རྒྱལ་བསྟན་འཇིག་རྟེན་འདི་ནས་ཡལ་གྱིས་དོགས་པའི་སྨྲེ་སྔགས།
༧གོང་ས་མཆོག་གཙོ་བྱས་པའི་འཛམ་གླིང་ཤར་ནུབ་ཀྱི་བཀུར་འོས་ནང་པའིི་གཙོ་འཛིན་ལྷན་རྒྱས་ཀྱི་ཞབས་དྲུང་དེར་སྒོ་གསུམ་གུས་པས་ཞུ་གསོལ་འདེབས་སྙིང་།
དེ་ཡང་རྒྱལ་བ་རྫོགས་པའི་སངས་རྒྱས་གང་ཉིད་ཀྱིས་མགུལ་ནས་གསུངས་ཤིང་ཚད་མ་གསུམ་གྱིས་དག་པའི་ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་ལ་མངའ་བརྙེས་པའི་དགེ་འདུན་ལ་རབ་བྱུང་ངུར་སྨྲིག་གི་སྡེ་དང་། གོས་དཀར་ལྕང་ལོའི་སྡེ་སྟེ་གཉིས་སྔོན་སྟོན་པ་ཞལ་བཞུགས་དུས་ནས་རྒྱ་གར་དུ་བྱུང་བ་བཞིན། རྗེས་ནས་བྱང་རྒྱུད་ནང་བསྟན་བོད་དང་རྒྱ་ནག འབར་མའི་ནང་པ་དང་། ལྷོ་རྒྱུད་ནང་བསྟན་ཤྲི་ལང་གའི་ནང་པ་སྟེ་མང་དུ་བྱུང་བ་རེད། དེ་དག་ལས་སྡེ་གཉིས་ཞེས་པ་དེ་ལ་མདོའི་རབ་བྱུང་དང་དགེ་བསྙེན་གཉིས་ལ་ངོས་འཛིན་ཚུལ་ཞིག་དང་། ཡང་བོད་ལ་མཚོན་ན་གཙོ་བོ་མདོ་སྔགས་ཀྱི་ཉམས་བཞེས་གཙོ་ཆེ་ཆུང་གིས་སྒོ་ནས་ཕྱག་སྲོལ་དང་ན་བཟའ་མཆོད་སྟངས་ལ་ཡང་ཁྱད་པར་བྱུང་བ་རེད་ལ། རབ་ཏུ་བྱུང་བ་དག་གིས་ནི་བསྒྲུབ་པའི་བསླབ་བྱ་གཞི་བདུན་དང་། དགག་པའི་བསླབ་བྱ་ལྟུང་བ་སྡེ་ལྔའི་གནང་བཀག་གིི་ལག་ལེན་སྡེ་བ་སོ་སོའི་ཆོ་གའི་འགྲོས་དང་མཐུན་པར་ཉམས་བཞེས་གནང་བ་དང་། ཁྱིམ་པའི་ཆོས་ལ་གནས་པ་རྣམས་ཀྱིས་ཀྱང་མདོ་ལ་མཚོན་ན་སྣ་གཅིག་ནས་ཡོངས་རྫོགས་བར་གྱི་བསླབ་བྱ་སྲུང་བ་དང་། སྔགས་པའི་ཁྱིམ་པ་བ་རྣམས་ཀྱིས་ཀྱང་སྔགས་ཕྱི་ནང་གི་ཆ་མཐུན་དང་དངོས་ཀྱི་བསྐྱེད་རིམ། རྫོགས་རིམ། རྫོགས་ཆེན་གསུམ་གྱི་ཉམས་བཞེས་གནད་དུ་འཁྱོལ་ཞིང་། རྩ་བ་དང་ཡན་ལག་གི་དམ་ཚིག་ལ་གནས་ནས་བསྟན་པ་དྲི་མ་མེད་པར་བསྐྱངས་པ་རེད། དེ་ཡིན་དུས་གནའ་བོའི་དམ་པའི་ཕྱག་བཞེས་ལ་གྱེན་དུ་གཟིགས་པ་ལས་དེང་སང་གི་ཁྲེལ་མེད་དེ་ཚོའི་ལམ་ལུགས་ལ་གཡང་དུ་མི་མཆོང་བར་ཞུ་རྒྱུའི་ཆེད་དུ་རེ་བསྐུལ་དོན་ཚན་དགུ་ལས།
༡༽ རྒྱལ་སྤྱིའི་ནང་པའི་ཆེ་དགུ་དག་བསྐངས་འཚོགས་ཀྱིས་སྔར་རྒྱ་གར་ནས་རྒྱ་ནག་དང་། བོད། ཤྲི་ལང་ག འབར་མ་བཅས་ལ་སངས་རྒྱས་ཀྱི་བསྟན་པ་མདོ་སྔགས་གཉིས་ཇི་ལྟར་བརྒྱུད་ཚུལ་དང་། གནའ་དེང་གི་ཤར་ནུབ་ཡུལ་གྲུ་ཀུན་ཏུ་སངས་རྒྱས་བསྟན་པའི་བྱེད་པོ་དག་གི་བཀའ་དྲིན་ལ་གཟེངས་བསྟོད་ཕུལ་ཏེ། རྒྱལ་སྤྱིའི་ནང་པའི་ཆོས་འབྱུང་ཞེས་པ་ཞིག་སྐད་རིགས་ཀུན་འདུས་ཤིག་བཟོ་བསྐྲུན་བྱ་དགོས་པར་སེམས།
༢༽ མདོ་སྔགས་གཉིས་བསྟན་པ་རྣམ་དག་ཡིན་པ་ལ་མཁྱེན་རབ་དང་ལྡན་པ་དག་གིས་ཇི་བཞིན་པ་རྟོགས་ཀྱང་། མ་རིག་པའི་ལིང་ཏོག་ཆེས་མོད་པའི་དེང་དུས་ཀྱི་ནང་པ་ཁེ་འཆེ་བ་མང་པོ་ཞིག་གསང་སྔགས་ལ་འཆོལ་རྙོག་ཏུ་སྤྱོད་པ་དང་། འགའ་ཞིག་གིས་གསང་སྔགས་ནང་པའི་ཆོས་མ་ཡིན་པ་སྨྲ་བ་མང་པོ་ཞིག་འབྱུང་བཞིན་འདུག་པས། མང་ཚོགས་ཀྱིས་ལྟར་བཏུབ་པའི་ཡིག་ཆ་ཞིག་སྲིད་འདིའི་སྐྱེ་དགུའི་མིག་ལམ་བསྟར་ཐུབ་ན་དགེ་མཚན་ཆེ་བར་མཐོང་།
༣༽ དེང་སང་གཙོ་ཆེ་བ་རྒྱ་ནག་དང་ཐེ་ཝན། ཧོང་ཀོང་དང་སིངྒ་པུར། ཨིན་ཌོ་ནེ་ཤི་ཡ་དང་མ་ལེ་ཤི་ཡ་སོགས་སུ་སྤྲུལ་སྐུ་དང་མཁན་པོ། དགེ་བཤེས་དང་བླ་མ། ཆོས་དགེ་རྣམ་དག་མ་ཡིན་པ་མང་པོ་ཞིག་གིས་དངུལ་དང་གོ་སའི་ཆེད་དུ་ཁྲེལ་དང་ངོ་ཚ་མཐའ་དག་སྤངས་ཏེ། རབ་བྱུང་དང་བསྙེན་རྫོགས་ཀྱི་ཁྲིམས་འཆལ་ཡང་ཆོས་གོས་རྣམ་གསུམ་ལུས་ལ་བསྒོ་བཞིན་ཁྲིམས་ལྡན་བརྫུ་བ་དང་། རྟོགས་པ་མེད་ཀྱང་རྟོགས་ལྡན་བརྫུ་བ་དག་གིས་སེམས་ཅན་མང་པོ་ཞིག་མགོ་བོ་བསྐོར་ཞིང་། དོན་ལྡན་བཙུན་པ་དག་ལ་རིན་ཐང་མེད་པར་བཟོ་བཞིན་པ་འདིས་སངས་རྒྱས་ཀྱི་བསྟན་པ་ཡུན་དུ་གནས་པ་དང་། ལྟ་བ་ཡང་དག་དང་ཡང་དག་མ་ཡིན་པ་ཤན་ཕྱེ་བ་ལ་གནོད་ངེས་པས་ཅི་ནས་ཀྱང་ཡོ་བསྲང་ཞིག་གནང་དགོས་ཤིང་། དགེ་སྦྱོང་མགོ་རེག་གི་གཟུགས་སུ་གནས་ན་རབ་བྱུང་ཡིན་པས་མ་ཁྱབ་པ་དང་། གོས་དཀར་ལྕང་ལོ་ལྡན་ཚད་རྟོགས་ལྡན་ཡིན་པས་མ་ཁྱབ་པ་ཞིག་ངེས་པར་དུ་བཟོས་དགོས་པར་སེམས།
༤༽ གང་ལྟར་ཡང་འབྱོར་ལྡན་དག་གིས་བྱས་རྗེས་འདིས་རྒྱལ་བསྟན་ཡུན་ཏུ་གནས་པ་ལ་ཕན་ཐོགས་ན་དེས་འགྲིག་ཀྱང་། རྒྱལ་བསྟན་གྱི་སྙིང་པོ་ལུང་དང་རྟོགས་པའི་ཆོས་རྣམ་པ་གཉིས་རེད། ཁོང་ཚོའི་རྒྱུད་ལ་དེ་གཉིས་ཀ་མེད་པ་མ་ཟད། ཁོ་ཚོས་རྗེས་འབྲངས་པ་དག་མགོ་རྨོངས་སུ་བཅུགས་ཏེ་རྒྱུ་མཚན་གང་གིས་བསྒྱུར་ཐབས་བྲལ་བའི་ངན་གཡོའི་ལྟ་བ་ཁོ་ནར་བསླབ་ཀྱི་འདུག ལྟ་བ་རྣམ་དག་ཡོད་མཁན་དག་ལ་བརྙས་དམོད་དང་བསྐུར་འདེབས་གཏོང་བཞིན་པ་འདིས་འདུག་བཟོད་བྲལ་བའི་གནས་ཚུལ་ཞིག་ཏུ་མཐོང་།
༥༽ བོད་བརྒྱུད་ནང་བསྟན་གཙོར་བྱས་པའི་ནང་པའི་བསྟན་པ་ཡོངས་རྫོགས་ལ་ལུང་རིགས་ཚད་མ་གསུམ་གྱིས་དག་པའི་རྒྱུ་མཚན་རྣམ་དག་ཡོད་པས། རྒྱལ་སྤྱིའི་བཀུར་འོས་དགེ་བའི་བཤེས་གཉེན་ཆེན་པོ་དག་རང་དབང་ལྡན་པའི་ཡུལ་གྲུ་དགེ་བ་ཞིག་ཏུ་བགྲོ་གླེང་ལ་ཕེབས་ན། སྔོན་འཕགས་པའི་ཡུལ་དུ་བཀའ་བསྡུ་ཐོག་མཐའ་བར་གསུམ་དུས་ཀྱི་གནས་བརྟན་ཆེན་པོ་དག་དང་། རྒྱ་ནག་ལ་མཚོན་ན་ཆོས་རྒྱལ་དྷརྨ་བྷོ་དྷི་སོགས་པཎ་ཌི་ཏ་རྣམས་དང་། ཤྲི་ལངྒ་ལ་ཆོས་རྒྱལ་མྱ་ངན་མེད་ཀྱི་སྐུ་སྲས་རྣམ་ཉིས་སོགས་དགེ་བའི་བཤེས་གཉེན་ཆེན་པོ་དག་དང་། བོད་གངས་ཅན་ལྗོངས་ལ་མཚོན་ན་ཤིང་ལྟ་ཆེན་པོ་བ་མཁན་སློབ་ཆོས་གསུམ། མར་མི་དྭགས་གསུམ། གོང་མ་རྣམ་ལྔ། རྗེ་ཡབ་སྲས་གསུམ་སོགས་ངེས་པ་དོན་གྱི་བསྟན་འཛིན་གྱི་རྒྱལ་པོ་རྣམས་དང་། གཞན་ཡང་ཉེ་ཆར་བོད་ནས་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གིས་ཀྱང་སྐུ་ཚེ་གང་རྒྱལ་བསྟན་དག་ཐེར་ལ་ཐུགས་གཞོལ་ནས་དེ་དག་གིས་གྲུབ་འབྲས་ཤིན་ཏུ་ལེགས་པ་བྱུང་ཡོད་པས། བསྟན་པ་རིན་པོ་ཆེ་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་རྒྱས་པ་དང་། ཇི་སྲིད་བསྐལ་བ་མ་སྟོང་བར་ཡུན་དུ་གནས་པ་ལ་དགོས་པ་བརླབས་ཆེན་ཞིག་མཆིས་པས་རྣམ་པ་ལྷན་རྒྱས་ནས་ཐུགས་ཡེངས་མི་གནང་བར་ཞུ།
༦ གལ་སྲིད་བགྲོ་གླེང་བསྐང་ཚོགས་བྱུང་ན། རྒྱལ་བསྟན་གྱི་ངོ་བོ། བསྟན་པའི་ཆེ་བ་དང་། བསྟན་བའི་བརྒྱུད་རིམ། བསྟན་འཛིན་གྱི་མཚན་ཉིད། རྒྱལ་ཁབ་དང་ཡུལ་ལུང་གང་རུང་ཞིག་ཏུ་ནང་ཆོས་ཀྱི་དགེ་རྒན་གནང་སྟེ་བསྟན་པ་སྤེལ་དགོས་ན། རབ་བྱུང་གི་སྡེའི་བཅས་ཁྲིམས་དང་། གོས་དཀར་ལྕང་ལོའི་བཅས་ཁྲིམས། དེ་གཉིས་ཀའི་བླ་སློབ་ཀྱི་མཚན་ཉིད། དེ་གཉིས་ཀྱི་གོས་ཀྱི་བྱེ་བྲག ནང་བསམ་བློའི་འཁྱེར་སོ། སྤྱིའི་སྤྱོད་ལམ་སོགས་ཡིག་ཐོག་ཏུ་བཀོད་དེ་རྒྱལ་ཁབ་རིམ་པའི་ཕྱི་སྲིད་དང་ནང་སྲིད་ལས་ཁུངས་ཁག་ལ་སྐྱེལ་ཐུབ་པ་གནང་བ་དང་། མཚན་ཉིད་དེ་དག་མ་ཚང་ན་དགེ་རྒན་དང་དགེ་བའི་བཤེས་གཉེན་གྱི་མཚན་ཁུར་མི་ཆོག་པ་བྱས་ན། སངས་རྒྱས་ཀྱིས་རུང་མཐུན་གྱི་འདུལ་བ་བསྡུས་པ་ཞིག་གསུངས་པ་ལ་དགོས་པ་ལ་བརླབས་ཆེན་ཞིག་ཡོད་ངེས་པས་དེ་ལ་གཞིར་བྱས་ཏེ་དེང་དུས་དང་མཐུན་པའི་འདུལ་བ་འཁྱེར་བདེ་བ་ཞིག་གནང་ན་བཀའ་དང་མི་འགལ་ཞིང་ལེགས་པར་སེམས།
༧༽གལ་སྲིད་བསྟན་དག་ཐེར་གནང་ཐུབ་ན་དེ་ཉིད་ཉམས་སུ་ལེན་པ་པོ་གང་ཟག་རྣམས་ལམ་ལོག་ཏུ་མི་འགྲོ་བའི་ཆེད་དུ་རེད་ལ། བསྟན་པའི་ཆེ་བ་འདོན་པའི་ཆེད་དུ་ཡང་རེད། དེ་ལ་ཤུགས་སྣོན་རྒྱག་མ་ཐུབ་ན་༧གོང་ས་མཆོག་གཙོར་གྱུར་པའི་རྒྱལ་སྤྱིའི་ནང་པའི་གཙོ་འཛིན་དག་རང་གི་བཞུགས་གདན་སྲུང་བ་ཙམ་ལས་དོན་གྱིས་སྟོང་པར་མཐོང་། གང་ཡིན་ཞེ་ན་འཁོར་མང་པོ་བསྡུ་བ་ཆབ་སྲིད་པས་ཀྱང་ནུས་ལ། དངུལ་མང་པོ་བསགས་པ་ཚོང་པས་ཀྱང་དེ་བས་ནུས། མཚན་དང་སྙན་གྲགས་བསྒྲུབ་པ་ལ་འཇིག་རྟེན་འདིའི་ཤེས་ཡོན་པ་མང་པོ་ཞིག་གིས་ནུས་ཡོད། ཡིན་ནའང་བསྟན་པ་དག་ཐེར་བྱེད་པ་དེ་རང་ཉིད་དེ་ལ་༼༧སྤྱི་ནོར་གོང་ས་མཆོག ༧རྒྱལ་དབང་ཀརྨ་པ། ༧འཁྲུལ་ཞིག་རིན་པོ་ཆེ། ༧ས་སྐྱ་གོང་མ་རིན་པོ་ཆེ། ༧དགེ་ལྡན་ཁྲི་པ།༽གནས་ཤིང་དེའི་དགོས་དོན་མཐར་ཐུགས་རྟོགས་པའི་གང་ཟག་ཅིག་ལས་གཞན་གྱིས་རྟོགས་དཀའ་བའི་ཕྱིར་ན། རྒྱལ་ཁབ་ག་གེ་མོ་དང་ཆོས་བརྒྱུད་ག་གེ་མའི་ནང་པའི་དབུ་འཛིན་རྣམས་ཀྱིས་ཀྱང་རང་གི་སོ་ག་སྲུང་བ་ཙམ་མ་ཡིན་པར་ནང་པའི་ངོ་བོ་བརླགས་ལ་ཉེ་བའི་དུས་འདིར་ཤུགས་སྣོན་རྒྱག་རོགས་གནང་། ༧གོང་ས་མཆོག་ཁྱེད་ལྟ་བུ་འགྲོ་དོན་རྒྱ་ཆེ་ལ་སྙན་གྲགས་ལྡན་པ་བཞུགས་པའི་དུས་རྒྱལ་སྤྱིའི་ནང་པའི་ལྟ་སྤྱོད་ལ་ཞིབ་འཇུག་མ་གནང་ན་གཞུག་ནས་སུས་ཀྱང་མི་ཐུབ་པར་ངེས་སོ།
༨༽ དགེ་འདུན་གྱི་སྡེ་གཉིས་པོ་དེ་ལ་ཕྱིའི་སྤྱོད་པ། ནང་གི་ཉམས་རྟོགས། མཁྱེན་པའི་ཡོན་ཏན་ཏེ། ལུང་དང་རྟོགས་པས་བསྡུས་པའི་ཡོན་ཏན་དེ་དག་ཡོད་ན་རིན་ཐང་དང་ཆེ་མཐོང་འདྲ་མཉམ་བཟོ་ཐུབ་ན་དེང་སང་ལྟ་བུའི་རབ་བྱུང་མ་ཡིན་ཡང་རབ་བྱུང་དུ་བརྫུ་བའི་ལུགས་ངན་དེ་འདོར་ཐུབ་པ་དང་། དཔེར་ན་ཁྱིམ་པའི་རྟེན་ལས་རབ་ཏུ་བྱུང་འདོད་ན་དེའི་རྟགས་བླང་ན་དགག་བྱ་མེད་པ་མ་ཟད་དགོས་པ་ལྡན་པས་ཆོག་པ་དང་། རབ་བྱུང་རྟེན་ལ་གནས་ལ་མ་ཐུབ་ན་ཁྱིམ་པའི་མཆོད་འོས་སུ་ཞུགས་ཆོག་པ་བྱ་རྒྱུའི་ལུགས་དང་མཐུན་པའི་བཀའི་བསྡུ་བ་ཞིག་འབྱུང་བ་ལ་བསྒུག་ཡོད། ཐེག་པ་གོང་འོག་གི་བསླབ་བྱ་རྒྱས་པ་གཞུང་ལས་ཤེས་པ་ལས་འདིར་འགོད་ཐབས་བྲལ།
༩༽ སླད་ནས་གསལ་བཤད་བྱ་རྒྱུ་ལ། རྒྱ་དཀར་ནག བོད། བལ་ཡུལ། འབྲུག ཤྲི་ལངྒ། ཐེ་ལན་ཊི། ཐེ་ཝན། ཧོང་ཀོང་། སིངྒ་པུར། མ་ལེ་ཤི་ཡ། ཨིན་ཌོ་ནེ་ཤི་ཡ། འབར་མ། ཁམ་པོ་ཌི་ཡ་སོགས་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཁག་དང་། གཞན་ཡང་ཨ་རི། ཁེ་ན་ཊ། ཨའུ་སི་ཊརེ་ལི་ཡ། དབྱིན་ཡུལ་སོགས་ནུབ་ཕྱོགས་ཀྱི་རྒྱབ་ཁབ་ཁག་ཏུ་གཞོན་སྐྱེས་ལྷག་བསམ་ཅན་མང་པོ་ཞིག་གིས་གླ་མེད་ཐོགས་བརྟག་དཔྱད་ཀྱི་ལས་འགུལ་འདི་ལ་ཞུགས་བཞིན་ཡོད། ཁོང་ཚོའི་བྱ་བ་གཙོ་བོ་དེ་ཆབ་སྲིད་དང་མི་འབྲེལ་བར་གཙོ་བོ་ཆེ་བ་རྒྱལ་ཡོངས་ནང་པའི་གཙོ་འཛིན་དག་གིས་ཆོས་ལ་བྱས་རྗེས་བཟང་ངན་གང་བཞག་ལ་ཞིབ་བཤེར་གནང་རྒྱུ་དང་། ལས་བྱེད་པ་དེ་དག་སྐྱ་སེར་གཉིས་ཀ་ཡོད་པ་མ་ཟད་རྟེན་ཡང་ཕོ་མོ་གཉིས་ཀ་ཡོད། ཁོ་ཚོ་སྡོད་སའི་གནས་ཀྱང་དགོན་པ་དང་། གྲོང་ཁྱེར། གྲོང་སྡེ་འདྲ་མིན་ལ་གནས་བཅས་ཤིང་། མི་རིགས་ཀྱང་མ་ངེས་པ་ཡིན་ལ། ལྟ་བ་ཡང་མ་ངེས་པ་རེད། གྲུབ་འབྲས་ཕྱོགས་བསྡུས་ཀྱི་དེབ་རྒྱལ་ཕྱིའི་ཐོག་འགྲེམས་སྤེལ་བྱ་རྒྱུའི་གྲོས་ཆོད་བཞག་ཡོད་པས་ངེས་པར་དུ་སྐྱེས་འགྲོའི་སྤྱན་ལམ་བསྟར་རྒྱུ་ཡིན། རྒྱུ་མཚན་དེའི་ཕྱིར་ན་ད་ནས་བཟུང་རྣམ་པ་ལྷན་རྒྱས་ཀྱིས་ཐུགས་གཟབ་སྟེ་སྡོམ་པ་མེད་ན་ཆོས་གོས་རྣམ་གསུམ་མ་བཞེས་རོགས་ཞེས་འབོད་བསྐུལ་ཞུ་རྒྱུ་ཡིན།
ཞེས་པ་འདི་ནི་ཆུང་ནས་ཆོས་སྒོར་ཞུགས་ཤིང་ཆོས་དང་དེར་འཛིན་ལ་སྙིང་ཐག་པ་ནས་དད་འདུན་བརྟན་པའི་སྤྲུལ་མིང་ཨོ་རྒྱན་ཉི་མ་འབོད་པས་ཤི་ན་ཁ་ཆེམས་ཡིན་ལ། གསོན་ན་ལམ་དེ་ལ་འབད་འབུང་རྒྱ་ཆེ་རུ་གཏང་རྒྱུའི་དམ་བཅའ་བཅས་ཕུལ། མཁྱེན་ལྡན་ཀློག་པ་པོ་དག་གིས་ཐུགས་ཁུར་ཆེ་བཞེས་ཀྱིས་རྒྱབ་བསྐྱོར་ཡོད་ན་ལུང་རིགས་གཉིས་ལྡན་གྱི་རྩོམ་ཤོག་སྤེལ་ཏེ་བྱ་བ་འདི་ལམ་དུ་ལྷུང་བ་ལ་ཐུགས་སྨོན་དང་རྒྱབ་སྐྱོར་གནང་བར་ཞུ།
སྤྱི་ལོ་༢༠༡༡ཟླ་བ་༠༢་པའི་ཚེས་༡༡ལ་ཕུལ།
{jcomments on}