རྒྱ་དམར་གཞུང་གིས་བསྐྱར་དུ་ཆབ་སྲིད་ཀྱི་བསྒྱུར་བཅོས་བྱ་རྒྱུ་མིན་པའི་བརྡ་བཏང་བ།
བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུུག
འདི་ལོའི་ལོ་འགོར་ཨ་ཧྥི་རི་ཀའི་གླིང་ཕྲན་ནང་ཡོད་པའི་སུ་ཌན་དང་ཊོ་ནི་ཤི་ཡ། གཞན་ཡང་ཨེ་ཇེབ་སོགས་མི་མང་གིས་རང་དབང་དང་མང་གཙོ་རྩོལ་སྒྲུབ་བྱས་པའི་གནས་ཚུལ་གཅིག་རྗེས་གཉིས་མཐུད་དུ་ཐོན་ཡོང་སྐབས། རྒྱ་ནག་ཕྱི་ནང་དུ་གནས་པའི་མི་མང་པོ་ཞིག་གིས། ད་ལྟའི་ཨེ་ཇེབ་མི་མང་གི་མང་གཙོའི་ལས་འགུལ་ལ་རྒྱལ་ཁ་ཐོབ་པ་དེ་སང་ཉིན་གྱི་རྒྱ་ནག་ལ་ཡང་ཡོང་སྲིད་པ་རེད་ཅེས་རྩོམ་ཡིག་སྤེལ་མཁན་དང་གཏམ་བཤད་བྱེད་མཁན་མང་པོ་ཡོང་གི་འདུག་ཀྱང༌།
ཁོ་བོས་བལྟས་ན། དེ་ནི་རེ་བ་ཙམ་ལས་དངོས་ཡོད་གནས་སྟངས་ཐོག སང་ཉིན་གྱི་རྒྱ་ནག་དེ་ང་ཚོ་དང་ཐག་རིང་པོ་རེད་ཅེས་དཔྱད་རྩོམ་ཞིག་སྤེལ་ཏེ་དྲ་རྒྱའི་ཐོག་འགོད་སྤེལ་བྱས་ཡོད། ཁོ་བོའི་སྔོན་དཔག་དེར་མི་འགའ་རེས་མོས་མཐུན་བྱས་མེད་ཀྱང་བར་ལམ་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ནང་བྱུང་བའི་༼བ་སྤུ་མེ་ཏོག་༽ཅེས་པའི་གསར་བརྗེའི་མཐོ་རླབས་རིམ་པ་གསུམ་བྱུང་བ་རྒྱ་ནག་དམར་གཞུང་གིས་དེ་མ་ཐག་དྲག་གནོན་བྱས་རྗེས། ཟླ་བ་འདིའི་ནང་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཚོགས་ཆེན་དང་རྒྱལ་ཡོངས་འཐུས་མི་ཞེས་པའི་ཚོགས་འདུ་གལ་ཆེ་གཉིས་འཚོག་སྐབས་རྒྱ་དམར་གཞུང་གིེས་རྒྱ་ནག་ཏུ་སྲིད་དོན་ཚོགས་པ་མང་པོ་ཡོད་པའི་ལམ་ལུགས་ལག་ལེན་བྱེད་ཀྱི་མ་རེད་ཅེས་ནན་བཤད་བྱས་ཏེ་ཆབ་སྲིད་ཀྱི་བསྒྱུར་བཅོས་བྱ་རྒྱུ་མིན་པའི་བརྡ་བསྐྱར་མ་ཞིག་བཏང་ཡོད་པ་རེད།
དེ་ཡང༌། ལོ་ལྟར་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཚོགས་ཆེན་དང་རྒྱ་ནག་མི་དམངས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཞེས་པའི་ཚོགས་འདུ་གལ་ཆེ་གཉིས་ཚོགས་ཀྱི་ཡོད་པས། ཕྱི་ཟླ་༣ ཚེས་༡༠ ཉིན་སྐབས་བཅུ་གཅིག་པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་བཞི་པའི་ཐོག་ཚོགས་གཙོ་ཝུ་པང་གོ་ཡིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་ལས་བསྡོམས་སྙན་སྒྲོན་ཞུ་སྐབས། རྒྱ་ནག་ཏུ་སྲིད་དོན་ཚོགས་པ་མང་པོའི་ལམ་ལུགས་ལག་བསྟར་བྱ་ཡི་མ་རེད་ཅེས་ནན་བཤད་བྱས་འདུག་པ་སྟེ། ཁོ་པས། “རྒྱ་ནག་གི་དངོས་ཡོད་གནས་སྟངས་ལ་གཞིར་བཟུང༌། ང་ཚོས་སྲིད་དོན་ཚོགས་པ་མང་པོས་སྲིད་སྐྱོང་རེས་སྐོར་བྱ་རྒྱུའི་ལམ་ལུགས་ལག་ལེན་བྱ་རྒྱུ་མིན་པ་དང༌། བསམ་བློའི་མཛུབ་སྟོན་སྣེ་མང་མི་བྱེད་པ། དབང་ཆ་གསུམ་བཅད་བཟུང་གི་གྲོས་ཚོགས་གོང་འོག་གཉིས་ཀྱི་༼མང་གཙོའི་ཀ་བ་གསུམ་༽ལམ་ལུགས་མི་བྱེད་པ། རྒྱལ་ཕྲན་མཉམ་སྦྲེལ་ལམ་ལུགས་མི་བྱེད་པ། སྒེར་ལ་དབང་བའི་ལམ་ལུགས་མི་བྱེད་པ་བཅས་ནན་ཏན་གྱིས་གསལ་སྟོན་བྱ་རྒྱུ་ཡིན།”ཞེས་བཤད་འདུག
འདི་ནི་རྒྱ་ནག་དམར་གཞུང་གི་ཆེས་མཐོའི་དབང་འཛིན་པས་ཕྱི་ནང་བརྒྱུད་ལམ་ཁག་ཏུ་བསྐྱར་དུ་རྒྱ་ནག་ནང་ཆབ་སྲིད་ཀྱི་ལམ་ལུགས་བསྒྱུར་བཅོས་མི་བྱེད་པའི་ལངས་ཕྱོགས་གསལ་སྟོན་བྱས་པ་དེས། འཛམ་གླིང་ནང་དུས་ཀྱི་འགྱུར་འགྲོས་དང་ཡོངས་སུ་རྒྱབ་བརྒལ་བྱས་པ་ཞིག་ར་སྤྲོད་བྱས་པ་རེད།
ཉེ་ཆར་དུས་ཀྱི་འགྱུར་འགྲོས་ཀྱི་མང་གཙོའི་རླབས་རྒྱུན་ཐེངས་འགའ་ཤས་ཀྱི་རྡུང་གནོན་འོག་ལོ་མང་སྲིད་དབང་སྒེར་འཛིན་གྱི་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ཅིག་གཅིག་རྗེས་གཉིས་མཐུད་ངང་འཐོར་ཞིག་ཏུ་ཕྱིན་ཏེ། དེང་སྐབས་མང་གཙོའི་ལམ་སྲོལ་གྱི་ཉི་མའི་འོད་ཟེར་འཕྲོ་བཞིན་ཡོད། འོན་ཀྱང༌། འཕགས་ཡུལ་རྒྱ་གར་དང་འདྲ་བའི་ཤར་ཕྱོགས་ཀྱི་གནའ་བོའི་རྒྱལ་ཁབ་རྒྱ་ནག་ལ་ཆ་མཚོན་ན། དུས་ད་ལྟ་ཡང་འཛམ་གླིང་གི་འགྱུར་འགྲོས་དང་མི་མང་གི་མངོན་འདོད་ལ་མི་ལྟ་བར་མུ་མཐུད་སྲིད་དོན་ཚོགས་པ་གཅིག་གི་སྲིད་དབང་སྒེར་གཅོད་འོག་སོམ་ཉིའི་ནང་གནས་ཡོད། དོན་དངོས་ཐོག་དུས་རབས་གོང་མའི་མགོ་སྟོད་དུ་རྒྱ་ནག་ནང་མང་གཙོའི་ལམ་སྲོལ་ཞིག་ལག་བསྟར་བྱེད་མྱོང་ཡོད་ཀྱང༌། སྟབས་ཉེས་པ་ཞིག་ལ་མང་གཙོའི་གཞི་རྟེན་ཧ་ཅང་སྐྱོ་པོ་ཡིན་པའི་དབང་གིས་མཐའ་མ་སྲིད་དབང་སྒེར་གཅོད་པས་ཕམ་ཉེས་བཏང་ཡོད་པ་རེད།
རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ནི་བོད་མི་དམར་གསོད་བཏང་བའི་ལག་རྗེས་ལ་བརྟེན་ནས་ཏིང་ཞའོ་ཕིང་གིས་བསྐོས་པའི་གཡོན་ཐལ་ཅན་གྱི་རྙིང་ཞེན་བག་འཁུམས་ཀྱི་སྲིད་དབང་སྒེར་གཅོད་པ་ཞིག་ཡིན་པ་དང༌། རྒྱ་ནག་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་ཝུ་པང་གོ་ནི། རྒྱ་ནག་ནང་རྩ་རླུང་སྒོམ་སྒྲུབ་བྱེད་མཁན་མི་མང་སྟོང་ཕྲག་མང་པོར་དྲག་གནོན་བྱེད་མཁན་ཅང་ཙེ་མིན་གྱི་ཕྱོགས་གཏོགས་གྲས་ཤིག་ཡིན་པས་ཁོ་པ་ཡང་རྙིང་ཞེན་བག་འཁུམས་ཀྱིས་བསམ་བློ་འགྱུར་བ་གཏོང་མཁན་ཞིག་མིན་པ་རེད། རྒྱལ་ཁབ་ཕྱི་ནང་གི་མངོན་གསལ་དོད་པོའི་གླེང་སྟེགས་ཐོག་མགྲིན་པ་མཐོན་པོས་རྒྱ་ནག་ནང་ཆབ་སྲིད་ཀྱི་བསྒྱུར་བཅོས་བྱ་དགོས་ཞེས་ཤོད་མཁན་གྱི་སྲིད་བློན་ཝུན་ཅ་པའོ་ཡང་དོན་དངོས་ཐོག་ཁ་ཙམ་གྱིས་བསྒྱུར་བཅོས་བྱ་རྒྱུ་ཤོད་པ་ལས་ལག་ལེན་ཡོང་རེ་མེད། ཝུ་པང་གོ་ཡིས་རྒྱ་ནག་ནང་སྲིད་དོན་ཚོགས་པ་མང་པོས་སྲིད་སྐྱོང་རེ་སྐོར་བྱ་རྒྱུ་མིན་ལུགས་བཤད་པ་དེ་དོན་དམ་དུ་དོན་འཁྱོལ་ལག་ལེན་དུ་ཡོད་པ་དངོས་བདེན་ཆགས་ཡོད། དེར་བརྟེན། ཧུའུ་ཅིན་ཐའོ་དང་ཝུ་པང་གོ་སོགས་རྒྱ་དམར་གཞུང་གི་ཆེས་མཐོའི་དབང་འཛིན་པ་རྣམས་ཆབ་སྲིད་ལམ་ལུགས་ཀྱི་མཚོན་པའི་མང་གཙོའི་བསྒྱུར་བཅོས་བྱ་རྒྱུར་བཀག་བསྡོམས་བྱ་རྒྱུའི་ཐད་མགྲིན་དབྱངས་གཅིག་གྱུར་རེད། ཉེ་ཆར་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ནས་རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ཞིག་གསལ་བསྒྲགས་བྱས་པའི་ཁོངས་ལོ་འདིའི་ནང་རྒྱ་ནག་གཞུང་གི་བརྟན་ལྷིང་སྲུང་སྐྱོབ་ཆེད་རྒྱ་སྒོར་དུང་ཕྱུར་༥༠༠༠ བཏང་ཡོད་པ་དེ་དམག་དོན་གྱི་འགྲོ་གྲོན་ལས་ཆེ་བ་ཡོད་སྟབས། ས་གནས་ཁག་གི་དཔོན་རིགས་དང་སྐོར་སྲུང་ཉེན་རྟོག་པ་ཚོས་དངུལ་ཕོན་ཆེར་བརྔམས་ནས་མི་མང་གི་ངོ་རྒོལ་ལས་འགུལ་ལ་དྲག་གནོན་བྱ་རྒྱུར་དེ་བས་ནུས་ཤུགས་ཡོད་དགུ་འདོན་སྲིད་པས་མང་གཙོའི་ལས་འགུལ་བ་ཚོར་བསམ་ཡུལ་ལས་འདས་པའི་དཀའ་ངལ་དང་གནོན་ཤུགས་ཆེན་པོ་ཕོག་རྒྱུ་ཡིན་པ་གདོན་མི་ཟ།
འདི་ལོའི་ཚོགས་འདུ་གཉིས་པོ་དེ་མ་འཚོགས་གོང་དུ་རྒྱ་ནག་གཞུང་ནས་གསར་འགྱུར་བརྒྱུད་ལམ་དང་ས་གནས་ཁག་ནས་རྒྱ་ནག་གི་རྒྱལ་སར་ཞུ་གཏུགས་བྱེད་མཁན་མི་མང་བརྒྱ་ཕྲག་མང་པོར་དམ་དྲག་བྱས་པ་མ་ཟད། རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་པའི་མང་གཙོ་དོན་གཉེར་བ་དང༌། ཁྲིམས་རྩོད་པ་སོགས་བཀག་ཉར་དམ་དྲག་བྱས་ཡོད་ཅིང༌། ད་དུང་ཉེ་དུས་དྲ་རྒྱའི་ནང་༼བ་སྤུའི་མེ་ཏོག་༽ཅེས་པའི་གསར་བརྗེའི་ལས་འགུལ་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ནང་ཁྱབ་གདལ་མི་འགྲོ་བའི་ཆེད་སྐོར་སྲུང་ཉེན་རྟོག་པ་དང་དམག་དཔུང་བཅས་དེ་སྔ་ལས་མང་བ་འགྲེམས་འཇོག་བྱས་ཡོད།
ཝུ་པང་གོ་ཡིས་ད་རེས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐོག “རྒྱ་ནག་གིས་རྒྱལ་ཁབ་ཀྱི་རྩ་བའི་ལམ་ལུགས་འཆར་འགོད་བྱས་པའི་རྩ་དོན་གྱི་གནད་དོན་ལ་གཡོ་འགུལ་ཐེབས་ན། དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་ཕོག་རྒྱུ་མ་ཟད། ཐ་ན་རྒྱལ་ཁབ་ནང་འཁྲུག་གི་འདམ་རྙོག་ནང་ལྷུང་རྒྱུ་ཡིན་”སྐོར་གྱི་ཐ་ཚིག་བསྒྲགས་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་རྒྱ་ནག་ནང་“སྲིད་དོན་ཚོགས་པ་མང་པོ་རེས་སྐོར་གྱིས་སྲིད་སྐྱོང་བྱ་རྒྱུ་”མིན་ལུགས་སྐོར་གཏམ་རྙིང་བསྐྱར་བཤད་བྱས་ཡོད་ཀྱང༌། དེས་གནད་འགག་ཅིག་ག་རེ་སྟོན་གྱི་ཡོད་པ་རེད་ཅེ་ན། ཝུ་པང་གོ་ཡིས་མུ་མཐུད་དེ་རྒྱ་ནག་དམར་གཞུང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཁ་ཕྱོགས་གསལ་ཁ་གཏོད་པ་དང༌། རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ཡོངས་མུ་མཐུད་སྟངས་འཛིན་བྱེད་ཐུབ་ཀྱི་ཡོད་ལུགས་གསལ་སྟོན་བྱས་པ་དང་ཆབས་ཅིག། དེ་བས་གལ་ཆེ་བ་ཞིག་ལ་རྒྱ་ནག་གཞུང་གིས་རྒྱལ་ནང་དུ་ཡོད་པའི་གཞུང་དང་ལྟ་བ་མི་མཐུན་པའི་མང་གཙོ་དོན་གཉེར་བ་རྣམས་ལ་རྒྱ་དམར་གཞུང་གིས་ཆབ་སྲིད་བསྒྱུར་བཅོས་དང་མང་གཙོའི་ལམ་ལུགས་རྩ་བ་ཉིད་ནས་ལག་བསྟར་བྱ་རྒྱུ་མིན་ཞེས་ཁ་གསལ་གཏིང་གསལ་གྱིས་ནན་བཤད་བྱས་པ་མཚོན་པ་རེད།
མཚམས་འདིར་རྒྱ་ནག་གི་གནའ་བོའི་སྙན་ངག་པ་ཏུ་ཕུ་ཡིས། རི་རྒྱུད་འབྲེལ་ཞིང་ཆུ་རྒྱུན་མང་བས་འགྲོ་ལམ་ཨེ་ཡོད་སྙམ་པའི་དུས། རྒྱ་ལྕང་སྔོ་ཞིང་མེ་ཏོག་བཀྲ་བའི་གྲོང་ཚོ་གཞན་ཞིག་ཡོད་པ་མཐོང༌ཞེས་དཀའ་ཚེགས་ཆེ་ཞིང་འགྲོ་ལམ་མི་འདུག་བསམ་པའི་དུས། གུ་ཡངས་ཀྱི་བསམ་བློ་གསར་པ་ཞིག་བཏང་ན་ཏན་ཏན་འགྲོ་ལམ་གུ་ཡངས་པོ་ཞིག་རྙེད་རྒྱུ་ཡིན་པ་བསྟན་པ་ལྟར། ཧུའུ་ཅིན་ཐའོ་དང་ཝུ་པང་གོ་ཡིས་གཙོས་པའི་རྒྱ་ནག་དམར་གཞུང་གི་དབང་འཛིན་པ་རྣམས་ཀྱི་ལག་ཏུ་དབང་ཆ་དང་དྲག་པོའི་སྟོབས་ཤུགས་ག་ཚོད་ཆེན་པོ་ཡོད་ཀྱང༌། དེང་དུས་ཀྱི་འགྱུར་འགྲོས་དང་མང་གཙོའི་འཕེལ་ཕྱོགས་ཀྱི་འགྲོ་ལམ་འགོག་མི་ཐུབ། མང་གཙོ་དང༌། འགྲོ་བ་མིའི་ཐོབ་ཐང༌། ཁྲིམས་ལུགས་དབང་འཛིན་གྱི་ལྟ་བ་དང་འདུ་ཤེས་ཉིན་བཞིན་ཇེ་ཆེར་འགྲོ་བཞིན་པའི་རྒྱ་ཆེའི་མང་ཚོགས་ཀྱིས། རྒྱ་ནག་ནང་གསར་འགོད་རང་དབང་དང༌། སྲིད་དོན་ཚོགས་པ་མང་པོ་རེས་མོས་ཀྱིས་སྲིད་དབང་སྐྱོང་རྒྱུ། དམག་དཔུང་རྒྱལ་ཁབ་ཅན་ལ་བསྒྱུར་རྒྱུའི་སྐོམ་པ་ཆུ་འདོད་ཀྱི་མངོན་འདོད་དེ་ཟློག་ཐབས་མེད་པའི་འཛམ་གླིང་འགྱུར་འགྲོས་ཀྱི་སྐུལ་འདེད་འོག་མངོན་འགྱུར་ཡོང་བའི་ཉི་མ་དེ་འཆར་སྲིད་པ་ཡིན་ནོ།།
{jcomments on}