གཅིག་སྒྲིལ་གྱི་རྒྱལ་ཁ་གསར་པ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༣༠

ལོ་འདིར་བཙན་བྱོལ་བོད་མིའི་བཀའ་བློན་ཁྲི་པ་དང། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཀྱི་ཚོགས་མི་འོས་བསྡུ་བྱ་རྒྱུ་བཅས་འོས་བསྡུ་ཆེན་མོ་གཉིས་ཀྱི་སྔོན་འགྲོ་དང་དངོས་གཞི་དུས་གཅིག་ཏུ་གཏན་ཁེལ་བྱས་པ་ལྟར། སྐབས་འདིའི་འོས་བསྡུ་ཆེན་མོའི་ནང་བཀའ་བློན་ཁྲི་པའི་འོས་བསྡུའི་ལས་རིམ་ཁྲོད་སྔོན་འགྲོའི་ནང་འགྲན་བསྡུར་བྱེད་མཁན་ཇི་སྙེད་ཅིག་བྱུང་ཡོད་པ་དང།

སྔོན་འགྲོ་དང་དངོས་གཞིའི་འོས་འགྲན་ནང་བཀའ་བློན་ཁྲི་པའི་འོས་གཞི་རྣམས་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱིས་ཁ་གཏད་འོས་མི་གཞན་དག་ལ་གཞི་མེད་སྐྱོན་འཛུགས་དང། མི་མང་གི་ནང་ཆོལ་ཁ་དང་མཐུན་ཕྱོགས་སོགས་ཀྱི་ཐོག་ནས་ཞེན་ཁོག་སློང་བྱེད་ཀྱི་སྐུལ་སློང་བྱེད་མཁན་གང་མང་ཞིག་བྱུང་ཡོད་ནའང། མི་མང་གི་ངོས་ནས་རང་ཉིད་ཀྱི་འདོད་མོས་དང་རྒྱབ་སྐྱོར་བྱེད་ཡུལ་གང་ཡིན་པ་དེ་ལ་འོས་འཕེན་པ་ལས། སུ་གཅིག་གི་བཀོད་བྱུས་དང་རྒྱུད་བསྐུལ་གྱི་འོག་ཏུ་མ་སོང་བ་མ་ཟད། ཆོལ་ཁ་དང་ལུང་ཚན་སོགས་ཕྱོགས་འཐེན་གྱི་དབང་དུ་གཏན་ནས་མ་སོང་བར་གཅིག་སྒྲིལ་གྱི་རྣམ་པ་གསལ་སྟོན་བྱས་ཡོད་པ་རེད།

 

གནད་དོན་འདིའི་ཐོག་ནས་ཤེས་ཐུབ་པ་ཞིག་ནི་མི་མང་གི་སེམས་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་དགོས་པའི་མཐོང་ཚུལ་ཡོད་པ་དང། མཐོང་ཚུལ་དེ་ལ་བརྟེན་ནས་ཕྱོགས་ཡོངས་ནས་སྲིད་བྱུས་དང་ལས་དོན་བྱེད་ཕྱོགས་ཚང་མ་ལ་འགྱུར་བ་གཏོང་དགོས་པའི་བསམ་ཚུལ་ཡོད་པ་གསལ་སྟོན་བྱས་པ་རེད། མི་མང་གི་བསམ་ཚུལ་གཞི་རྩར་བཟུང་ནས་བཀའ་བློན་ཁྲི་པས་གཙོས་གཞུང་གི་གནད་ཡོད་དཔོན་རིགས་རྣམས་ཀྱིས་ཀྱང་དེ་ལུགས་ཀྱིས་དགོངས་པ་བཞེས་ནས་གོམ་པ་སྤོ་དགོས་པར་གྱུར་ཡོད། སྲིད་བྱུས་དང་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཁ་ཕྱོགས་རྒྱ་ཆེ་ས་རྒྱ་ཆེའི་མི་མང་གི་མངོན་འདོད་ལ་གཞི་བཞག་ནས་འགྲོ་ཐུབ་པ་བྱེད་དགོས་པ་དེ་གལ་ཆེན་པོ་རེད་སྙམ།

བཀའ་བློན་ཁྲི་པས་དབུས་བཙན་བྱོལ་བོད་གཞུང་གི་གནད་ཡོད་ལས་ཀྱི་སྣེ་མོ་བ་རྣམས་ལ་མཚོན་ན་སྔོན་མ་དང་མི་འདྲ་བར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་མི་བཞེས་རྒྱུའི་ཐུགས་ཐག་གཙང་གཅོད་གནང་ཟིན་པར་བརྟེན། སྤྱི་ཡོངས་ཀྱི་ལས་དོན་ཐོག་འགན་ཁུར་ཆེ་རུ་སོང་ཡོད་པ་རེད། དེ་ལུགས་གཞིས་བྱེས་བོད་མི་ཡོངས་རྫོགས་ཀྱི་སྣེ་ཁྲིད་ཀྱི་འགན་ཁུར་ལེན་ཐུབ་དགོས་པ་དང། བོད་ཀྱི་བདེན་དོན་རྩོད་ལེན་དང་མ་འོངས་པའི་བོད་གསར་པ་འཛུགས་སྐྲུན་གྱི་ཐོག་ལ་གྲ་སྒྲིག་ཚགས་ཚུད་བྱེད་དགོས་པ་དེའང་བཟློག་ཏུ་མེད་པའི་འགན་ཁུར་འཕར་མ་ཞིག་ཏུ་གྱུར་ཡོད།

ལྷག་པར་དུ་བཀའ་བློན་ཁྲི་པ་ཞིག་ལ་མཚོན་ན་འོས་ཤོག་ཐོབ་པ་གཅིག་པུ་དེ་གལ་ཆེན་པོ་དེ་ཙམ་མིན་པ་དང། གལ་ཆེ་ཤོས་དེ་ལས་དོན་གྱི་ཐོག་ལ་གྲུབ་འབྲས་ཐོན་དགོས་པ་དེ་རེད། དེ་ལྟར་ཡོང་བའི་ཆ་རྐྱེན་གཙོ་ཆེ་ཤོས་རྩ་བའི་ལས་དོན་གང་དང་གང་ཡིན་ཡང་དམིགས་ཡུལ་ངེས་ཅན་ཞིག་དང་ལྟ་གྲུབ་ཀྱི་གཞི་འཛིན་ས་བརྟན་པོ་ཞིག་ཡོད་དགོས་པ་དང། ལས་དོན་ཚགས་ཚུད་དང་གྲུབ་འབྲས་ཐོན་ཐབས་སུ་ཕྱག་རོགས་བཀའ་བློན་ཉམས་མྱོང་ཡོད་པ། ཤེས་ཡོན་ཡོད་པ། འཇོན་ཐང་ཡོད་པ། དྲང་ཚུགས་ལྡན་པ་སོགས་ལས་དོན་ཐོག་སྲ་ཐག་ཐག་བྱེད་ཐུབ་མཁན་འབའ་ཞིག་བསྐོ་དགོས་པ་དེ་ཡིན། དེ་ལྟར་བྱེད་མ་ཐུབ་པར་ལས་དོན་ལ་ཉམས་མྱོང་མེད་པ་དང། གླེང་ཕྱོགས་ཅན་གྱི་མི་སྣ་ཁག་ཅིག་འདེམས་བསྐོ་བྱས་ན་ལས་དོན་ལ་གྲུབ་འབྲས་ཐོན་རྒྱུ་ཕར་ཞོག སྤྱི་ཚོགས་ནང་རྩོད་རྙོག་གང་མང་ཞིག་བསྐྱར་སློང་བྱས་ནས་མི་མང་གི་རེ་བ་བརྒྱབ་པ་སྟོང་ཟད་དུ་འགྲོ་སྲིད་པ་ཞིག་རེད། དེར་བརྟེན་ཕྱག་རོགས་བཀའ་བློན་འདེམས་བསྐོ་བྱེད་སྟངས་ཀྱི་ཐོག་ནས་བཀའ་བློན་ཁྲི་པའི་ལས་དོན་ཕལ་ཆེ་བ་ཡག་ཉེས་ཀྱི་ཁ་ཕྱོགས་གང་དུ་འགྲོ་རྒྱུ་ཡིན་པ་ཤེས་རྟོགས་ཐུབ་པ་ཞིག་རེད།

མདོར་བསྡུས་ནས་བཤད་ན་ཐེངས་འདིའི་འོས་བསྡུ་ཆེན་མོ་འདི་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆིག་སྒྲིལ་གྱི་གནས་སྟངས་གསལ་སྟོན་བྱས་པ་ཙམ་དུ་མ་ཟད། མ་འོངས་པའི་རེ་བའི་ཁ་ཕྱོགས་གསར་པ་ཞིག་གསལ་སྟོན་བྱས་པ་འདི་ཡང་བོད་མི་རིགས་ཀྱི་རྩ་དོན་འགྲུབ་པར་དོན་གྱི་རྒྱལ་ཁ་ཆེན་པོ་ཞིག་ཏུ་ངོས་འཛིན་མི་བྱེད་ཀ་མེད་དུ་གྱུར་ཡོད།།

{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།