སིས་ད་དུང་ཚན་རིག་དང་ནང་དོན་ཏིག་པའི་ལྟ་བ་ཁག་ཅིག་ལ་རྒྱབ་ལྗོངས་ཀྱི་འགྲེལ་བཤད་ཁ་སྣོན་དང་། ཚོགས་ཞུགས་མི་སྣ་གལ་ཆེན་སྐོར་ཞིག་ལ་བཅར་འདྲིའང་གནང་འདུག་”ཅེས་དང་། སྐུའི་གསུང་སྒྱུར་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་དེབ་འདིའི་སྔོན་གླེང་དུ་”འདིས་ཚན་རིག་དང་ནང་ཆོས་ཀྱི་ལྟ་གྲུབ་དབར་ལྟ་ཚུལ་དང་ལངས་ཕྱོགས་སོགས་གནས་མང་པོ་ཞིག་ལ་ཐུན་མིན་གྱི་འབྲེལ་བ་གང་ཡོད་མཁྱེན་འདོད་ཡོད་པའི་བློ་གསལ་རྣམས་ལ་བོད་ཡིག་བརྒྱུད་ནས་དོན་གནད་དེ་རྣམས་ལ་མནོ་བྨ་ཞིབ་ཏུ་གཏོང་བའི་གོ་སྐབས་གསར་པ་ཞིག་བསྟེར་ཐུབ་ངེས་བཅས་”ཞེས་དེབ་དེའི་ནང་དོན་གྱི་ཆ་ཅི་ཡིན་རོབ་ཙམ་གླེང་འདུག་ལ།  བསྟན་འཛིན་རིག་བཟང་གིས་དབྱིན་དེབ་བོད་སྒྱུར་གྱི་སྒྱུར་རྩལ་ལ་ངས་འདི་ནས་ཅང་བཤད་མི་དགོས་པར་(རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་)ཞེས་པའི་བསྒྱུར་དེབ་དེ་མཇལ་མྱོང་མཁན་ཞིག་ཡིན་ཚེ་ཤེས་རྟོགས་ཟབ་མོ་ཐོབ་ཡོད་སྲིད་ལ། ང་ནི་ཁོང་གིས་བོད་སྒྱུར་དཔེ་དེབ་དེས་ཡིད་དྲངས་ཡོད་པའི་གཅིག་ཡིན།

དཔེ་དེབ་འདི་ལ་ཤོག་གྲངས་༣༣༠ ཙམ་དང་ལེའུ་དྲུག་དང་མཇུག་གཏམ་བཅས་འདུག

ལེའུ་དང་པོ། ཅི་ཙམ་ཞིག་ལ་གཞི་རྩའི་རྡུལ་ཕྲ་རབ་རྣམས་དངོས་ཡོད་ཡིན་ནམ།

ལེའུ་གཉིས་པ། སྣེ་མང་རྙོག་འཛིངས་ཀྱི་མངོན་ཐོན།

ལེའུ་གསུམ་པ། ཚེ་སྲོག་གི་སྣེ་མང་རྙིག་འཛིངས་ཀྱི་སྐོར།

ལེའུ་བཞི་པ། ཚེ་སྲོག་ཇི་ལྟར་བྱུང་བ་ཡིན་ནམ།

ལེའུ་ལྔ་པ། མིའི་རིགས་རྒྱུན་སྡེ་ཁག་གི་ངོ་མཚར་དང་། དེའི་བྻང་དོར་གྱི་དགའ་རྙོག

ལེའུ་དྲུག་པ། ཤེས་པ་ནས་བླང་དོར་གྱི་རྣམ་གཞག་བར།

མཐའ་མའི་གཏམ།

བཅས་ཀྱི་འགྲུབ་འདུག

གཞན་ངས་འདི་ནས་ཤེས་མི་ཤེས་མང་པོ་ཞུ་མི་དགོས་པར་དཔེ་དེབ་དེར་མྱུར་མཇལ་ན་ཤེས་ཐུབ།

 

དཔེ་དེབ་གཉིས་པ།

དཔེ་དེབ་གཞན་ཞིག་ནི་ཀིརྟི་བྱེས་པ་གྲྭ་ཚང་གི་གྲྭ་སྐུ་གཞོགས་ཨ་ལགས་བློ་ཟླའམ་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ལགས་ཀྱི་དཔེ་དེབ་(ཀླད་པ་ལས་འདས་པ་དང་ཤི་བའི་རྗེས་ཀྱི་གནད་དོན།)ཞེས་པ་འདི་རེད། དཔེ་དེབ་འདི་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་བླ་སྤྲུལ་ལྷན་ཚོགས་ཀྱིས་འགྲེམས་སྤེལ་གནང་བ་ཞིག་ཡིན་ལ། དེ་རིང་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཚེས་བཟང་པོར་དངོས་སུ་ཕྱིར་ཚོང་འགྲེམས་སྤེལ་གནང་། (ང་དེ་རིང་གཙུག་ལག་ཁང་དུ་གསུང་ཆོས་ཞུ་བར་སོང་སྐབས་བླུས་པ་ཡིན།)

ཨ་ལགས་བློ་ཟླ་ལགས་ནི་ཀིརྟིའི་བྱེས་པ་གྲྭ་ཚང་གི་གྲྭ་བ་ཡིན་ལ་དྷ་སའི་རིག་ལམ་སློབ་གཉེར་ཀང་དུ་སློབ་སྦྱོང་གནང་། ཁོང་གིས་ལོ་འགའི་སྔོན་དུ་ཚན་རིག་དང་སྐྱེ་བ་སྔ་ཕྱིའི་སྐོར་གྱི་རྩོམ་ཡིག་ཅིག་ལྷག་བསམ་བརྩེགས་པའི་སྟེང་དུ་བཀོད་པ་ངས་མཇལ་མྱོང་ལ། པར་གློག་བརྒྱབས་ཏེ་བོད་དང་འཇར་པན་གྱི་ཚ་བོར་ཡང་བསྐུར་མྱོང་། ཐེངས་འདིར་ཁོང་གིས་དཀའ་བ་ཁྱད་བསད་ཀྱིས་རྩོམ་དེབ་འདི་ལྟ་བུ་ཞིག་ང་ཚོའི་བགོ་སྐལ་དུ་གནང་བར་སྙིང་ཐག་ནས་བཀའ་དྲིན་ཆེ་ཞུས་པ་དང་། ཁོང་གི་དེབ་འདི་བརྒྱུད་ནས་ང་ཚོར་ཤེས་བྱ་གསར་པ་རེ་ཅིས་ཀྱང་ཐོབ་ཐུབཔའི་རེ་བ་ཤིན་ཏུ་ཆེ།

དེབ་འདི་ལ་རྩ་བའི་ས་བཅད་བཅོ་བརྒྱུད་དང་། སྔོན་གླེང་དང་མཇུག་བསྡུ་བའི་གཏམ་དང་བཅས་ཤོག་གྲངས་༢༢༠ འདུག

དང་པོ། སེམས་ནི་སྤྱི་སྒེར་གཉིས་ཀའི་བདེ་སྡུག་གི་འབྱུར་ཁུངས་གཙོ་བོ་ཡིན།

གཉིས་པ། སེམས་སམ་ཤེས་པའི་ངོ་བོ་དང་ཤེས་པའི་དབྱེ་བ་མདོ་ཙམ་བཤད་པ།

གསུམ་པ། སེམས་ཁམས་ཚན་རིག་པས་སེམས་ཞེས་པ་ཀླད་པའི་རྫས་ལས་ཟུར་དུ་འདོད་ཚུལ་བཤད་པ།

བཞི་པ། དབང་རྩའི་ཚན་རིག་པ་སོགས་ཀྱིས་སེམས་དེ་ཉིད་ཀླད་པའི་རྫས་ལས་ཟུར་དུ་མི་འདོད་ཚུལ་བཤད་པ།

ལྔ་པ། བོད་ཀྱི་གསོ་རིག་གཞུང་ལས་དབང་ཤེས་སོགས་ཀླད་པའི་རྩ་ཕྲན་ལ་བརྟེན་ཀྱང་རྩ་ཕྲན་ལས་ཟུར་དུ་ཡོད་པར་འདོད་པའི་བཤད་ཚུལ།

དྲུག་པ། ཚན་རིག་པས་སེམས་ཞེས་པ་ཀླད་པའི་རྫས་ལས་ཟུར་དུ་མེད་པར་འདོད་པ་ལ་དྭོགས་འདྲི་འགའ།

བདུན་པ། སེམས་ཀྱི་རྟེན་རྩ་ཕྲན་རྣམས་གྲུབ་ཚུལ་དང་ཡིད་ཤེས་དང་དབང་ཤེས་སོགས་ང་ཚོའི་རྒྱུད་ལ་སྐྱེ་ཚུལ་གྱི་རིམ་པ་བཤད་པ།

བརྒྱད་པ། སེམས་ཀྱི་རྒྱུན་སྔ་ཕྱི་གཉིས་ལ་བརྟགས་ནས་སྐྱེ་བ་སྔ་ཕྱིའི་རྣམ་གཞག་འཐད་པའི་ཚུལ།

དགུ་པ། ནང་པའི་གྲུབ་མཐའ་སྨྲ་བས་འདོད་པའི་རྡུལ་གྱི་རྣམ་གཞག་བཤད་པ།

བཅུ་པ། ཚན་རིག་པས་འདོད་པའི་རྡུལ་གྱི་རྣམ་གཞག་མདོ་ཙམ་བཤད་པ།

བཅུ་གཅིག་པ། བྱེ་བྲག་སྨྲ་བའི་རྡུལ་གྱི་རྣམ་གཞག་དང་ཚན་རིག་པའི་རྡུལ་གྱི་རྣམ་གཞག་བར་གྱི་མཐུན་ཕྱོགས།

བཅུ་གཉིས་པ། བྱེ་བྲག་སྨྲ་བའི་རྡུལ་གྱི་རྣམ་གཞག་དང་ཚན་རིག་པའི་རྡུལ་གྱི་རྣམ་གཟག་བར་གྱི་མི་མཐུན་ཕྱོགས།

བཅུ་གསུམ་པ། མདོ་སྡེ་པ་ཡན་ཆད་ཀྱི་གྲུབ་མཐའ་སྨྲ་བའི་རྡུལ་གྱི་རྣམ་གཞག་དང་ཚན་རིག་པའི་རྡུལ་གྱུ་རྣམ་གཞག་བར་གྱི་མཐུན་ཕྱོགས།

བཅུ་བཞི་པ། ཞར་ཞུང་མངོན་པ་དང་དུས་འཁོར་གཉིས་ལས་འབྱུང་བ་བཞི་ངོས་འཛིན་ཚུལ་ལ་དཔྱད་པ།

བཅོ་ལྔ་པ། མདོ་སྡེ་པ་ཡན་ཆད་ཀྱི་གྲུབ་མཐའ་སྨྲ་བའི་རྡུལ་གྱི་རྣམ་གཞག་དང་ཚན་རིག་པའི་ལུགས་ཀྱི་རྡུལ་གྱི་རྣམ་གཞག་བར་གྱི་མི་མཐུན་ཕྱོགས།

བཅུ་དྲུག་པ། ནང་པའི་གྲུབ་མཐའ་སྨྲ་བ་དང་ཚན་རིག་པའི་ལུགས་ཀྱི་རྡུལ་གྱི་རྣམ་གཞག་གཉིས་ལས་གང་ཟབ་པ་དང་གང་ཕྲ་བར་འགྱུར་མིན་ལ་དཔྱད་པ།

བཅུ་བདུན་པ། ནང་པའི་རྡུལ་གྱི་རྣམ་གཞག་ལ་ཚན་རིག་པས་དོགས་པ་ཁོང་སློང་།

བཅོ་བརྒྱད་པ། ཚན་རིག་པའི་རྡུལ་གྱི་རྣམ་གཞག་ལ་ནང་པས་དོགས་པ་ཁོང་སློང་།

བཅུ་དགུ་པ། མཇུག་བསྡུ་བའི་གཏམ།

བཅས་ཀྱིས་གྲུབ་འདུག་ན་ཞིབ་ཏུ་དོན་གཉེར་ཅན་ཚོས་དཔེ་དེབ་འདི་གཉིས་ཀ་བཀླགས་ན་མཁྱེན་རྟོག་ཐུབ།

 

དཔེ་དེབ་ངོ་སྤྲོད་ཀྱི་ཡི་གེ་དག་དྲ་ཐོག་ནས་ཐད་ཀར་གཏགས་ཏེ་ཡར་འཇུག་བྱས་པས་ནོར་འཕྱུག་གང་ཡོད་ལ་བཟོད་པར་གསོལ་ལོ།།

༢༠༡༡།༠༣།༡༩ མཚན་མོའི་དུས་ཚོད་༡༡ དང་ཕྱེད་ཙམ་པ་ཐོག་རང་ཁྱིམ་ནས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།