སྲིད་དོན་པ་དང་མི་མང་གི་བསམ་བློའི་ཧེ་བག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༢༥
སྲིད་དོན་པ་མང་པོ་ཞིག་རང་ཉིད་ཀྱི་བསམ་བློ་གཏོང་སྟངས་དང་སེམས་ཀྱི་འགྱུ་བ་དང་བསྡུར་ནས་མི་མང་གི་གཞི་རྩའི་བསམ་བློ་གཏོང་སྟངས་ཀྱི་ཁ་ཕྱོགས་ལ་དབྱེ་ཞིབ་དང། བསམ་བློའི་རྒྱབ་ལྗོངས་ལ་ཚོད་དཔག་འདྲ་མིན་བྱས་ནས་དེའི་ཁ་ཕྱོགས་དང་བསྟུན་ཏེ་གཏམ་བཤད་སྤེལ་བ་དང། ལས་འགུལ་སྤེལ་བ་སོགས་འདྲ་མིན་བྱེད་བཞིན་ཡོད་པ་ནི་སྤྱི་སྲོལ་ལྟ་བུ་ཆགས་ཡོད།

སྐབས་རེ་སྲིད་དོན་པ་ཚོས་དུས་རྒྱུན་རང་ཉིད་ཀྱི་བསམ་བློ་གཏོང་སྟངས་རྙོག་གྲ་ཚ་པོ་ཡོད་པ་བཞིན། མི་མང་གི་བསམ་བློ་གཏོང་སྟངས་ལ་ཞིབ་ཚགས་ཀྱིས་དབྱེ་ཞིབ་བྱེད་རྒྱུ་མང་དྲགས་ནས་མི་མང་གི་བསམ་བློའི་ཁ་ཕྱོགས་དང་རྦད་དེ་འགལ་བའི་འཁྲབ་སྟོན་བྱེད་མཁན་ཡང་མང་པོ་ཡོང་གི་ཡོད། ད་ལོ་འོས་བསྡུ་ཆེན་མོ་གཉིས་དུས་གཅིག་ཏུ་འཁེལ་ཡོད་སྟབས། སྤྱི་འཐུས་ཀྱི་འོས་གཞིའི་ནང་སླེབས་པའི་སྲིད་དོན་པ་མང་པོ་ཞིག་གི་སེམས་ལ་སྤྱི་ཚོགས་ནང་བཀའ་བློན་ཁྲི་པ་ལས་སྤྱི་འཐུས་ཀྱི་འོས་གཞི་ལ་དོ་སྣང་ཆེ་བས། བཀའ་བློན་ཁྲི་པའི་འོས་གཞི་ག་གེ་མོ་ཞིག་ལ་རྒྱབ་སྐྱོར་གྱི་རྣམ་པ་གསལ་སྟོན་བྱས་ན་རང་ཉིད་ཀྱི་ཆོལ་ཁོངས་འོས་ཤོག་འཕར་བའི་རྒྱུ་རྐྱེན་དུ་ངོས་འཛིན་བྱེད་མཁན་ཧ་ཅང་མང་པོ་བྱུང་ཡོད་པ་རེད། འོན་ཀྱང་མི་མང་གི་བསམ་བློའི་ཁ་ཕྱོགས་སྲིད་དོན་པ་ཚོ་ནང་བཞིན་རྙོག་གྲ་ཚ་པོ་དང་རྒྱབ་ལྗོངས་མང་པོ་མེད་པ་དང།  འོས་བསྡུ་ཆེན་མོའི་གྲུབ་འབྲས་ད་དུང་ཞིབ་གསལ་ཕྱིར་བསྒྲགས་བྱས་མེད་ཀྱང། ཕྱོགས་ཞེན་དང་འཐེན་འཁྱེར་གྱི་བསམ་བློ་སྲིད་དོན་པ་ཚོས་ཚོད་དཔག་བྱས་པ་ལས་ལྡོག་སྟེ་ཕྱོགས་ཞེན་མེད་པར་གཅིག་གྱུར་ཁོ་ན་ལ་ཁ་ཕྱོགས་ནས་འོས་ཤོག་བླུག་གི་ཡོད་པའི་གནས་ཚུལ་དེ། སྤྱི་ཚོགས་ནང་ཤོད་བཞིན་པའི་འོས་བསྡུའི་གནས་ཚུལ་ལས་རགས་ཙམ་ཤེས་རྟོགས་བྱེད་ཐུབ་པ་ལྟ་བུ་བྱུང་འདུག དེར་བརྟེན་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ཁ་ཕྱོགས་དང་གཅིག་སྒྲིལ་གྱི་རྣམ་པ་ལ་མདུན་བསྐྱོད་དམ་དང་ཡར་རྒྱས་ཀྱི་རང་བཞིན་ནི། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གསོན་ཤུགས་དང་རེ་བ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་མ་ཟད། སུས་བལྟས་ཀྱང་བསྔགས་བརྗོད་ཀྱི་རང་བཞིན་ཞིག་ཏུ་གྱུར་ཡོད་པ་རེད།

མ་འོངས་པར་སྤྱི་ཚོགས་ཀྱི་བསམ་བློའི་ཁ་ཕྱོགས་དངོས་དང་བསྟུན་ནས་མི་མང་གིས་བདམས་པའི་འཐུས་མི་རྣམས་ཀྱིས་ཀྱང་གོམ་པ་སྤོ་དགོས་པ་དང། གཅིག་གྱུར་དང་མདུན་བསྐྱོད་ཀྱི་ཐོག་ལ་ནུས་པ་འདོན་དགོས་པ་ནི་ཧ་ཅང་གལ་ཆེན་པོར་གྱུར་ཡོད། ད་ཆ་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་རྒྱུ་མིན་པ་ཡོངས་ཁྱབ་ཏུ་ཕྱིར་བསྒྲགས་གནང་ཟིན་པ་དང། བོད་ཕྱི་ནང་གི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་སྟབས་མི་མང་གིས་བདམས་པའི་བཀའ་བློན་ཁྲི་པ་སྐབས་གསུམ་པ་དང།  སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་དམིགས་བསལ་གྱི་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད། སྐབས་བཅུ་བཞི་པའི་སྤྱི་འཐུས་ལྷན་ཚོགས་ལ་མཚོན་ན་འགོ་ཚུགས་པ་ནས་བཟུང་བཅའ་སྒྲིག་གི་དགོངས་དོན་བཞིན་ཚོགས་གཙོ་འདེམས་མ་ཐུབ་པ་དང། ཚོགས་དུས་བརྒྱད་པའི་ནང་ཡིག་ཆ་ཨང་༣༨ པ་དང་འབྲེལ་བའི་ཐོག་ནས་གྲོས་ཚོགས་མཇུག་བསྡོམས་མ་ཐུབ་པ་སོགས་ཕྱི་ནང་གང་ནས་བལྟས་ཀྱང་ཡིད་སྐྱོ་དགོས་པའི་གནས་ཚུལ་མང་དག་ཅིག་བྱུང་ཡོད་པ་རེད། དོན་དག་ཆུང་ས་ནས་བཤད་ན་ཨོ་སི་ཁྲོ་ལི་ཡ་དང་ཐེ་ཝན་སོགས་སྤྱི་འཐུས་ཀྱི་འོས་ཤོག་བླུག་རྒྱུའི་ཐོབ་ཐང་མེད་པ་རྣམས་ཀྱི་ཆེད་སྤྱི་འཐུས་ཀྱི་ས་མིག་སྤར་ཆ་དགོས་པའི་བཅའ་ཁྲིམས་བསྐྱར་བཅོས་ཐེངས་གསུམ་སླེབས་པ་དེ་དག་ལ་བསམ་བློ་དང་རྒྱབ་ལྗོངས་མི་འདྲ་བ་མང་པོ་ཞིག་ལ་བརྟེན་ནས་དགག་བྱ་ཡང་ཡང་བྱེད་མཁན་བྱུང་ཡོད་པ་དང། བཅའ་ཁྲིམས་བསྐྱར་བཅོས་མཐའ་མ་དེ་ཚོགས་དུས་འདིར་སླེབས་ཡོད་ཀྱང་ཕྱོགས་གཅིག་ནས་སྤྱི་འཐུས་མང་པོ་ཞིག་འགན་ཁུར་ཡོད་པ་བཞིན་ཚོགས་ཞུགས་བྱེད་ཐུབ་མེད་པ་དང། ཡོད་པ་ཁག་ཅིག་ཀྱང་གནད་དོན་འདི་ལྟ་བུའི་སྐབས་སུ་ཕྱི་ལོགས་སུ་ཕེབས་ནས་ཚོགས་རའི་ནང་མེད་པ་བཅས་ལ་བརྟེན་བཅའ་ཁྲིམས་བསྐྱར་བཅོས་དགོས་པའི་ཆ་རྐྱེན་བཞིན་བསྐྱར་བཅོས་བྱེད་ཐུབ་མེད་པ་སོགས། གནད་དོན་འདི་འདྲའི་ཐོག་བསམ་བློ་བཏང་ན་སྐབས་བཅུ་བཞི་པའི་སྤྱི་འཐུས་རྣམས་ཀྱིས་མི་མང་གིས་བསྐུར་བའི་འགན་དེ་ཇི་བཞིན་ཁུར་ཡོད་མེད་བཤད་ཚོད་ཐིག་དཀའ་བ་དང།  སྐབས་བཅོ་ལྔ་པའི་སྤྱི་འཐུས་ཚོས་རང་ཉིད་ཀྱི་ཚོར་བ་ཟུར་དུ་བཞག་ནས་མི་མང་གི་རེ་བ་དང་མངོན་འདོད་དངོས་དང་བསྟུན་ནས་སྔར་ལྷག་གཅིག་སྒྲིལ་དང་མདུན་བསྐྱོད་ཀྱི་ཕྱོགས་ལ་ཤུགས་རྒྱག་དགོས་པ་ནི་གཡོལ་ཐབས་མེད་པའི་ལས་འགན་ཞིག་ཏུ་གྱུར་ཡོད་པ་རེད།།

{jcomments on}

{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།