ཐུགས་རྗེའི་ལྕགས་ཀྱུ་དཔྱོང་དུས། དད་པའི་ཨ་ལོང་ཡོད་པ་བྱེད་དགོས།
གོང་ས་མཆོག་གིས་ “རིམ་བཞིན་གནད་དོན་འདིའི་དགག་དགོས་རྒྱུ་མཚན་རྣམས་གོ་རྟོགས་ཀྱིས་ངོས་ཀྱི་ཐག་གཅོད་ལ་མོས་མཐུན་དང་ལེན་བྱེད་པའི་ཡིད་ཆེས་ཡོད།”༢༠༡༡་༣་༡༡ ཉིན།
༼དང་པོ༽ ༸གོང་ས་མཆོག་གི་བགྲེས་ཡོལ་གྱི་གསུངས་འཕྲིན་ཕེབས་པར་འ་ཆད་འུ་ཐུག་གི་རྣམ་པ་འདིའི་ཡོང་སྟངས་བཤད་ནས་གླེང་སློང་བ།
དེང་སང་འཛམ་གླིང་ཡོངས་ཁྱབ་ཀྱི་གནས་ཚུལ་ཆེན་པོ་ཞིག་གམ། བོད་མི་ཚོའི་ངོས་ནས་བསམ་ན། ལོ་ངོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ལམ་ལུགས་ཤིག་ལ་བྱང་ཆུབ་སེམས་དཔའི་མཛད་སྤྱོད་ཅིག་གིས་འགྱུར་ལྡོག་གཏོང་གིན་ཡོད། དེའང་༸གོང་ས་ཏཱ་ལའི་བླ་མ་དང་བོད་མིའི་བར་དུ་ལོ་ངོ་བརྒྱ་ཕྲག་འགའི་རིང་། ལས་སྨོན་དང་དད་དམ་གྱི་འབྲེལ་བ་གཙང་མ་ཞིག་གིས་སམ། མཛངས་སྤྱོད་དང་ཡི་རང་གི་གུས་བཀུར་ཆེན་པོ་ཞིག་གི་འོག་ནས་སྐབས་རེར་ཟང་ཟིང་དང་། མཚམས་རེར་འཇམ་ཐེངས་ངེར་སོགས་ཀྱི་གནས་སྟངས་འདྲ་མིན་འོག་མི་ཚེ་མང་པོ་ཞིག་ཕུད་ཡོད། འོན་ཀྱང་ ༸གོང་ས་བཅུ་བཞི་པ་ཆེན་པོའི་བླ་ན་མེད་པའི་མཛད་འཕྲིན་ཞིག་གི་མཐའ་ནས། བོད་མིའི་ངུ་སྐད་དགོད་སྒྲ་རུ་འགྱུར་ཞིང་། རིལ་ས་ནས་ལངས་རྒྱུ་བྱུང་སྟེ། ད་ལྟ་གྲངས་ཉུང་མི་རིགས་ཚོ་སྤྱི་དང་། བོད་མི་ཚོའི་མགོ་འཕངས་མཐོ་ཙམ་བྱེད་ཆོག་པའི་དུས་ཚོད་སྐྱིད་པོ་ཞིག་ལ་བསྐྱལ་ཡོད།
འོན་ཀྱང་བླ་ན་མེད་པའི་རླབས་ཆེན་གྱི་མཛད་པ་ཞིག་སྟེ། ཏཱ་ལའི་བླ་མ་མེད་ཤུལ་དུ་བོད་པ་ཚོ་ཡང་དག་པའི་མང་ཚོགས་ཀྱི་ཁེ་དབང་དང་འབྲེལ་བའི་ཐོག་ནས་འཛམ་གླིང་འདིར་ཡུན་རིང་འཚོ་བའི་ཕྱིར་དུ། ལོ་ངོ་བརྒྱ་ཕྲག་འགའི་རིང་གི་ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གྱི་ལོ་རྒྱུས་འདི་བྱང་ཆུབ་སེམས་དཔའི་བདག་གཞན་མཉམ་བརྗེའི་ཉམས་ལེན་ཞིག་གི་འོག་ནས་བློས་གཏོང་བྱེད་ཀྱིན་ཡོད། ཡོང་བཞིན་པའི་འགྱུར་ལྡོག་ཆེན་པོ་ འདི་༸གོང་ས་མཆོག་གི་ངོས་ནས་བསམ་ན། ཕྱི་ལོ་༡༩༦༢ ལོ་ནས་དམིགས་འཛུགས་གནང་བའི་མཛད་པ་ཞིག་ཡིན་པ་དང་། དེ་བཞིན་དགོངས་གཞི་དང་མཛད་པ་དེའི་སྐོར་གྱི་བཀའ་སློབ་དག་བཀའ་ཤག་གིས་གཙོས་པའི་གཞུང་ཞབས་པས་ཉན་རྒྱུའི་དུས་སྐབས་ལན་མང་ཚེས་ཡོད་ལ། རླབས་ཆེན་གྱི་དགོངས་བཞེད་དེའང་བརྩེ་བ་སྙིང་རྗེ་ཆེན་པོའི་མཛད་པ་ཞིག་ཡིན་པ་ངོ་ཤེས་ཏེ་སྔོན་མ་ཞིག་ནས་དངོས་ར་འཕྲོད་ཡོད་དགོས་པ་ནི། ཏཱ་ལའི་བླ་མའི་མདུན་བཅར་བ་ཞིག་གི་ངོས་ནས་འགན་འཁྲི་ཨང་དང་པོ་དེ་རེད་ལ། བོད་མི་མང་གིས་བརྒྱ་ནང་ནས་བཅུ་དང་བཅུ་ནང་ནས་གཅིག་སེས་བྱས་པའི་རེ་བ་གཙོ་བོ་ཞིག་ཀྱང་རེད།
འོན་ཀྱང་འདི་ལོའི་སུམ་བཅུའི་དུས་དྲན་ཉིན་བོད་ཀྱི་ལྷ་མི་མཉམ་འཛོམས་ཀྱི་ཁྲོམ་ར་ཆེན་མོ་དེར། བཀའ་ཤག་གིས་གསུངས་བཤད་གནང་སྐབས་བགྲེས་ཡོལ་སྐོར་གྱི་གསུངས་འཕྲིན་ཐད་ལ་བཀའ་བློན་ཁྲི་བས་ངུ་ཤུམ་གནང་བ་དང་། ཡང་ཕྱི་ཟླ་༣་ཚེས་༡༡ ཉིན། ༸གོང་ས་མཆོག་གིས་བགྲེས་ཡོལ་གནང་སོང་ན། ང་ཚོ་ལ་གྲ་སྒྲིག་གང་ཡང་མེད་ཅེས་པའི་སྐད་ཆ་འདི་ཚོ་ལ་ཧོབ་ཏུ་བལྟས་ན། ༸གོང་ས་མཆོག་གིས་བོད་ཀྱི་སྲིད་དབང་ལས་དགོངས་ཞུའི་མཛད་པ་འདི་ཟླ་བ་འདིའི་ནང་ལ་གཞི་ནས་དགོངས་བཞེད་གནང་བ་ཞིག་དང་། བཀའ་སློབ་གསར་དུ་ཕེབས་པའི་ཟོལ་གྱི་རྣམ་པ་བསྟན་ཡོད་ལ། ཕྱི་ཟླ་ ༣ ཚེས་༡༥་ཉིན་བོད་གཞུང་གི་གྲོས་ཚོགས་ནང་དུའང་། མཐུས་མི་ཕལ་ཆེས་མགྲིན་དབྱངས་གཅིག་གྱུར་གྱིས། “༸གོང་ས་མཆོག་གིས་ང་ཚོའི་ཆོས་སྲིད་གཉིས་ཀྱི་མཛད་འགན་མ་བཞེས་ན་གཏན་ནས་སྡོད་བཟོད་མེད་པ་ཡིན་པས། ད་རེས་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་དེ་རེད་”ཟེར་བ་དང་། “ང་ཚོས་ད་རེས་གང་དགར་ཅི་ལེགས་ཀྱི་མ་འོངས་པའི་འཆར་གཞི་ཡག་པོ་ཞིག་བཟོས་ཏེ་ ༸གོང་ས་མཆོག་ལ་ཕུལ་ནས། ད་རེས་མཛད་འགན་མུ་འཐུད་བཞེས་རོགས་ཞེས་གསོལ་འདེབས་ཞུས་ན་དགའ་རབས་”བཤད་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད།
སྤྱིར་བཏང་བྱས་ན། ད་ལྟའི་བོད་མིའི་ལས་ཁུངས་དང་དབུ་ཁྲིད་མི་སྣ་མཐོ་ཤོས་ཤིག་ནི། བཀའ་སྤྱི་གཉིས་ཀྱི་ལས་ཁུངས་དང་ལས་བྱེད་དག་རེད། དེ་གཉིས་ཀྱིས་དུས་ཚོད་གལ་གནད་ཅན་འདི་འདྲ་ཞིག་ལ་བཤད་པའི་སྐད་ཆ་དང་རྣམ་འགྱུར་ནི། གོང་དུ་བཀོད་པ་ལྟར་ད་ལྟ་༸གོང་ས་མཆོག་གིས་བགྲེས་ཡོལ་གཙང་མ་གནང་ན། ང་ཚོ་ལ་གྲ་སྒྲིག་གང་ཡང་མེད་ཅེས་པ་དང་། དེ་ལྟར་དངོས་ཡོད་ཐོག་ལའང་གྲ་སྒྲིག་གང་ཡང་མེད་པའི་གནས་སྟངས་འདི་ཚོ་རེད། གནས་ཚུལ་འདི་ནི་བོད་མི་བཙན་བྱོལ་དུ་གྱར་ནས་མི་ལོ་༥༢་རྗེས་ཀྱི་སྐད་ཆ་དང་གནས་སྟངས་རེད་ལ། བཀའ་སྤྱི་གཉིས་མང་མོས་འོས་བསྡུའི་ལམ་ནས་སོང་སྟེ་ལོ་མང་ཞིག་ཕྱིན་པའི་རྗེས་ཀྱི་ངོ་གདོང་ཡང་རེད། དེ་བཞིན་དད་པས་འཚོ་བའི་བོད་མི་མང་ཚོགས་ཀྱི་སྔུན་ནས་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་༸གོང་ས་མཆོག་གིས་“ངོས་ཀྱིས་བོད་ཀྱི་སྲིད་དབང་ལས་དགོངས་པ་ཞུ་གི་ཡིན་”གསུངས་པའི་དུས་ཚོད་འདིར་རེད།
ཡང་སྙིང་གནས་སྟངས་གང་འདྲ་ཞིག་ཆགས་མིན་དང་། འགྱུར་བ་གང་འདྲ་ཞིག་འགྲོ་མིན་ལ་མ་ལྟོས་པ། སྐད་ཆ་འདི་དག་གིས་བོད་མི་མང་ཚོགས་ལ་བག་ཆགས་གང་འདྲ་ཞིག་བཞག་ཡོད་དམ། བློ་སྒོ་གང་འདྲ་ཞིག་འབྱེད་ཡོད་དམ། བསམ་བློའི་སྣེ་ཁྲིད་གང་འདྲ་ཞིག་བྱས་ཡོད་དམ། ངས་བསམ་ན། གཞིས་བྱེས་གཉིས་ཀྱི་བོད་མི་མང་ཚོགས་ལ་༸གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་རྒྱུའི་དགོངས་བཞེད་དང་གསུངས་འཕྲིན་ཀྱི་འཇིགས་སྣང་སྟེང་ལ། བཀའ་སྤྱི་གཉིས་ཀྱིས་ཞེད་སྣང་འཐོལ་པ་ཞིག་དང་། རྔམ་སྐྲག་སྣོན་མ་ཞིག་སྤྲད་དེ་སྡོད་བཟོད་མེད་པའི་ཚོར་བ་ཞིག་སློང་བ་དང་། བྱིས་པ་ཐང་དཀྱིལ་དུ་ལུས་པ་ལྟ་བུའི་ཚོར་སྣང་གསོན་པོ་ཞིག་བསྐྲུན་སོང་དྲན་པ་ཞིག་བྱུང་།
གོང་ཞུས་ལྟར་ཕུགས་རྒྱང་རིང་བའི་བླ་ན་མེད་པའི་དགོངས་བཞེད་དང་། ལོ་མང་མཚན་གནས་རྗེས་འབྲེལ་གྱི་ལོ་རྒྱུས་བློས་བཏང་བའི་མཛད་པ་འདིར་མཐོ་རིམ་མི་སྣ་མང་པོས་དོན་མ་རྟོགས་པའི་ཁུལ་ལམ། གསུངས་འཕྲིན་དེར་གྲོས་ཚོགས་ནས་བགྲོ་གླེང་གནང་བའི་སྐབས་བཀུར་འོས་སྤྱི་མཐུས་ཤིག་གིས། “ང་ཚོ་ད་ལྟ་ཡར་ལངས་ན་མགོ་བརྡབ། མར་བསྡད་ན་རྐུབ་བསྡབ་ཅེས་པའི་དཔེ་ལྟར་རེད་”ཅེས་གསུངས་པའི་ཚུལ་བཞིན་གོང་རིམ་མི་སྣ་མང་ཤོས་ཀྱིས། དོན་ལ་གནས་མིན་གྱི་རང་གི་མགོ་རྐུབ་སྲུང་བའི་འགྲེལ་བཤད་དེ་དག་གི་ངོ་བོའམ་གནས་སྟངས་དེ་དོན་གནད་གཉིས་སུ་བསྡུས་ན་བཤད་ན། འདི་ལྟར་ཏེ།
༡། བཀའ་སྤྱི་གཉིས་ཀྱིས་༸གོང་ས་མཆོག་མེད་པའི་དུས་སྐབས་ཤིག་ཡོང་འགྱུར་ངེས་ཡོད་ཀྱང་དེར་གདོང་ལེན་གྱི་གྲ་སྒྲིག་བྱས་མེད་པ།
གྲོས་ཚོགས་མཐུས་མི་ཚོས་“ མགོན་པོ་གང་གིས་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཀྱི་མཛད་ཁུར་དུས་ནམ་ཡང་འདོར་བ་མེད་པ་མུ་མཐུད་སྐྱོང་བཞེས་ཅི་ནས་ཡོང་བའི་ད་ལམ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ཡོངས་ཀྱིས་མགྲིན་དབྱངས་གཅིག་གྱུར་ངང་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ཡིན”ཞེས་ཁོང་ཚོས་༸གོང་ས་མཆོག་ད་དུང་ལྷོད་ཀྱིས་དགུང་ལོ་བགྲེས་བཅུག་པའི་འདོད་བློ་མེད་པ་དང་། ཡོང་ཐབས་མེད་པའི་ནམ་ཡང་ཆོས་སྲིད་ཀྱི་འགན་ཁུར་སྐྱོང་རོགས་ཞེས་༸གོང་ས་མཆོག་གི་སྐུ་ན་བགྲེས་ཀྱིན་པའི་དགུན་ནའི་བབ་མཐོང་ཐུབ་མེད་པ་མ་ཟད། ༸གོང་ས་མཆོག་གི་དགོངས་བཞེད་ཀྱི་སྙིང་པོ་ལྟར། ཁོང་མེད་པའི་བོད་ཀྱི་ཡ་ང་བའི་དུས་ཚོད་ལ་ཚོད་དཔག་གམ། གྲ་སྒྲིག དེ་བཞིན་འགན་ཁུར་ཅིག་གཏན་ནས་མེད་པའི་རྣམ་པ་གསལ་པོར་བསྟན་ཡོད།
༢། བཀའ་སྤྱི་གཉིས་ཀྱིས་༸གོང་ས་མཆོག་གི་བགྲེས་ཡོལ་གྱི་དགོངས་གཞིའི་དོན་རྟོགས་ཡོད་ཀྱང་མང་ཚོགས་སྣེ་ཁྲིད་ཀྱི་འགན་ཁུར་རྒྱུར་ཏག་ཏག་ཅིག་བྱས་མེད་པ།
བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་ཀྱང་ “༸གོང་ས་མཆོག་གིས་བགྲེས་ཡོལ་གནང་སོང་ན། ང་ཚོ་ལ་ད་ལྟ་གྲ་སྒྲིག་གང་ཡང་མེད་”ཅེས་དང་། སུམ་དུས་བཀའ་སློབ་སྐབས་སུ་ངུ་ཤུན་གནང་བ་སོགས་ཀྱིས་བོད་གཞིས་བྱེས་གཉིས་སུ་མངངས་འཚབ་དང་། འཇིགས་སྐྲག་སྣོན་མ་ཞིག་གནང་ནས་དུས་ཚོད་འདིར་ཟང་ཟིང་དང་ཕོག་དུག་ཆེ་རུ་གཏོང་ཡོད་པ་རེད། འོན་ཀྱང་བཀའ་ཁྲིས་གྲོས་ཚོས་ཚོགས་དུས་སྐབས་༡༡ པའི་ནང་གསུངས་པ་ལྟར། ཁོང་ཅག་གིས་༸གོང་ས་མཆོག་གི་དགོངས་གཞི་ནི་སྔོན་མ་ཞིག་ནས་ཧ་གོ་ཡོད་པ་བརྟེན། སྐབས་འདིའི་གསུངས་འཕྲིན་རིན་པོའང་གློ་བུར་བ་ཞིག་ཀྱང་མིན་སྟབས། འཛིན་སྐྱོང་དང་གྲོས་ཚོགས་ཀྱི་ངོས་ནས། འདིའི་སྐོར་གྱི་ཐོག་མའི་མང་ཚོགས་ལ་གཏམ་བཤད་གནང་དུས་ནས་བཟུང་། མང་ཚོགས་སྣེ་ཁྲིད་ཀྱི་ཐབས་ལ་མཁས་ཤིང་། སྤྱི་དོན་རང་བཞིན་ཅན་གྱི་འགན་ཁུར་ལྡན་པའི་གོ་རིམ་ཡོད་པའི་བཀའ་སློབ་ཀྱིས་མང་ཚོགས་ཀྱི་བློ་སྒོ་འབྱེད་དེ་སྤོབས་པ་དང་ང་རྒྱལ་བསྐྲུན་དགོས་པ་རེད་མོད་བཀའ་སྤྱིའི་གནང་སྟངས་ནི་དེ་ལས་ལྡོག་ཡོད་པ་རེད་དོ།།
༼གཉིས་པ༽བགྲེས་ཡོལ་གྱི་གསུངས་འཕྲིན་ཕེབས་པ་ནི་ཐབས་ལམ་གྱི་སྙིང་པོ་ཞིག་གནང་བ་ལས་འུ་ཐུག་དགོས་པའི་དུས་ཚོད་ཅིག་མིན་པའི་གནད་དོན་གསེད་བཀྲོལ་བྱེད་པ།
སྤྱིར་ན་བསོད་ནམས་ཀྱི་བྲེ་ཁ་དམའ་བའི་འཛམ་བུ་གླིང་པ་དང་། དེ་ལས་ཀྱང་དཀའ་སྡུག་གི་དམ་ཞབས་ཚོད་པའི་བོད་མི་ཚོའི་ཡ་ཐོད་ལ། ༸གོང་ས་མཆོག་མེད་པའི་གཉེར་མ་ནག་པོ་ཞིག་རུས་པའི་ཡང་གཏིང་རུམ་ན་རང་བཞིན་གྱིས་དོད་ཡོད་པ་རེད། མཁྱེན་པ་དང་བརྩེ་བ་ཆེན་པོའི་བདག་ཉིད་ཅན་གྱི་སེམས་དཔའ་ཆེན་པོ་༸གོང་ས་ཏཱ་ལའི་བླ་མ་གང་གིས་ཆོས་ཉིད་དེའི་སྡོད་ལུགས་ལས། མ་འོངས་པའི་བོད་མིའི་མིག་ཆུ་ད་ལྟ་ནས་གསལ་པོར་གཟིགས་ཏེ། བརྩེ་བ་དང་སྙིང་རྗེ་ཆེན་པོའི་སྤྱན་གྱིས་གཟིགས་ཤིང་། ཐུགས་ཀྱིས་དཔྱད་དེ་ཐབས་ལ་མཁས་པའི་དཔྱད་བསྡུར་གདམ་གསུམ་གྱི་ཕྲིན་ལས་ནི། ང་ཚོའི་ངོར་འདི་ཙམ་ལས་ལྷག་མེད་པ་ཤེས་ཐུབ་ཀྱིན་ཡོད།
དེའང་༸གོང་ས་མཆོག་གིས། དུས་ནས་དུས་སུ་བོད་གཞུང་གི་ལས་བྱེད་སྤྱི་དང་མང་ཚོགས་ལའང་། “ཁྱོད་ཚོས་ད་ལྟ་ནས་ང་མེད་པ་ནང་བཞིན་གྱིས་ཤོག་ཨ་”ཞེས་གསུངས་ཀྱིན་ཡོད་པ་ནི། གཞུང་ཞབས་པ་ཞིག་ཡིན་ན་ཤེས་པས་ཁྱབ་དགོས་པའི་གསུངས་འཕྲིན་རྙིང་བ་ཞིག་རེད། གསུངས་འཕྲིན་འདི་དང་ད་ལོར་བགྲེས་ཡོལ་ཁམས་གཙང་གསུངས་བཞིན་པ་གཉིས་ནི་དགོངས་གཞིའི་ངོ་བོ་གཅིག་པ་ཅན་གྱི་དགོངས་བཞེད་དང་མཛད་པ་ཞིག་ཡིན།
ང་ཚོ་བོད་པ་འདི་བྱིས་པ་ཞིག་ཡིན་ན། སྐྱེས་ནས་ལོ་གཅིག་དང་ཕྱེད་ཀྱི་བར་དུ་ཨ་མ་ལྟ་བུའི་༸གོང་ས་མཆོག་གི་ཕྱག་གིས་བཟུང་ནས་ཁྲིད་བསྡད་པ་ཞིག་རེད། ད་ལྟའི་ང་ཚོ་ལོ་གཉིས་ཙམ་ལ་སླེབས་བཞིན་ཡོད་ཀྱང་༸གོང་ས་མཆོག་གི་ཕྱག་ལ་འཇུས་ནས་འགྲོ་བ་ལས། ཁོང་གིས་ “ང་མེད་བསམ་པའི་ཐོག་ནས་ཁྱོད་རང་གཅིག་པུ་སོང་དང་སྐྱོན་གྱི་མ་རེད། གལ་སྲིད་རིལ་སོང་ནའང་ངས་རོགས་པ་བྱེད་ཆོག” ཞེས་ག་ཚོད་གསུངས་ནའང་ང་ཚོ་ནི་ཞེད་སྣང་ཞིག་གིས་གཏན་ནས་འགྲོ་ཕོད་མེད། ད་ལྟའི་ང་ཚོ་ལོ་གསུམ་ལ་ལོན་ཟིན་མོད་ད་དུང་ལང་ཤོར་གྱི་རྣམ་པས་༸གོང་ས་མཆོག་དང་སྐར་ཆ་གཅིག་ཀྱང་འབྲལ་ཏེ་རང་ཉིད་གཅིག་པུའི་ཐོག་ནས་འགྲོ་རྒྱུའི་ཚོད་ལྟ་ཙམ་ཡང་བྱེད་ཕོད་ཀྱིན་མེད། (འདི་ནི་གོམ་སྟབས་ཙམ་གྱི་དཔེ་ཡིན།) ཆེས་སྒྱིད་ལུག་པའི་གནས་སྟངས་འདི་ལ་གཟིགས་རྗེས། ༸གོང་ས་མཆོག་གི་ཐུགས་རྗེའི་ཀློང་ནས་འདོར་ཐབས་མེད་པའི་བོད་མི་བདེ་ཐབས་སུ། ཐབས་ལ་མཁས་པའི་མཛད་པ་གཅིག་རང་ལྷག་ཡོད་པ་ནི། ཁོང་གིས་བགྲེས་ཡོལ་ཁམས་གཙང་གནང་རྒྱུ་དེ་ཡིན་པར་དགོངས་ནས། (༢༠༡༡་༣་༡༠) འདི་ལོ་སུམ་དུས་བཀའ་སློབ་ཏུ་ “ངོས་ཀྱིས་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་འགན་འཁུར་བྱེད་འདོད་མེད་པ་འམ། སེམས་ཤུགས་ཆག་པ། བོད་མིའི་བདེན་དོན་གྱི་འཐབ་རྩོད་བློས་བཏང་བ་བཅས་གཏན་ནས་མིན་པར་བོད་མི་རིགས་ཀྱི་འཕྲལ་ཕུགས་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན་པས་ཁྱེད་ཚོའི་རེ་སྐུལ་དང་ལེན་བྱ་ཐབས་མ་བྱུང་ཡང། བོད་མི་ཡོངས་ཀྱིས་ཇི་སྲིད་ངོས་ལ་ཡིད་ཆེས་བློས་འགེལ་ཡོད་པ་དེ་སྲིད་དུ་ངོས་རང་བོད་ཀྱི་ཡུལ་མི་ཞིག་ཡིན་པས་རང་འགན་ངེས་པར་བསྒྲུབ་རྒྱུར་བརྟེན། རིམ་བཞིན་གནད་དོན་འདིའི་དགག་དགོས་རྒྱུ་མཚན་རྣམས་གོ་རྟོགས་ཀྱིས་ངོས་ཀྱི་ཐག་གཅོད་ལ་མོས་མཐུན་དང་ལེན་བྱེད་པའི་ཡིད་ཆེས་ཡོད།”ཅེས་གསུངས་དགོས་བྱུང་པ་དང་།
ཡང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་༡༡ པའི་སྐབས་སུ་དེའི་སྐོར་གྱི་དམིགས་བསལ་བཀའ་སློབ་ཕེབས་པའི་ནང་། “བོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་རྒྱུན་གནས་ཐུབ་པ་དང༌། བོད་མིའི་དྲང་བདེན་གྱི་འཐབ་རྩོད་རྒྱུན་སྐྱོང་ཐུབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་ཞིང༌། ཅི་སྟེ་ད་དུང་ལོ་བཅུ་ཕྲག་འགའ་ཤས་མུ་མཐུད་གནས་དགོས་པ་བྱུང་ན་ངོས་ནས་འགོ་འཁྲིད་བྱེད་མ་ཐུབ་པའི་དུས་ཤིག་ངེས་པར་ཡོང་རྒྱུ་ཡིན་པ་ནི་ཚང་མས་ཤེས་གསལ་དང༌། ད་ལྟ་ངོས་རང་བདེ་ཐང་ཡོད་སྐབས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཁུར་ཆ་ཚང་ྋརྒྱལ་བ་རིན་པོ་ཆེར་བརྟེན་མི་དགོས་པར་རང་ཚུགས་ཐུབ་པ་ཡོང་རྒྱུའི་གོམས་གཤིས་འཇགས་ཐབས་སུ། ལམ་སྲོལ་འདི་ད་ལྟ་ནས་ལག་བསྟར་བྱེད་རྒྱུ་བྱུང་ན་དཀའ་ངལ་འཕྲད་ཚེ་སེལ་ཐབས་སུ་ངོས་ཀྱིས་མཐུན་འགྱུར་བྱེད་ཐུབ། དེ་མིན་འདི་མུར་ལུས་ཏེ་ནམ་ཞིག་གློ་བུར་ངོས་ཀྱི་འགོ་འཁྲིད་མེད་པའི་དུས་སྐབས་ཤར་ཚེ་ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་ཞིག་ཡོང་སྲིད་པས། དེ་འདྲ་མི་ཡོང་ཆེད་ད་ལྟ་ནས་ངེས་པར་ལག་ལེན་བྱེད་དགོས་པ་དེ་བོད་མི་ཡོངས་ཀྱི་གལ་ཆེའི་ལས་འགན་ཞིག་ཏུ་གྱུར་ཡོད།”ཅེས་གསུངས་པ་སོགས་ཀྱི་བཀའ་སློབ་ཕེབས་ཡོད།
གསུངས་འཕྲིན་དེ་དག་གི་ནང་དོན་ནི་བཀའ་སྤྱིའི་མི་སྣ་ཙམ་དུ་མ་ཟད། མ་འོངས་བོད་ལ་ལྷག་བློ་ཆེན་པོས་བསམ་བཞིགས་གནང་མཁན་ཞིག་ཡིན་ན། ཧ་གོ་མི་ཐུབ་པའི་དྲང་ངེས་དང་གབ་ཚིག་གི་རྣམ་པའི་ཐོག་ནས་བསྟན་པ་ཞིག་མིན་པ། ཚིག་ཁ་གསལ་ཞིང་དགོངས་གཞི་དང་དགོས་པ་ཐད་བརྗོད་གནང་ཡོད་པའི་གསུངས་འཕྲིན་ཞིག་ཡིན་པ་རེད། དེ་ལྟ་བུའི་བཀའ་སློབ་རིན་པོ་ཆེའི་རིན་ཐང་ནི། བོད་པའི་ཆེད་དུ་གནམ་འོག་གི་བྱམས་པ་དང་བརྩེ་བའི་སྙིང་པོ་ལྷན་གཅིག་ཏུ་བསྡུས་ཤིང་། སངས་རྒྱས་སྟོང་གིས་ཐབས་ལམ་གྱི་སྙིང་པོ་རྩལ་དུ་བཏོན་ནས་ལམ་སྟོན་གནང་ཡང་དེ་ལས་ལྷག་ཅིག་རྙེད་རྒྱུ་མེད་པའི་ཚོད་ཀྱི་རླབས་ཆེན་དགོངས་བཞེད་ཅིག་ཡིན་པར་འདོད། བརྩེ་བ་དང་སྙིང་རྗེ་ཆེན་པོའི་དགོངས་བཞེད་འདིའི་ཐོག་ད་ལྟ་ནས་ཉམས་ལེན་གནང་སྟེ་ཤར་བསྐྱོད་བྱས་ན། འཆར་གཞི་དང་གདེང་ཚོད་མེད་པའི་ད་ལྟའི་ང་ཚོའི་གྲིབ་གཟུགས་ནང་ཡིབ་ནས་ཡོད་པའི་མ་འོངས་པའི་འ་ཆད་འུ་ཐུག་གི་ལོ་ཟླ་(ཆོས་སྲིད་ཀྱི་མཛད་འགན་བཞེས་བཞིན་པའི་ངང་༸གོང་ས་མཆོག་མེད་པའི་དུས་ཚོད)དང་། ཡོང་འགྱུར་གྱི་ལོ་རྒྱུས་ནག་པོ་དག་རིམ་བཟློག་ཐུབ་པའི་ཁར། སྲ་བརྟན་རང་བཞིན་ཅན་གྱི་གོ་རིམ་ལྡན་པའི་སྒྲིག་འཛུགས་ཤིག་གི་འོག་ནས་བློ་གཏད་ཐུབ་ས་ཞིག་དང་། ད་དུང་མང་གཙོའི་ཁེ་དབང་ཐོག་འཛམ་གླིང་གི་དཀྱིལ་འཁོར་ར་བའི་ནང་མཉམ་བསྐྱོད་ཐུབ་པའི་ཕུགས་འཕེལ་འཆར་གཞི་ལྡན་པའི་ལས་རིམ་ཞིག་ཆགས་ཀྱིན་ཡོད་པ་རེད་དོ།།
༼གསུམ་པ༽ བགྲེས་ཡོལ་གྱི་གསུངས་འཕྲིན་ལ་ལོག་པ་འགྲེལ་ནས་༸གོང་ས་མཆོག་ལ་སྐུལ་འདེབས་བྱེད་ཀྱིན་པ།
༡། ཁ་ཅིག་གིས་“བགྲེས་ཡོལ་གྱི་གསུངས་འཕྲིན་ཕེབས་པ་ནི་ད་ལྟའི་བོད་པའི་སྤྱི་ཚོགས་ནང་མི་འགའ་རེས་རྩོམ་ཡིག་འདྲ་མིན་སྤེལ་བས་རེད་”ཟེར།
སྐད་ཆ་འདི་འདྲ་བཤད་མཁན་མཐོ་རིམ་མི་སྣའི་ནང་ལའང་ཡོད་མོད་ཀུན་སློང་ཅི་ཞིག་ཡིན་མིན་གང་ལྟར་ཡང་། དེང་རབས་འཛམ་གླིང་གི་ངོས་ནས་བསམ་བློའི་སློབ་སྟོན་པ་ཆེན་པོ༸གོང་ས་མཆོག་ལ་མཚོན་ན་བཤད་སྟངས་འདི་ནི་ཧ་ཅང་གི་མཐོང་ཆུང་གི་རྣམ་པ་ཞིག་དང་། ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་དེད་དཔོན་ཆེན་པོ་ཞིག་ལ་བསམ་ན། དད་ལྡན་མི་རིགས་ཤིག་གི་སྐད་ཆ་དང་། གནས་ལུགས་དོན་ལ་སྦྱར་ཐུབ་མཁན་གྱི་བཤད་སྟངས་ཤིག་མིན་པ། རྒྱལ་བའི་སྐུ་ལ་བསེ་རག་ལག་པས་མཐོ་འཇལ་བྱས་པ་ཞིག་རེད་ལ། སངས་རྒྱས་མི་རུ་བཟུང་པའི་ལྟ་ཚུལ་ལྟ་བུའི་༸གོང་ས་མཆོག་ལ་མིའི་ནང་ནས་ཀྱང་ཐ་མ་པ་ཞིག་གི་རིན་ཐང་ལས་བཞག་མེད་པའི་རྣམ་པ་གསལ་པོ་རེད། དེའང་གསུངས་འཕྲིན་ནང་“ངོས་ཀྱི་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་འགན་ཁུར་བྱེད་འདོད་མེད་པའམ། སེམས་ཤུགས་ཆག་པ། བོད་མིའི་བདེན་དོན་འཐབ་རྩོད་བློས་བཏང་བ་ཞིག་གཏན་ནས་མ་ཡིན་པར་བོད་མིའི་འཕྲལ་ཕུགས་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན།”ཞེས་པ་ལྟར་རོ།།
༢། ཁ་ཅིག་གིས་“བགྲེས་ཡོལ་གྱི་གསུངས་འཕྲིན་ཕེབས་དོན་ནི་དབུ་མའི་ལམ་ལ་གྲུབ་འབྲས་མ་ཐོན་པས་རེད་”ཟེར།
དབུ་མའི་ལམ་གྱི་སྲིད་བྱུས་ནི་༸གོང་ས་མཆོག་གིས་གཏན་ལ་ཕབ་པའི་འཛམ་གླིའི་འདིའི་ཆབ་སྲིད་འཐབ་རྩོད་ཀྱི་ལམ་ཁ་གསར་བ་ཞིག་རེད། སྒྲུབ་བྱར་གྱུར་པའི་དབུ་མའི་ལམ་གྱི་ལྟ་བའི་ཐོག་ནས་ད་ལྟ་གྲུབ་འབྲས་མཐའ་ཐུག་དེ་ཐོན་མེད་ཀྱང་དེའི་ཐད་ནས་ང་ཚོར་དགེ་ཕན་གཏིང་ཟབ་རེ་ཐོབ་ཡོད་པ་ནི། དཔེར་ན་རྒྱ་བོད་མང་ཚོགས་ཀྱི་བསམ་བློའི་མཐུན་ས་ཞིག་གྲུབ་ནས་རྒྱ་མི་རིགས་ཀྱིས་ང་ཚོར་རྒྱབ་སྐྱོར་ཀྱི་དཔུང་རོགས་གང་འཚམས་ཐོབ་བཞིན་ཡོད་པ་དང་། འཛམ་གླིང་ཕྱོགས་ཡོངས་ནས་མཐུན་འགྱུར་རག་པ་བཞིན་པ་སོགས་རེད། ལམ་ཁ་འདིས་ད་ལྟ་ཁ་ཡོད་བོད་ཀྱི་མངོན་འདོད་འགྲུབ་མེད་པའི་ཉེར་ལེན་ལས་ཞེ་ས་མ་ཞུས་ན་༸གོང་ས་མཆོག་འུ་ཐུག་པ་དང་། སྐབས་མཚམས་འདི་ནས་བོད་དོན་གཡུག་བཞག་པ་ཞིག་མིན་པ། རང་ཉིད་ཀྱི་ཁེ་དབང་བློས་བཏང་ནས། མང་ཚོགས་ལ་ཁག་བགོས་གནང་སྟེ། ཁོང་རང་ཉིད་མེད་པའི་དུས་སྐབས་ཉམ་ཐག་པོ་དེར་གདོང་ལེན་གྱི་ཚོད་ལྟ་བྱེད་བཅུག་པའི་ཐབས་མཁས་ཐུགས་རྗེའི་མཛད་པ་རྨད་དུ་བྱུང་བ་ཞིག་ཡིན་པ་ནི། ཁོང་གིས་ “ད་ལྟ་ངོས་རང་བདེ་ཐང་ཡོད་སྐབས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་ཆ་ཚང་ྋརྒྱལ་བ་རིན་པོ་ཆེར་བརྟེན་མི་དགོས་པར་རང་ཚུགས་ཐུབ་པ་ཡོང་རྒྱུའི་གོམས་གཤིས་འཇགས་ཐབས་སུ། ལམ་སྲོལ་འདི་ད་ལྟ་ནས་ལག་བསྟར་བྱེད་རྒྱུ་བྱུང་ན་དཀའ་ངལ་འཕྲད་ཚེ་སེལ་ཐབས་སུ་ངོས་ཀྱིས་མཐུན་འགྱུར་བྱེད་ཐུབ།”ཅེས་གསུངས་པ་ལྟར་ཡིན་པ་ལས། གཞན་དོན་དང་མ་འབྲེལ་བའི་ངང་ཐུང་གི་སྐུལ་འདེབས་གནང་གཞི་ཞིག་གཏན་ནས་མིན་ནོ།།
༣། ཁ་ཅིག་གིས་“བགྲེས་ཡོལ་གྱི་གསུངས་འཕྲིན་ཕེབས་དོན་ནི། རྒྱ་ནག་གིས་༸གོང་ས་མཆོག་གི་བོད་དོན་འཐབ་རྩོད་ཀྱི་སྲིད་བྱུས་དང་། སྐུ་ཚབ་རིམ་པའི་འབྲེལ་ལམ་ལ་ངོས་ལྐོག་ཐུབ་པའི་མཉམ་ལས་བྱེད་ཀྱིན་མེད་པས་རེད་”ཟེར།
ནམ་རྒྱུན་༸གོང་ས་མཆོག་གིས་ “ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བ་ཤོག།”ཅེས་གསུངས་ཏེ་དེ་ཉིད་ཉམས་ལེན་གནང་ཀྱིན་ཡོད་པ་ནི། ཁོང་གི་རྨད་བྱུང་མཛད་འཕྲིན་གྱི་ལོ་རྒྱུས་མཇལ་ན་མཁྱེན་རྟོགས་ཡོང་ངེས་ཡིན། དེའང་མི་ལོ་སུམ་བརྒྱ་ལྷག་གི་ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གྱི་སྲིད་དོན་ཐོབ་དབང་གི་ལོ་རྒྱུས་བློས་བཏང་ནས་དེར་སྡོམ་ཚིག་རྒྱབ་པ་དང་། རང་ཉིད་ལ་དག་པའི་བོད་རྒྱལ་པོའི་རིང་ལུགས་ལ་བཅོས་བསྒྱུར་གནང་བའི་སྙིང་སྟོབས་ལྡན་པའི་སྐྱེས་བུ་དེས། མཐའ་མཇུག་གི་མི་ཚེའི་བར་མཛད་དཀའི་ངལ་བ་དང་ལེན་གྱིས་བོད་དོན་རྩོད་སྒྲུབ་གནང་རྗེས། ལྷག་མིའི་ཉུང་ཤས་ཀྱི་སྐུ་ཚེའི་ལོ་ཟླའི་ནང་མི་རིགས་ཤིག་དང་། རྒྱལ་ཁབ་ཅིག དེ་ལས་ཀྱང་རིག་གཞུང་ཞིག་དང་། ཁྱད་ནོར་ཞིག་གི་དོན་དུ་འཐབ་རྩོད་འདི་སྲ་བརྟན་ཡུན་གནས་དང་། ཕུགས་འཕེལ་གོ་རིམ་ལྡན་པ་ཞིག་ཡོང་འགྱུར་ལ་དམིགས་པའི་རླབས་ཆེན་གྱི་མཛད་པ་ནི། རྒྱ་ནག་གི་རྣམ་འགྱུར་ཡ་མ་ཟུང་ལ་ལྟོས་མེད་པ་ཙམ་དུ་མ་ཟད། མི་གཅིག་ལ་བརྟེན་པའི་གཞུང་ཞིག་དང་རིག་གཞུང་ཞིག་ཆགས་མ་བཟོད་པ། དེར་སྲ་བརྟན་ཕུགས་འཕེལ་གྱིས་གདོང་ལེན་གནང་དགོས་པའི་བསླབ་བྱ་གནང་པ་ཞིག་ཡིན། དེའང་གསུངས་འཕྲིན་ནང་དུ་“ནམ་ཞིག་གློ་བུར་ངོས་ཀྱི་འགོ་ཁྲིད་མེད་པའི་དུས་སྐབས་ཤར་ཚེ་ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་ཞིག་ཡོང་སྲིད་པས་དེ་འདྲ་མི་ཡོང་ཆེད་ད་ལྟ་ནས་ངེས་པར་ལག་ལེན་བྱེད་དགོས་པ་དེ་བོད་མི་ཡོངས་ཀྱི་གལ་ཆེའི་ལས་འགན་ཞིག་ཏུ་གྱུར་ཡོད།”ཅེས་པ་སོགས་རེད།
༼བཞི་པ༽ རླབས་ཆེན་དགོངས་གཞི་ལྡན་པའི་བགྲེས་ཡོལ་གྱི་གསུངས་འཕྲིན་ཐོག་ཤར་བསྐྱོད་དགོས་པའི་རྒྱུ་མཚན་རིམ་པ་ ༧ བགྲངས་པ།
༡། རླབས་ཆེན་གྱི་དགོངས་བཞེད་ལ་ཚད་དཀག་མེད་པ་ལག་བསྟར་ངེས་པར་དགོས་པའི་རྒྱུ་མཚན་གཙོ་བོ།
སྤྱིར་ང་ཚོའི་མིག་མདུན་ན་འཛམ་གླིང་གི་ཏོག་ལྟར་མངོན་པར་མཐོ་བའི་༸གོང་ས་མཆོག་གིས་བོད་ཀྱི་སྲིད་དབང་ལས་བགྲེས་ཡོལ་གནང་ན། ད་ལྟའི་ང་ཚོ་ལ་བཀའ་ཤག་གིས་བཤད་པ་ལྟ་བུའི་དཀའ་ངལ་མང་པོ་ཞིག་འཕྲད་གཏན་ཁེལ་མོད། དེ་ཚོ་ནི་ང་ཚོ་ལ་འཕྲད་ངེས་པའི་དཀའ་ངལ་རྐྱང་ཡིན་པ་ལས། དེ་ལས་གཡོས་ཏེ་ལམ་ཁ་གཞན་ཞིག་བརྒལ་ས་གཏན་ནས་མེད་པ་ཞིག་ཡིན་དུས་དེར་ཉམས་ལེན་གནང་དགོས་པ་ཡིན། དེའང་༸གོང་ས་མཆོག་གིས་ཁོང་རང་ཉིད་ཀྱི་ཐོབ་དབང་ཙམ་དུ་མ་ཟད། ཏཱ་ལའི་བླ་མའི་ལོ་ངོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལས་ཡོང་འགྱུར་བོད་ཀྱི་ལོ་རྒྱུས་གཙིས་ཆེར་བཟུང་པ་དང་། ད་ལྟ་ལས་མ་འོངས་པའི་བོད་དེ་སྙིང་རྗེའི་ཡུལ་དུ་གཙོ་བོར་གཟིགས་ནས་རྒྱལ་པོས་སྨྲ་བ་ལན་གཅིག་གི་ཚུལ་དུ་བོད་ཀྱི་སྲིད་དབང་ལས་དགོངས་ཞུ་གནང་བཞིན་ཡོད། དེར་བརྟེན་ང་ཚོས་ད་ལྟ་ནས་ཁོང་གི་ཐབས་མཁས་ཐུགས་རྗེའི་མཛད་པ་དག་དད་གུས་ཀྱིས་དང་དུ་བླངས་ཏེ། དགོངས་གཞིའི་དགོས་པ་ངོ་ཤེས་པའི་ཐོག་ནས་ཡོང་འགྱུར་བོད་ཀྱི་འགག་སྒོ་དག་ལ་ཚོད་ལོན་དང་གོམས་འདྲིས། གྲ་སྒྲིག་དང་སྦྱོང་བདར་སོགས་བྱས་ཏེ། སྲ་སྲ་ཐག་ཐག་བྱེད་དགོས་པ་ནི། ཁོང་གིས་ང་ཚོར་བཅངས་པའི་ཐུགས་རེའི་སྙིང་པོ་དང་། བོད་ལ་མཚོན་ན་ཧ་ཅང་རིན་ཐང་ལྡན་པའི་གོ་སྐབས་ཤིག་རེད་ལ། གོ་སྐབས་ཐ་མ་ཞིག་ཀྱང་ཡིན་སྲིད།
༢། ཡོང་འགྱུར་འུ་ཐུག་གི་ལོ་ཟླ་ངོ་མ་ལ་གདོང་ལེན་གྱི་སློབ་སྦྱོང་ད་ལྟ་ནས་བྱས་ཏེ་ཉམས་མྱོང་བསགས་པའི་དུས་སྐབས་ཡོད་པ།
ང་ཚོའི་འུ་ཐུག་གི་ལོ་ཟླ་གཡོལ་ས་མེད་པ་ཞིག་ནི ༸གོང་ས་མཆོག་དང་ཁ་འབྲལ་ཏེ་ནམ་ཞིག་ན་ངུ་འབོད་ཀྱིས་སྐྱོ་ལྷང་ལྷང་ངང་གནས་དགོས་པ་དེ་རེད། དེ་ནི་ང་ཚོས་བོད་རང་བཙན་དང་རང་སྲིད་རང་སྐྱོང་ད་ལྟ་ནས་རག་ནའང་འདྲ། དེ་བཞིན་དཔལ་འབྱོར་ཡར་རྒྱས་དང་། སྤྱི་ཚོགས་ཡར་ཐོན་གྱི་གནས་སྟངས་གང་ཞིག་བྱུང་ཡང་ང་ཚོར་འཕྲད་ངེས་པའི་ཆེས་འུ་ཐུག་ཐབས་ཟད་ཀྱི་ལོ་ཟླ་ནག་པོ་ཞིག་རེད། ལོ་ཟླ་དེར་ང་ཚོའི་བརྟེན་ས་ཞིག་དགོས་ན། ༸གོང་ས་མཆོག་གི་བགྲེས་ཡོལ་གྱི་དུས་ཚོད་འདི་ནི་ང་ཚོའི་སློབ་སྦྱོང་གི་གོ་སྐབས་ཡག་ཤོས་དེ་ཡིན། ༸གོང་ས་མཆོག་མེད་པའི་རྗེས་ཤུལ་གྱི་ང་ཚོར་འཛམ་གླིང་རྒྱལ་ཁབ་ཁག་གིས་ད་ལྟའི་མཐུན་འགྱུར་རོགས་རམ་དང་རྒྱབ་སྐྱོར་ཆེ་མཐོང་། ད་དུང་གུས་བཀུར་དང་འདྲ་མཉམ། གདུང་སེམས་མཉམ་བསྐྱེད་བཅས་ཀྱི་མི་བརྟན་པའི་རྣམ་པ་འདི་ཚོ་ལྷོད་ཀྱིས་ཡལ་སྲིད་ལ། རྒྱ་ནག་གཞུང་གིས་ཀྱང་གོ་སྐབས་དེ་བཟུང་ནས་རྣམ་པ་མི་འདྲ་བའི་འདྲེ་ལག་གང་སར་བསྲིངས་ཏེ། ང་ཚོའི་ཆིག་སྒྲིལ་གཏོར་བརླག་དང་། ཁ་ཕྱོགས་རྩ་གཏོར་གྱིས་ད་ལྟའི་གྲོས་མོལ་གྱི་རྣམ་པ་གཏན་མེད་ཐོག ནམ་ཡང་ཁྱད་གསོད་དང་མཐོང་ཆུང་། མནར་གཅོད་དང་ལངས་ཐབས་མེད་པའི་སྲིད་བྱུས་ངན་པའི་ནང་ཉམ་ཐག་པོ་ལྷག་སྲིད་པ་རེད།
སྐབས་དེར་ང་ཚོའང་གཞན་གྱིས་ངན་བཟོས་བྱས་པའི་ནང་ཁུལ་འགལ་ཟླའི་གཞི་རྩ་ཆོལ་ཁ་འཐེན་ཁྱེར་དང་། རང་ཉིད་ཀྱིས་ཨ་གསར་ལམ་ནས་བསྐྲུན་པའི་ཆོས་ལུགས་མི་འདྲ་བའི་ཕྱོགས་རིས་སོགས་ཀྱི་དཀའ་ངལ་འཇིགས་ཡེར་རེ་བ་མང་པོ་ཞིག་གཅིག་རྗེས་གཉིས་འཐུད་དུ་ལངས་མི་སྲིད་པའི་ངེས་པ་མེད། འཇིགས་ཉེན་དེ་དག་གདོང་ལེན་བྱེད་པ་ལ། མང་པོས་བཀུར་བའི་རྒྱལ་པོ་གཉིས་པ་༸གོང་ས་ཏཱ་ལའི་བླ་མ་གང་གི་བྱམས་པ་དང་བརྩེ་བའི་བྱིན་རླབས་འོག་ནས་ང་ཚོས་ད་ལྟ་གོ་རིམ་ལྡན་པའི་འཆར་གཞི་བསྒྲིགས་ཏེ་ལམ་སྟོན་ཞུ་ཆོག་ལ། མང་མོས་གྲོས་བསྡུར་གྱི་ལམ་ནས་སྲ་བརྟན་ཕུགས་འཕེལ་གྱི་སྒྲིག་འཛུགས་བཟོས་ཏེ་ཚོད་ལྟ་བྱས་ནས་ཡོ་བ་བསྲང་། ནོར་བ་བཅོས། འཐོར་བ་སྡུད་པ་བཅས་ཀྱི་བཀའ་དྲིན་ཡང་ཞུ་ཆོག་པའི་དུས་སྐབས་ཡོད་པ་རེད།
༣། ད་ལྟའི་བཙན་བྱོལ་གཞུང་གིས་༸གོང་ས་མཆོག་མེད་པའི་མ་འོངས་པའི་བོད་ལ་གོ་རིམ་ལྡན་པའི་འཆར་གཞི་མེད་པ་དེར་གྲ་སྒྲིག་ཚག་ཚུད་ཡོང་པའི་དགེ་ཕན།
༸གོང་ས་མཆོག་གིས་ “ངོས་ནས་ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གྱི་ཆབ་སྲིད་དང་འཛིན་སྐྱོང་གི་བྱེད་སྒོ་གང་ཡང་མ་དགོས་པ་ཞིག་ངེས་པར་བྱེད་དགོས།”ཞེས་གསུངས་པ་ན། གྲོས་ཚོགས་ཀྱི་མཐུས་མི་ཚོས་མ་འོངས་༸གོང་ས་མཆོག་མེད་པའི་འཇིགས་ཉེན་ཅན་གྱི་དུས་ཚོད་དེ་བསམ་བློ་མ་གཏོང་བ་“མགོན་པོ་གང་གིས་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཀྱི་མཛད་ཁུར་དུས་ནམ་ཡང་འདོར་བ་མེད་པ་མུ་མཐུད་སྐྱོང་བཞེས་ཅི་ནས་ཡོང་བའི་ད་ལམ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ཡོངས་ཀྱིས་མགྲིན་དབྱངས་གཅིག་གྱུར་ངང་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ཡིན།”ཞེས་ནམ་ཡང་འདོར་བ་མེད་པ་མུ་མཐུད་ཅེས་༸གོང་ས་མཆོག་ལ་རྟག་པ་ཐེར་ཟུག་དུ་བལྟས་ནས་ཁྲལ་སོད་ཀྱི་གསོལ་འདེབས་བྱས་པ་ནི་མ་འོངས་པའི་བོད་ལ་འགན་ཁུར་མེད་པའི་དན་རྟགས་ཡིན།
དེ་བཞིན་གྲོས་ཚོགས་ཀྱིས་༸གོང་ས་མཆོག་གི་གདོས་བཅས་ཤ་གཟུགས་ཀྱི་རྣམ་པ་ལ་དག་པ་འགྱུར་མེད་ཀྱི་སྐུའི་ངོ་བོར་གཟིགས་པའམ། འགན་ཁུར་དང་ཡོང་ཐབས་མེད་པའི་འབོད་ཚིག་ཅིག་སྟེ“བདག་ཅག་བོད་འབངས་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་མགོན་སྐྱབས་དཔུང་གཉེན་དམ་པར་སྐུ་ཚེ་༧ཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་གདུང་ཤུགས་དྲག་པོས་ཞུ་རྒྱུ་ཡིན།”ཞེས་ཡོང་མི་སྲིད་པའི་སྨོན་ལམ་ཞིག་བཏབས་ནས་དལ་ལྷོད་ཀྱིས་འདུག་གྲགས་བྱས་ཡོད་པ་རེད་དེ། མགོ་ནག་མི་ལ་སྙིང་རྗེ་བླ་ལྷག་ཏུ་ཆེ་བའི་༸གོང་ས་མཆོག་གིས་འགན་ཁུར་མེད་པའི་སྐད་ཆ་དེ་དག་ཕྱིར་སློག་གནང་ནས། བྱང་ཆུབ་སེམས་དཔའི་ཉམས་ལེན་གྱི་མཇུག་སྐྱོང་ཡོད། སྐབས་མཚམས་དེར་མི་མང་གི་མདུན་ཐད་དུ་ལངས་པའི་གྲོས་ཚོགས་ཀྱང་རང་གར་འདུག་ས་མ་རག་པ། ཉིན་གཉིས་རིང་གི་གློ་བུར་བའི་ལས་འཆར་ཚོགས་ཆུང་ཞིག་གསར་འཛུགས་བྱས་ཏེ་མ་འོངས་པའི་འདུག་ཆུས་ཐད་བཅའ་ཁྲིམས་བཅོས་བསྒྱུར་གྱི་ཟིན་ཐོ་བྲི་ཐུབ་ཡོད་པ་དང་། ཚོགས་ཆེན་འཚོགས་འཆར་གྱི་གྲོས་ཆོད་དག་ཀྱང་བང་བསྒྲིགས་སྟེ། ༸གོང་ས་མཆོག་མེད་པའི་དུས་ཚོད་ནག་པོ་དེར་གདོང་ལེན་ཆེད་ད་ལྟ་ནས་འཆར་གཞི་ལྡན་པའི་གྲ་སྒྲིག་དང་ལས་མགོ་རྩོམ་རྒྱུ་བྱུང་ཡོད།
༤། ༸གོང་ས་མཆོག་མེད་པའི་ཡོང་འགྱུར་གྱི་ལོ་ཟླའི་ནང་བོད་མི་ཚོ་ཆིག་སྒྲིལ་དང་སྲ་བརྟན་ངང་རྒྱུན་གནས་ཐུབ་ཐབས་ཀྱི་སྒྲིག་འཛུགས་གསར་གཏོད་ཐུབ་པ།
ད་ལྟའི་བོད་པ་ནི་༸གོང་ས་མཆོག་གི་རིས་མེད་དཀྱེལ་ཡངས་ཀྱི་ཐུགས་བསྐྱེད་དང་བྱིན་རླབས་ཀྱི་གྲིབ་བསིལ་འོག་ནས། གཞིས་བྱེས་གཉིས་དང་། ཆོལ་ཁ་གསུམ། དེ་བཞིན་ཆོས་བརྒྱུད་ལྔའི་རྣམ་པས་གྲུབ་ཡོད་པ་དག་ནང་ཁུལ་བརྩེ་སེམས་ཀྱི་དར་ཐག་གིས་བཅིངས་ནས་འཆམ་མཐུན་དང་ཆིག་སྒྲིལ་གྱིས་འཚོ་ཡོད་ལ། སྡང་དགྲ་བོའི་མགོ་ལ་མཉམ་མཆོང་བྱེད་པའི་ཆོད་སེམས་བརྟན་པོའི་ངང་གནས་ཡོད་པ་རེད། དེ་དག་གི་གཞི་རྟེན་གཙོ་བོ་ཞིག་ནི་ ༸གོང་ས་མཆོག་ཡིན་མོད། ཡིད་སྐྱོ་བ་ཞིག་ལ་ཁོང་ནི་ད་ཆར་སྐུ་ན་བགྲེས་ཀྱིན་པའི་སྒང་དང་ཁེལ་ཡོད། དེ་ལས་ཀྱང་ནམ་ཞིག་༸གོང་ས་མཆོག་མེད་པའི་ང་ཚོའི་སྐྱོ་གདུང་དང་མིག་ཆུའི་ལོ་ཟླའི་ནང་བོད་མི་ཚོའི་གོང་བུ་ཆིག་སྒྲིལ་དང་། དཔུང་ཤུགས་མཉམ་འདོན་གྱི་ལ་རྒྱ་དག་ཀྱང་མཇུག་སྒྲིལ་ཀྱི་རེད་དམ། དེ་ནི་ཧ་ཅང་ཉེན་ཚབ་ཆེ་བའི་གནས་སྐབས་ཤིག་རེད། རྟེན་འབྱུང་འདི་དག་གིས་ང་ཚོ་ལ་ད་ལྟ་ནས་ཞེད་སྣང་སློང་གིན་ཡོད་པས། ད་ལྟའི་ཆར་ང་ཚོས་༸གོང་ས་མཆོག་གི་བརྩེ་བ་དང་སྙིང་རྗེ་ཆེན་པོའི་མཐུ་ནུས་དག་སྤྱད་ནས་མ་འོངས་པའི་བོད་དེ། ད་ལྟའི་བོད་བཞིན་སྡུག་ན་ཁུར་པོ་མཉམ་ཁྱེར་དང་། སྐྱིད་ན་རྟ་ཕོ་མཉམ་གཞོན་གྱི་བརྩེ་འདང་དང་། ཡིད་ཆེས་འདི་དག་ཡུན་གནས་དང་ཡར་རྒྱས་ཆེད། མང་གཙོའི་གོ་རིམ་ལྡན་ཞིང་། ཡང་དག་པའི་ཁྲིམས་ལུགས་གཏན་འབེབ་ཀྱི་སྒོ་ནས་ཐབས་ཅད་ཀྱིས་བློས་བཅོལ་རུང་བ་ཞིག་བྱ་རྒྱུའི་གོ་སྐབས་བླ་ན་མེད་པ་དེ་རག་ཡོད་པ་རེད།
༥། ཡོང་ངེས་པའི་༸གོང་ས་མཆོག་མེད་པའི་མིག་ཆུའི་ལོ་ཟླ་ལ་ད་ལྟ་ནས་དད་ལྡན་བོད་མི་གཞིས་བྱེས་གཉིས་བློ་གོམས་ཐབས་བྱེད་ཐུབ་པ།
ད་ལྟའི་གནམ་འོག་གི་བོད་པ་ནི་༸གོང་ས་མཆོག་ལ་དད་པ་དང་ཡིད་ཆེས་ཀྱིས་འཚོ་ཡོད་ལ། ཁོང་གི་ཡང་དག་པའི་བཀའ་སློབ་དང་འགྲོགས་ནས་མི་ཚེ་སྐྱེལ་བཞིན་ཡོད། བོད་པར་མཚོན་ན་ཁོང་མེད་པའི་ལོ་ཟླ་ནི་འཚོ་ཐབས་མེད་པའི་ཞེད་སྣང་ཅན་གྱི་ལོ་ཟླ་ཞིག་ལ་བརྩིས་ནས་བསྡད་ཡོད་པ་རེད། ད་ལྟའི་༸གོང་ས་མཆོག་ནི། ༸རྒྱལ་དབང་སྐུ་ཕྲེང་ལྔ་བ་ནས་རིམ་བརྒྱུད་བྱས་པའི་མཚན་གནས་རྗེས་འབྲེལ་གྱི་གནས་བབ་ཐོག་བཞུགས་ཡོད་མོད། བོད་མི་ཚོའི་ངོས་ནས་བསམ་ན། ཁོང་ནི་ཆོས་ཕྱོགས་ནས་རྩ་བའི་བླ་མ་དང་། སྲིད་ཕྱོགས་ནས་ཡང་དག་པའི་རྒྱལ་པོ་ཞིག་ལ་ནམ་ཡང་བཀུར་ཞིང་། ག་དུས་ཀྱང་གུས་ནས་མདོར་ན་དཔྲལ་བའི་མིག་དང་། ཁོག་པའི་སྙིང་ལྟར་བརྩིས་ཏེ་ཡོད། དེ་བཞིན་བོད་མིའི་མདུན་གྱི་༸གོང་ས་མཆོག་ནི་ལོ་བཅུ་ཕྲག་འགའི་ཡར་སྔོན་ནས་མང་མོས་ཐག་གཅོད་ཀྱི་གུས་བཀུར་བྱས་པའི་ཆོས་སྲིད་གཉིས་ཀྱི་བདག་པོ་དེའང་རེད། དེ་ལྟ་བུའི་སྐྱེས་ཆེན་ཁོང་མེད་པའི་ལོ་ཟླའི་ནང་བོད་མི་ཚོ་འདི་མུས་དམ་ཚིག་རྡོག་རྩ་ཆིག་སྒྲིལ་གྱིས་གནས་ཐབས་ནི། ཕྱིས་འབྱུང་ད་ལྟའི་༸གོང་ས་མཆོག་ལྟ་བུའི་རླབས་ཆེན་མི་སྣ་ཞིག་ཡོང་ཁག་པའི་རྗེས་ཤུལ་དུ། ཐབས་ལམ་གཅིག་རང་ཡོད་པ་སྟེ། ཡིད་ཆེས་འཕེལ་བའི་གཞུང་ཞིག་རྩ་འཛུགས་གནང་རྒྱུ་དེ་ཡིན་ལ། ཡིད་ཆེད་འཕེལ་བའི་གཞུང་ཞིག་འཛུགས་རྒྱུ་ནི་མང་མོས་འོས་འདེམས་ཐོག་ནས་མཐོ་རིམ་མི་སྣ་བསྐོས་པ་དང་། ད་ལྟའི་ཆོལ་ཁ་དང་ཆོས་བརྒྱུད་རིས་མེད་ཀྱི་མཐུས་མའི་གྲུབ་ཆ་དག་རྒྱུན་སྐྱོང་ཐོག་ཡོངས་ལ་ཁྱབ་ཅིང་། ཀུན་ལ་ཁེ་དབང་མཉམ་པ་ཞིག་དགོས་རྒྱུ་དེ་རེད། གནས་ལུགས་འདིར་བརྟེན་ད་ལྟ་སྡེ་སྲིད་ལྷན་ཚོགས་ཟེར་བ་ཕྱིར་བསྡུའི་ཐོག་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་ལས་ཁུངས་ཁག་ལ་ཐོབ་དབང་ཁག་བསྒོས་བྱེད་འཆར་ཡོད་པ་དེའི་དགེ་ཕན་བྱུང་ཡོད།
༦། མི་གཅིག་ལ་བརྟེན་ནས་མ་འོངས་པའི་བོད་དེ་འདུག་མི་དགོས་པ་ད་ལྟ་ནས་ཚོད་ལྟའི་ལག་བསྟར་འོག་བཀའ་སློབ་ལམ་སྟོན་དང་། ཡོ་བསྲང་བཅོས་བསྒྱུར་གནང་བའི་གོ་སྟབས་དམ་འཛིན་བྱ་རྒྱུའི་དགེ་ཕན།
ད་ལྟའི་བོད་ནི་མང་གཙོའི་གཞུང་གི་རྣམ་པའི་ཐོག་ཡོད་མོད། བཅའ་ཁྲིམས་ལ་ལྟོས་མེད་དད་པ་དང་དམ་ཚིག་གིས་སྦྲེལ་བའི་ཏཱ་ལའི་བླ་མ་ལ་ཡིད་ཆེས་ཀྱིས་གཙོ་བོར་འཚོ་བཞིན་ཡོད། གནས་ལུགས་འདི་དག་གིས་ད་ལྟའི་ང་ཚོ་ལ ༸གོང་ས་མཆོག་བགྲེས་ཡོལ་གནང་བའི་ཉེར་ལེན་ལས་དཀའ་ངལ་མེ་སྟག་མཆེད་མཆེད། སྡུག་བསྔལ་སྤྲིན་ནག་འཕྱུར་འཕྱུར་ལྟ་བུའི་རྐྱེན་ཆག་ངན་པ་ཡོང་སྲིད་པ་ཙམ་མིན་པ་ཡོང་ངེས་པའི་ང་ཚོའི་གཡོལ་ས་མེད་པའི་ལས་དབང་ཞིག་རེད་དེ། ང་ཚོ་ལ་ད་ལྟ་གདམ་ང་ཞིག་ཡོད་པ་ནི། ༸གོང་ས་མཆོག་ད་ལྟ་དངོས་སུ་བཞུགས་ཡོད་པའི་སྐབས་སུའམ། སྐུ་དངོས་མཇལ་བའི་བསོད་བདེ་མེད་པའི་དུས་སྐབས་ངན་པ་ཞིག་ཡོང་ངེས་པ་དེ་གཉིས་གང་རུང་ལ་དཀའ་ངལ་རྣམས་གདོང་ལེན་གནང་རྒྱུ་དེ་རེད། བོད་ལ་ལྷག་བློ་ཆེ་ཞིང་། མ་འོངས་པའི་བོད་ལ་དཔྱད་ཞིབ་ཐུབ་མཁན་ཞིག་གི་ངོས་ནས་བསམ་ན། གདམ་ཀ་དང་པོ་དེ་བྱེད་རྒྱུ་ནི་དཀའ་ངལ་མང་པོ་ཞིག་ཆུང་དུ་གཏོང་ནུས་པ་དང་། གནས་དོན་མང་པོ་ཞིག་ལས་སླ་པོས་གདོང་ལེན་ཐུབ་པ། མ་ཟད་ཡ་ང་བའི་འཇིགས་ཉེན་གང་མང་ཞིག་བཟློག་པའི་སྟ་གོན་དང་། གྲ་སྒྲིག་བྱེད་ཆོག་པ་མ་ཟད། དེ་དག་གི་བྱེད་ཐབས་ལ་བླ་ན་མེད་པའི་མཐུན་འགྱུར་དང་ཡང་དག་པའི་སློབ་སྟོན་ཞུ་ས་ཡོད་པ་དེ་རེད། དེའང་ཁོང་གིས་“ད་ལྟ་ངོས་རང་བདེ་ཐང་ཡོད་སྐབས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཁུར་ཆ་ཚང་ྋརྒྱལ་བ་རིན་པོ་ཆེར་བརྟེན་མི་དགོས་པར་རང་ཚུགས་ཐུབ་པ་ཡོང་རྒྱུའི་གོམས་གཤིས་འཇགས་ཐབས་སུ། ལམ་སྲོལ་འདི་ད་ལྟ་ནས་ལག་བསྟར་བྱེད་རྒྱུ་བྱུང་ན་དཀའ་ངལ་འཕྲད་ཚེ་སེལ་ཐབས་སུ་ངོས་ཀྱིས་མཐུན་འགྱུར་བྱེད་ཐུབ།”ཞེས་དང་། ཡང་ཁོང་གིས་ཚོགས་ཆེན་དང་པོའི་མཇུག་སྡོམ་སྐབས “ད་ལྟ་ངོས་ཀྱིས་བགྲེས་ཡོལ་ཁམས་གཙང་བྱས་པ་ཡིན་ན། ཁྱེད་ཚོའི་ནུས་པས་མ་འདང་སའི་དཀའ་ངལ་འདྲ་འཕྲད་སྐབས་ངོས་ཀྱིས་རྒྱབ་ལོག་ནས་ཤ་དཀྱུས་བརྒྱབ་སྟེ། ཡོ་བསྲང་བྱེད་ཆོག་གི་རེད།”ཅེས་གསུངས་པ་ལྟར་རེད། གལ་སྲིད་གདམ་ཀ་གཉིས་པ་དེ་བྱས་ན། དེ་ནི་གོང་དུ་བཤད་པའི་དཀའ་ངལ་དག་རང་མགོར་གྱོན་ནས་འ་ཆད་འུ་ཐུག་གི་གནས་ལ་ཁ་ཐག་ཉེ་རུ་བྱེད་ཀྱིན་པ་རང་རེད།
༧། འཛམ་གླིང་ཕྱོགས་ཡོངས་ཀྱིས་མང་གཙོ་ནི་སྔོན་ཐོན་སྲིད་གཞུང་ཞིག་ལ་བརྩི་ཀྱིན་པ་ལྟར། གནས་ལུགས་ཡོད་པའི་ལམ་སྲོལ་དེའི་དགེ་ཕན་རག་ཐབས་བྱེད་པ།
དེང་སང་ཚན་རིག་ཡར་ཐོན་དང་། རྣམ་དཔྱོད་ཇེ་གསལ། དེ་བཞིན་འདས་པའི་ལོ་རྒྱུས་མང་པོ་ཞིག་ལས་བསླབ་བྱ་ལེན་རྒྱུར་ཡོད་པར་བརྟེན། འཛམ་གླིང་གི་སྐྱེ་བོ་ཕལ་མོ་ཆེས། སྤྱི་ཚོགས་བདེ་འཇགས་དང་། སྲ་བརྟན་ཡུན་གནས་ཀྱི་ཐོག་ནས་ཚོགས་པ་ཞིག་གམ། རྒྱལ་ཁབ་ཅིག་ཆགས་དགོས་ན། དེའི་ཐབས་ལམ་གཙོ་བོ་ནི། མང་ཚོགས་ལ་ཐོབ་དབང་སྙོམས་པོར་སྤྲད་དེ་གོ་ཐོབ་འདྲ་མཉམ་གྱིས་སྤྱད་རྒྱུར་ཉམས་ལེན་བྱེད་དགོས་པ་འདོད་ཀྱིན་ཡོད། (དད་པ་དམ་ཚིག་གི་སྤྱི་ཚོགས་ནི་དམིགས་བསལ་ཡིན) བོད་པའི་སྤྱི་ཚོགས་ལ་མཚོན་ན། ༸གོང་ས་མཆོག་གིས “ཁྱོད་ཚོས་ད་ལྟ་ནས་ང་མེད་པ་ནང་བཞིན་གྱིས་ཨ”ཞེས་མ་འོངས་པའི་བོད་ལ་གཏད་པའི་བཀའ་དགོངས་མ་སྒྲུབ་པ་མ་ཟད། འགན་དབང་དང་ཐོབ་མིང་ཚང་མ་༸གོང་ས་མཆོག་མི་གཅིག་ལ་བཅོལ་ནས་འདུག་བཞིན་པའི་གནས་སྟངས་འདིས་མ་འོངས་པའི་བོད་ཀྱི་ངུ་སྐད་མཉོབ་པོ་ཞིག་༸གོང་ས་མཆོག་གིས་ད་ལྟ་ནས་ཐོས་ཀྱིན་ཡོད་པར་མ་བཟོད་ནས། ཁོང་གིས་མཛད་འཕྲིན་འདི་སྐྱོང་བཞིན་ཡོད་པ་རེད་ལ།
ཡང་གཅིག་བཤད་ན་བོད་གཞུང་གི་ལས་སྣེ་ཚོས་ཡོང་འགྱུར་བོད་ཀྱི་སྤྱི་ཚོགས་ནང་༸གོང་ས་བཅུ་བཞི་པ་ཆེན་པོ་མེད་པའི་དུས་སྐབས་ངན་པ་ཞིག་ལ་བསམ་བློའི་གྲ་སྒྲིག་གོ་རིམ་ཡོད་པ་ཞིག་བྱས་མེད་པ་མ་ཟད། ལོ་རྒྱུས་ཤིག་ལ་ཡང་དག་པའི་འགན་ཁུར་ཡོད་པའི་ཐོག་ནས་གཞུང་ཞིག་གི་འཛིན་སྐྱོང་དང་། མང་ཚོགས་ཤིག་གི་སྣེ་ཁྲིད་བྱ་རྒྱུའི་འཆར་གཞིའི་བང་རིམ་མེད་པའི་ཉེར་ལེན་ལས། ཁོང་གིས་མཐའ་མཇུག་གི་གདམ་ཀ་འདི་གནང་བ་དང་། མཁྱེན་པ་དང་བརྩེ་བས་ཕྱུག་པའི་ཁོང་གི་ཐུགས་རྗེའི་ལྕགས་ཀྱུའི་ནང་མགོ་ནག་བོད་པ་བཟུང་རྩིས་གནང་གིན་ཡོད། མཛད་པ་འདིའི་འཕྲོ་རིམ་འཕྲོར་ཅི་ཞིག་གི་རྨོངས་གཉིད་སད་ཅིང་། གང་ཞིག་གི་སྦྱོང་བདར་འཐོབ་སྟེ། གལ་ཆེན་གནས་ཚུལ་མང་པོ་ཞིག་གསེར་འགྱུར་རྩིའི་དཔེ་ལྟར་ཡང་དག་པའི་ལམ་ཁའི་ནང་བསྒྱུར་ཐུབ་པ་སོགས་ཀྱི་རྨད་བྱུང་དགེ་མཚན་ཡོང་གིན་ཡོད་པ་རེད། འོན་ཀྱང་དེ་དག་ནི་བོད་མི་མང་ལ་དད་པའི་ཨ་ལོང་སྤུས་དག་ཅིག་ཡོད་མེད་ལ་ཏན་ཏན་རག་ལས་ཡོད་དོ།།
གོང་ས་མཆོག་གིས “ངོས་ཀྱི་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་འགན་ཁུར་བྱེད་འདོད་མེད་པའམ། སེམས་ཤུགས་ཆག་པ། བོད་མིའི་བདེན་དོན་འཐབ་རྩོད་བློས་བཏང་བ་ཞིག་གཏན་ནས་མ་ཡིན་པར་བོད་མིའི་འཕྲལ་ཕུགས་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན།”
༢༠༡༡་༣་༢༧ ཉིན་འཆམ་ར་དྲི་མེད་རྒྱལ་མཚན་གྱིས་མཇུག་གྲུབ་པ་བྱས་སོ།།
{jcomments on}