རྔ་པ་ཀིརྟིའི་ཛ་དྲག་དང་མ་འོངས་པ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༣༡

མདོ་སྨད་རྔ་པ་ནི་ཤེས་ཡོན་དང་ཆབ་སྲིད་ཀྱི་ལྟེ་གནས་ལྟ་བུ་གྱུར་ཡོད་པ་མ་ཟད། བོད་ཡུལ་ནས་ཚོང་ལས་ཀྱི་སྣེ་ཁྲིད་མཁན་ལྟ་བུར་ཡང་གྱུར་ཡོད་ཅེས་བརྗོད་ཆོག ལྷག་པར་དུ་རྔ་པ་ཀིརྟི་དགོན་པ་ནི་མདོ་སྨད་ཀྱི་དགོན་སྡེ་ཆེ་ཤོས་དང་གྲྭ་འབོར་མང་ཤོས་ཀྱི་དགོན་པ་ཞིག་ཡིན་པ་དང།

ནང་དོན་རིག་པ་དང་ཐུན་མོང་རིག་གནས་སོགས་བོད་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ལ་སྦྱང་བརྩོན་བྱེད་ཡུལ་ཁྱད་པར་བ་ཞིག་ཆགས་ཡོད། བོད་མི་རིགས་ཀྱི་རིག་གནས་ལ་དོ་སྣང་དང་རྒྱུན་འཛིན་བྱེད་མཁན་གྱི་མི་སྣ་གང་མང་ཞིག་ཐོན་བཞིན་ཡོད་སྟབས་རྒྱ་གཞུང་གིས་དམ་དྲག་གི་མདུང་རྩེ་ཡང་ཀིརྟི་དགོན་པར་གཏད་དགོས་བྱུང་ཡོད།

གནས་སྟངས་དེ་ལ་བརྟེན་ནས་ཕྱི་ལོ་༢༠༠༨ ལོར་བོད་ཡུལ་སྤྱི་མཚུངས་བཞིན་ཞི་བའི་ངོ་རྒོལ་བྱེད་དགོས་བྱུང་ཡོད་པ་དང། ༢༠༠༩ ལོར་རྔ་པ་ཀིརྟི་དགོན་པའི་གྲྭ་རྒྱལ་གཅེས་དཔའ་པོ་བཀྲ་པེ་ལགས་ནས་རང་ལུས་མེར་སྲེག་གིས་ཞི་རྒོལ་བྱས་པ་དང། ལོ་འདིར་ཡང་རྒྱལ་གཅེས་དཔའ་བོ་གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྲེག་གིས་བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་ཆེད་ཞི་བའི་ངོ་རྒོལ་སྐད་འབོད་བྱས་པ་དང། ཁོང་གི་གཅེས་པའི་ཚེ་སྲོག་ཀྱང་བོད་མི་རིགས་ཀྱི་བདེན་དོན་ཆེད་ཕུལ་ཡོད་པ་རེད། དེ་བཞིན་དགོན་པ་དང་དགེ་འདུན་པ་རྣམས་ལ་སྲུང་སྐྱོབ་བྱེད་མཁན་གྱི་མི་སྐྱ་ཕོ་མོ་གང་མང་ཞིག་གི་ཚེ་སྲོག་ཀྱང་ཅི་མི་སྙམ་པར་རྒྱ་གཞུང་གི་ལག་རྩེད་འོག་ནས་ཕྱི་མའི་ལྔ་ལམ་དུ་གཏོང་བཞིན་ཡོད།

ད་ལྟའི་ཆར་ཀིརྟི་དགོན་པ་རྒྱ་གཞུང་གི་དམ་དྲག་འོག་ཏུ་གནས་ཡོད་པ་དང། ཉིན་རེ་ནས་ཉིན་རེ་བཞིན་དགེ་འདུན་པ་རྣམས་གང་བྱུང་གིས་འཛིན་བཟུང་བྱེད་བཞིན་ཡོད་པ་མ་ཟད། འཇིགས་སྣང་ཆེ་བའི་དམ་དྲག་འོག་ཉིན་རེའི་ཟ་བཏུང་ཡང་འཚོལ་སྒྲུབ་བྱེད་དཀའ་བར་གྱུར་ཡོད། འདས་པའི་ལོ་མང་རིང་མདོ་སྨད་རྔ་པའི་ཡུལ་ནས་བོད་མི་གང་མང་ཞིག་བོད་མི་རིགས་དང་བོད་ཀྱི་བདེན་དོན་རྩོད་ལེན་གྱི་ཆེད་ཞི་བའི་ངོ་རྒོལ་ཇི་སྙེད་ཅིག་བྱས་པར་བརྟེན། ཨ་མདོ་རྔ་པ་ཁུལ་ནས་ཡིན་པའི་ཆབ་སྲིད་བཙོན་པ་མང་དག་ཅིག་གིས་མནར་གཅོད་སྣ་ཚོགས་མྱོང་བཞིན་ཡོད། མདོར་ན་ད་ལྟའི་ཆར་བོད་ཡུལ་སྤྱི་མཚུངས་ལས་ལྷག་པར་མདོ་སྨད་རྔ་པ་ནི་དམྱལ་བ་མི་ཡུལ་དུ་སླེབས་པ་ལྟ་བུའི་ཛ་དྲག་གི་གནས་སུ་གྱུར་ཡོད་པ་རེད།

གོང་དུ་བརྗོད་པ་བཞིན་རྔ་པ་ཀིརྟི་དགོན་པ་ནི་བོད་ཀྱི་ཆོས་དང་རིག་གནས་ཀྱི་ལྟེ་གནས་ཆེ་ཤོས་ཤིག་ཡིན་ནའང། མ་འོངས་པར་རྒྱ་ནག་གཞུང་གི་དམ་དྲག་འོག་དགོན་པ་དེ་མིང་ཙམ་དུ་བསྒྱུར་ནས་ཆོས་དང་རིག་གནས་སློབ་སྦྱོང་བྱེད་མི་ཆོག་པ་ཞིག་ཏུ་བསྒྱུར་ངེས་ཡིན་པ་དང། ཕྱི་ལོ་༡༩༨༧ གྱི་རྗེས་སུ་སེ་འབྲས་དགེ་གསུམ་གྱི་དགེ་འདུན་པ་གང་མང་ཞིག་གིས་བོད་ཀྱི་བདེན་དོན་ཆེད་རང་སྲོག་བློས་གཏོང་གིས་ཞི་རྒོལ་བྱས་པར་བརྟེན། དེ་ནས་བཟུང་རིམ་པ་བཞིན་སེ་འབྲས་དགེ་གསུམ་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་ཡུལ་ལྟ་བུ་ལས། དོན་དམ་དུ་བོད་ཀྱི་ཆོས་དང་རིག་གནས་སྦྱང་བརྩོན་བྱེད་མི་ཆོག་པ་ཞིག་ཏུ་བསྒྱུར་ཟིན་པ་ལྟར། མ་འོངས་པར་རྔ་པ་ཀིརྟི་དགོན་པའང་དེ་དང་གཅིག་མཚུངས་སུ་བསྒྱུར་རྒྱུ་དེ་གཏན་འཁེལ་བ་ཞིག་རེད།

བཙན་བྱོལ་བོད་པའི་སྤྱི་ཚོགས་ནས་མདོ་སྨད་རྔ་པའི་ཛ་དྲག་གནས་སྟངས་ལ་གཞིགས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་ས་གནས་གང་སར་ལས་འགུལ་གང་མང་སྤེལ་བཞིན་ཡོད་པ་དང། ལྷག་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཚོགས་གཞོན་དོན་གྲུབ་ལྷ་དར་དང། ཟུང་དྲུང་བསྟན་འཛིན་ནོར་བཟང། དབུས་རྒྱུན་དཀོན་མཆོག་ཡར་འཕེལ་བཅས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་བྱེད་བཞིན་ཡོད་པ་དང། ཀིརྟི་བྱེས་པ་གྲྭ་ཚང་གཙོ་བོར་གྱུར་པའི་དགེ་འདུན་པ་བརྒྱ་ཕྲག་ཙམ་གྱིས་དྷ་ས་ནས་ལྡི་ལི་བར་སེར་སྦྲེངས་སྙན་སྐུལ་གྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཁུལ་དུ་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་ཁག་ལ་བཅར་ནས་ཛ་དྲག་གི་གནས་སྟངས་ལས་སྐྱོབ་དགོས་པའི་འབོད་སྐུལ་ལས་འགུལ་སྤེལ་བཞིན་ཡོད་པ་རེད། མདོར་ན་ད་ལྟའི་ཛ་དྲག་གི་གནས་སྟངས་ལས་སྐྱོབ་དགོས་པ་དང། མ་འོངས་པར་བསླབ་པ་སློབ་གཉེར་ཡང་སྔར་རྒྱུན་བཞིན་གནས་ཐུབ་པའི་ཐོག་ལས་འབད་བརྩོན་བྱེད་དགོས་པ་ནི་དེ་བས་གལ་ཆེན་པོར་གྱུར་ཡོད།།

{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།