རིས་མེད་དགེ་བཤེས་དེ་དགེ་བཤེས་དང་དོ་མཉམ་པ་ཡིན།
ཟླ་འདིའི་ཚེས་༢༧ ཉིན་དྷ་སར་ཡོད་པའི་མཚན་ཉིད་གྲྭ་ཚང་ངམ་རིགས་ལམ་སློབ་གཉེར་ཁང་གིས། སློབ་གཉེར་ཁང་དེའི་ཡན་ལག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་རིས་མེད་དགེ་བཤེས་ཐེངས་དང་པོ་དང་གཉིས་པ། ས་རཱ་མཐོ་སློབ་ཀྱི་མཐོ་རིམ་རིག་གནས་རབ་འབྱམས་པ་སྐབས་བཅུ་པའི་བསླབ་པ་མཐར་སོན་པ་རྣམས་ལ་ཕྱག་ཁྱེར་གནང་བའི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།
གནས་སྟངས་དེའི་སྐོར་རིགས་ལམ་སློབ་གཉེར་ཁང་གི་འགན་འཛིན་གཞོན་པ་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་སུ་བཅར་འདྲི་བྱས་པ་ཡིན།
དྲི་བ། མཚན་ཉིད་སློབ་གྲྭའི་རིས་མེད་སློབ་དཔོན་དང་རིས་མེད་དགེ་བཤེས་སྐོར་གྱི་བྱུང་རིམ་གསུང་རོགས།
ལན། མཚན་ཉིད་སློབ་གྲྭ་འདི་༡༩༧༣ ལོ་ནས་འགོ་བཙུགས་པ་དང། སྐབས་དེར་༸གོང་ས་མཆོག་གིས་ལོ་གཉིས་ཙམ་གྱི་རིང་ལ་གྲྭ་པ་ཉི་ཤུ་རྩ་གྲངས་ཤིག་ལ་ཚོད་ལྟའི་ཐོག་ནས་དཔེ་ཆ་ལྟ་བཅུག་པ་རེད། དེ་ནས་ཡག་པོ་ཡོང་ས་རེད་གསུངས་ནས་ཕཪ་ཕྱིན་ཆ་ཚང་ལ་ལྟ་བཅུག། དེའི་ཐོག་དབུ་མ་ལོ་༣ བལྟས་པ་རེད། རྒན་དམ་པ་བློ་བཟང་རྒྱ་མཚོ་སྐུ་མ་གཤེགས་བར་དུ་ཕར་ཕྱིན་དང་དབུ་མ་རབ་འབྱམས་པའི་ལག་ཁྱེར་མ་གཏོགས་ཡོད་པ་མ་རེད། དབུ་ཕར་རབ་འབྱམས་པ་ཐོན་མཁན་མང་པོ་བྱུང་ཡོད་པས་དེ་ནས་མཚམས་བཞག་ན་ཡག་ས་རེད་དམ། ཡང་ན་སློབ་ཚན་གཞན་དག་འཁྲིད་ཐབས་བྱས་ན་ཡག་ས་རེད་ཅེས་གོ་བསྡུར་བྱས་ཏེ་༸གོང་ས་མཆོག་ལ་དེའི་སྐོར་སྙན་སེང་ཞུས་སྐབས། ས་རྙིང་བཀའ་གསུམ་གྱི་གཞུང་ལ་སློབ་སྦྱོང་བྱེད་ཐུབ་ན་ཡག་པོ་ཡོད་རེད་ཅེས་བཀའ་ཕེབས་པ་དང། དེའི་ཐོག་ལ་འདུལ་བ་དང་མཛོད་ཆ་ཚང་བ་ཞིག་བསྣན་ནས་ལོ་གྲངས་༤ རིང་གི་སློབ་ཚན་བསྒྲིགས་ནས། དབུ་ཕར་གཉིས་ལ་ལོ་གྲངས་༡༠ དང་ས་རྙིང་བཀའ་གསུམ་གྱི་གཞུང་དང་འདུལ་མཛོད་གཉིས་བཅས་ལ་ལོ་གྲངས་༤ ཁྱོན་ལོ་༡༤ རིང་སློབ་སྦྱོང་ཐོན་མཁན་ལ་རིས་མེད་སློབ་དཔོན་ཞེས་མིང་བཏགས་པ་རེད། སློབ་ཐོན་པ་ཚོ་ཕྱི་རྒྱལ་གྱི་སློབ་རིམ་སློབ་གྲྭ་ཁག་དང་དཔུང་པ་འདྲ་མཉམ་བྱས་ནས་འགྲོ་དགོས་དུས། ཕར་ཕྱིན་རབ་འབྱམས་པ་དེ་སྔ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་B.Aཐོན་པའི་ཚད་གཞི་ཆགས་ཡོད་པ་དང། དབུ་མ་རབ་འབྱམས་པ་དེ་གཙུག་ལག་རབ་འབྱམས་པ་M.Aཐོན་པའི་ཚད་གཞི་ཆགས་ཡོད་པ་རེད།
དེ་ནས་རིས་མེད་སློབ་དཔོན་གྱི་སློབ་ཚན་ཐོན་མཁན་ཚོའི་ཚད་གཞི་དེ་གང་དུ་འཇོག་དགོས་མིན་ལྡི་ལི་སོགས་ཀྱི་གཙུག་ལག་སློབ་གྲྭ་ཁག་ལ་ཞིབ་འཇུག་གིས་གོ་བསྡུར་བྱེད་པའི་སྐབས་སུ། མཚན་ཉིད་རིག་པའི་སློབ་དཔོན་M. Phil ཚད་གཞི་སྒང་ལ་བཞག་ན་ཡག་པོ་ཡོད་ས་རེད་ཟེར་ནས་ཐག་བཅད་པ་དང། རིས་མེད་སློབ་དཔོན་གྱི་སློབ་སྦྱོང་ལོ་༤ རིང་རྒྱུགས་སྤྲོད་ཀྱི་ལམ་ནས་ཐོན་ཚར་བའི་རྗེས་སུ། ཉུང་མཐའ་ཤོག་གྲངས་༥༠ ཅན་ཞིག་གི་སློབ་ཐོན་རྩོམ་ཡིག་ནང་ཆོས་དང་དེ་མིན་གྱི་བརྗོད་གཞི་གང་ཡང་རུང་བ་ཞིག་གི་སྟེང་དུ་དཔྱད་རྩོམ་འབྲི་དགོས་པ་ཞིག་བཟོས། རྩོམ་དེ་ཉུང་མཐའ་ཡང་གདན་ས་ཁག་གི་དགེ་བཤེས་གསུམ་གྱིས་གཟིགས་ཞིབ་གནང་རྒྱུ་བྱས་པ་རེད། དེ་དག་ཆ་ཚང་ཚར་སོང་བ་ཡིན་ན་རིས་མེད་སློབ་དཔོན་གྱི་ལག་འཁྱེར་འབུལ་རྒྱུ་ཡིན་པ་རེད།
རིས་མེད་སློབ་དཔོན་ཐོན་མཁན་གྱི་ནང་ནས་ད་དུང་ཡང་མུ་མཐུད་ནས་སློབ་སྦྱོང་བྱེད་མཁན་མང་པོ་ཡོང་བའི་སྐབས། ང་ཚོ་གོ་བསྡུར་བྱས་ནས་མདོ་ཕྱོགས་ལ་གང་འཚམས་སློབ་སྦྱོང་བྱས་ཡོད་པ་དང། སྔགས་ཕྱོགས་ནས་ཅུང་ཟད་སློབ་སྦྱོང་བྱེད་ཐུབ་ན་ཡག་པོ་འདུག་ཟེར་ནས་ལོ་གྲངས་༢ ཀྱི་སློབ་ཚན་བཟོས་པ་རེད། སློབ་ཚན་དེའི་ནང་རྗེ་རིན་པོ་ཆེས་མཛད་པའི་སྔགས་རིམ་ཆེན་མོ་དང་སྔགས་ཀྱི་ས་ལམ་སོགས་དང། ཉམས་ལེན་ཚུལ་དུ་གསང་བ་འདུས་པའི་བདག་བསྐྱེད་སོགས་ཀྱི་ཁྲིད་ཞུ་དགོས་པ་བཅས་ཚང་མ་བྱས། དེའི་སྒང་ལ་དཀྱིལ་འཁོར་དང་ཐིག་སོགས་ཆོ་གའི་འགྲོ་སྟངས་གང་འཚམས་སྦྱངས་ནས་ཡིག་ཚད་ཐེངས་༦ ཙམ་གྱིས་སློབ་ཐོན་སྐབས། སློབ་སྦྱོང་ལ་འཚམས་པའི་ལག་ཁྱེར་ཚད་ལྡན་ཞིག་སྤྲོད་དགོས་པས་རིས་མེད་དགེ་བཤེས་ཀྱི་ལག་ཁྱེར་སྤྲད་པ་རེད། དེ་ཡང་༧གོང་ས་མཆོག་ལ་བཀའ་སློབ་ཡང་ནས་ཡང་དུ་ཞུས་ནས་གཏན་ཁེལ་བྱུང་བ་རེད།
དྲི་བ། སེར་འབྲས་དགའ་གསུམ་ནས་ཐོན་པའི་དགེ་བཤེས་དང་འདི་ནས་ཐོན་པའི་རིས་མེད་དགེ་བཤེས་གཉིས། རྒྱ་གར་དང་དེ་མིན་གྱི་གཙུག་ལག་སློབ་གྲྭ་སོགས་ཀྱིས་ངོས་ལེན་བྱེད་ཕྱོགས་ལ་ཁྱད་པར་ཡོད་དམ།
ལན། ང་ཚོ་འདི་ནས་ཕར་ཕྱིན་དང་དབུ་མ་རབ་འབྱམས་པ་ཐོན་མཁན་ཚོ་རྒྱ་གར་གཞུང་གི་ངོས་ལེན་ཡོད་པ་ཞིག་ཆགས་ཡོད་པ་དང། རིས་མེད་སློབ་དཔོན་དང་རིས་མེད་དགེ་བཤེས་ཀྱི་ལག་ཁྱེར་དེ་ད་ལྟ་གཞི་ནས་འགྲོ་རྒྱུ་ཞིག་ཆགས་བསྡད་ཡོད་པ་རེད། ཡིན་ནའང་འདི་ནས་ཐོན་པ་འཇམ་དབྱངས་རིན་ཆེན་ཟེར་བ་ཞིག་ཡོད། ཁོ་རང་གི་རིས་མེད་སློབ་དཔོན་གྱི་ལག་ཁྱེར་དེ་ཨ་རིའི་ཧར་ཝ་ཌིའི་གཙུག་ལག་སློབ་གྲྭས་ངོས་ལེན་བྱས་ནས། ཐད་ཀར་གཙུག་ལག་སློབ་གྲྭ་དེར་འབུམ་རམས་པའི་སློབ་སྦྱོང་བྱེད་ཐུབ་ཡོད་པ་རེད།
དྲི་བ། རིས་མེད་སློབ་དཔོན་དང་རིས་མེད་དགེ་བཤེས་ཟེར་བ་བཞིན་རིས་མེད་ཀྱི་དགེ་རྒན་འདིར་ལོགས་སུ་ཡོད་དམ།
ལན། དགེ་ལུགས་ཕྱོགས་ནས་འདིར་དཔེ་ཆ་དང་དགེ་རྒན་བཅས་འབེལ་པོ་ཡོད་པ་དང། རྙིང་མའི་ཕྱོགས་ནས་པད་ནོར་རིན་པོ་ཆེའི་དགོན་པ་ནས་མཁན་པོ་དང་སློབ་དཔོན་གདན་འདྲེན་ཞུ་ཡི་ཡོད། ས་སྐྱ་དང་བཀའ་བརྒྱུད་ལྟ་བུ་ཡིན་ན་རྫོང་སར་དང་ཤེས་རབ་གླིང་དུ་ཕར་སློབ་སྦྱོང་གི་ཆེད་དུ། ཟླ་བ་༣ དང་༦ ཙམ་ལ་ཕེབས་ཀྱི་ཡོད་པ་རེད། གལ་ཆེ་ཤོས་རིས་མེད་ཟེར་བ་འདི་ཆོས་བརྒྱུད་ཚང་མར་རྒྱུས་ཡོད་པ་དང་དོ་སྣང་ཡོད་པ། དད་གུས་ཡོད་པ་ཞིག་བྱུང་བ་ཡིན་ན་སངས་རྒྱས་ཀྱི་བསྟན་པ་ལ་ཞབས་འདེགས་རླབས་པོ་ཆེ་ཞུ་ཐུབ་ཀྱི་རེད་བསམ་གྱི་འདུག
དྲི་བ། སྤྱིར་དགེ་བཤེས་ཞེས་པ་དེ་གདན་ས་གསུམ་ནས་ཐོན་མཁན་ཞིག་ལ་གོ་ཡི་ཡོད་པ་དང། འདི་ནས་རིས་མེད་དགེ་བཤེས་ཞེས་པ་མིང་ཚིག་གསར་པ་དང་རྣམ་པ་གསར་པ་ཞིག་ཐོན་ཡོད་པ་འདི། གྲྭ་ས་ཁག་ནས་ཐོན་པའི་དགེ་བཤེས་ལས་གཞན་པ་ཞིག་ཆགས་ཡོད་པས། འདིའི་ཐད་ལ་བསམ་ཚུལ་ཤོད་མཁན་སོགས་དེ་འདྲ་བྱུང་ཡོད་དམ།
ལན། ང་ཚོ་འདི་ནས་ཐོན་པ་ཚོ་དགེ་བཤེས་དང་མཉམ་པ་ཡིན་ཟེར་གྱི་ཡོད་པ་རེད་མ་གཏོགས། དགེ་བཤེས་རང་ཡིན་ཟེར་ནས་ང་ཚོས་གང་ཡང་བརྗོད་ཀྱི་མེད། དབྱིན་ཡིག་ཐོག་ནས་ PhD equivalent དོ་མཉམ་པ་ཞེས་བརྗོད་ཡོད་པ་འདིས་ག་རེ་མཚོན་གྱི་ཡོད་རེད་ཞུས་ན། འདི་ནས་ཐོན་པའི་རིས་མེད་དགེ་བཤེས་དེ་དགེ་བཤེས་དང་དོ་མཉམ་པ་ཡིན་ཞེས་བརྗོད་ཀྱི་ཡོད་པ་རེད།།
{jcomments on}