རིས་མེད་དགེ་བཤེས་ཀྱི་ལག་ཁྱེར་ཐོབ་པའི་བཙུན་མ་ཐོག་མ།

kalsang wangmoབཙན་བྱོལ་ནང་རིས་མེད་དགེ་བཤེས་ཀྱི་ལག་ཁྱེར་ཐོབ་པའི་བཙུན་མ་ཐོག་མ། མཚན་ཉིད་སློབ་གྲྭ་ནས་རིས་མེད་སློབ་དཔོན་ཨང་རིམ་རྩེ་ཕུད་གཉིས་པ་དང། རིས་མེད་དགེ་བཤེས་ཨང་རིམ་རྩེ་ཕུད་གསུམ་པ་ཐོབ་མཁན་བཙུན་མ་སྐལ་བཟང་དབང་མོ་ལགས་སུ་བཅར་འདྲི།

དྲི་བ། ཁྱེད་རང་གི་ལོ་རྒྱུས་བསྡུས་ཙམ་ཞིག་དང་ཁྱེད་རང་ལ་ནང་ཆོས་འདི་ལྟར་སྦྱངས་བརྩོན་གནང་བའི་འདོད་པ་ཇི་ལྟར་བྱུང་ཡོད་དམ།
ལན། ང་ཡུ་རོབ་རྒྱལ་ཁབ་འཇར་མན་དུ་སྐྱེས་པ་དང་དེར་སློབ་སྦྱོང་བྱས་ནས་སློབ་གྲྭ་ཆེན་མོར་སོང་བ་རེད། ལོ་༢༠ ལ་སོན་དུས་སློབ་གྲྭ་ཆེན་མོ་ཚར་ནས་ཨེ་ཤ་ཡའི་ནང་སྐོར་བསྐྱོད་བྱས་པ་དང་མཐར་དྷ་རམ་ས་ལར་ཡོང་བ་རེད། སྐབས་དེར་༧གོང་ས་མཆོག་དང་བོད་པའི་སྐོར་མང་པོ་ཤེས་ཀྱི་མེད། དེ་ནས་དབྱིན་ཡིག་ཐོག་ནང་ཆོས་ཀྱི་དེབ་མང་པོ་བཀླགས་པ་ཡིན། ཆུང་དུས་ནས་ལས་རྒྱུ་འབྲས་སོགས་ལ་གོམས་གཤིས་མེད་པས་དང་པོ་ཁས་ལེན་བྱེད་རྒྱུ་སོགས་ཁག་པོ་འདུག དེ་ནས་སློབ་སྦྱོང་རིམ་པས་བྱས་ནས་ངས་སྨན་པའི་སློབ་སྦྱོང་བྱེད་རྒྱུའི་འཆར་གཞི་ཡོད་པར་འགྱུར་སོང་བ་དང། དང་ཐོག་གཙུག་ལག་སློབ་གྲྭའི་ནང་ནང་ཆོས་སྦྱང་འདོད་བྱུང་། ཡང་བཙུན་མ་བྱས་ན་དུས་ཚོད་ཚང་མ་སློབ་སྦྱོང་གི་ཐོག་ལ་གཏོང་ཐུབ་ཀྱི་རེད་བསམ་ནས། གང་ལྟར་བསམ་བློ་མང་པོ་བཏང་ནས་བཙུན་མ་བྱས་པ་ཡིན།

དྲི་བ།   ཁྱེད་རང་གིས་ཕར་ཕྱིན་དང་དབུ་མ་སོགས་སྦྱང་བའི་སྐབས་འཛིན་གྲྭའི་ནང་ཨང་རིམ་དང། རིས་མེད་སློབ་དཔོན་དང་རིས་མེད་དགེ་བཤེས་ཀྱི་ལག་ཁྱེར་དེའང་རྩེ་ཕུད་ཀྱི་གྲས་སུ་ཚུད་འདུག དེ་ལྟར་སློབ་སྦྱོང་ལ་འབད་བརྩོན་ཇི་ལྟར་བྱས་ཡོད་དམ།
ལན། དང་པོ་ང་རང་ལ་ནང་ཆོས་སྦྱོང་འདོད་ཆེན་པོ་བྱུང་བ་དང། དེ་ནས་ཉིན་མཚན་མེད་པར་བོད་སྐད་དང་བོད་ཡིག་སོགས་ལ་སློབ་སྦྱོང་བྱས། དུས་ཚོད་སྟོང་པ་ག་དུས་རག་ན་དགེ་རྒན་སོགས་ལ་སྐད་ཆ་དྲིས། ཆོས་རའི་ནང་རྩོད་པ་ཆད་མེད་ལ་སོང་ནས་འབད་བརྩོན་བྱས་པ་ཡིན། དང་པོ་རོགས་པ་དང་སྐད་སོགས་ཀྱིས་དཀའ་ངལ་མང་པོ་འཕྲད་ཡོད་ཀྱང་འབད་བརྩོན་ཧུར་ཐག་བྱས་པ་ཡིན།

དྲི་བ། མཚན་ཉིད་སློབ་གྲྭའི་ནང་འཛུལ་ནས་ནང་ཆོས་དང་པོ་སྦྱོང་སྐབས་དཀའ་ངལ་ཆེ་ཤོས་གང་འཕྲད་ཡོད་དམ།
ལན། དཀའ་ངལ་དང་པོ་དེ་བོད་སྐད་དང་བོད་ཡིག་མི་ཤེས་པ་དང་། གཉིས་པ་འཛིན་གྲྭ་གཅིག་པ་ཚང་མ་དགེ་འདུན་པ་རེད། ང་གཅིག་པུ་བཙུན་མ་ཡིན་པས་རྩོད་ཟླ་མ་རག་པའི་དཀའ་ངལ་དང། གསུམ་པ་ནང་ཆོས་དེ་ཧ་ཅང་གི་གཏིང་ཟབ་པོ་དང་ཐ་སྙད་དམིགས་བསལ་བ་ཡོད་པ། དེའི་ཐོག་ངས་བོད་པའི་ལམ་དང་ལུགས་སྲོལ་མི་ཤེས་པ་དང། ང་ཆུང་དུས་ཀྱི་གོམས་གཤིས་ལས་ལོགས་སུ་ཆགས་ཀྱི་ཡོད་པས། སྤྱི་ཚོགས་ཀྱི་གོམས་གཤིས་ལ་གཟབ་གཟབ་བྱེད་དགོས་པ་སོགས་ཀྱི་དཀའ་ངལ་ཅུང་ཟད་འཕྲད་སོང་།

དྲི་བ། ཁྱེད་རང་གིས་ལོ་༡༦ ལྷག་ཙམ་གྱི་རིང་ལ་དབུ་ཕར་རབ་འབྱམས་པ་དང། དེ་ནས་རིས་མེད་སློབ་དཔོན་དང་རིས་མེད་དགེ་བཤེས་ཐོན་པ་རེད། ད་ལྟའི་སྐབས་བོད་པའི་སྤྱི་ཚོགས་ནང་ཁྱེད་རང་རིས་མེད་དགེ་བཤེས་སློབ་ཐོན་པ་བུད་མེད་དང་པོ་ཡིན་པས་ཁྱེད་རང་ཚོར་སྣང་ག་རེ་བྱུང་ངམ།
ལན། ངས་རིས་མེད་དགེ་བཤེས་མ་ཐོན་ཐུབ་པ་དེ་ཞེ་དྲག་བསྐལ་བ་བཟང་པོ་རེད་དྲན་གྱི་ཡོད། སྤྱིར་བཏང་ལག་ཁྱེར་འདི་ལས་གལ་ཆེ་བ་ཞིག་ནི་ངས་སློབ་སྦྱོང་ཡག་པོ་བྱེད་ཐུབ་ཡོད་པ་རེད། གཙོ་བོ་རྒན་དམ་པ་བློ་བཟང་རྒྱ་མཚོ་དང་དགེ་རྒན་རྣམ་པ་ཚོ། མཚན་ཉིད་སློབ་གྲྭ། འཛིན་གྲྭ་གཅིག་པ་ཚོས་རོགས་པ་ཧ་ཅང་གནང་ཡོད་པ་མ་གཏོགས ང་རང་གཅིག་པུས་སློབ་སྦྱོང་འདི་འདྲ་བྱེད་ཐུབ་རྒྱུ་མི་སྲིད་པ་ཞིག་རེད།

དྲི་བ། ཁྱེད་རང་བོད་པའི་སྤྱི་ཚོགས་ནང་ལོ་མང་པོ་བསྡད་ཡོད་པས་བོད་པའི་སྤྱི་ཚོགས་ལ་ལྟ་སྟངས་ག་འདྲ་ཡོད་དམ།
ལན། ངའི་མཐོང་ཚུལ་ལ་བོད་པའི་ཆོས་དེ་སྤྱི་ཚོགས་དང་མཉམ་དུ་འདྲེས་ཡོད་པས། མི་རྣམས་སེམས་པ་བཟང་པོ་དང་གཤིས་ཀ་ཡག་པོ། ཕན་སེམས་དང་ལྡན་པ། སྙིང་སྟོབས་ཆེན་པོ་དང་སེམས་ཤུགས་ཆེན་པོ་ཡོད་པ། མིའི་རང་བཞིན་ལྷོད་ལྷོད་དང་སྣང་བ་སྐྱིད་པོ་དེ་འདྲ་མཐོང་གི་འདུག དེའི་ཐོག་བོད་པའི་སྤྱི་ཚོགས་ནང་བླ་མ་རྩ་ཆེན་པོ་མང་པོས་དུས་ནས་དུས་སུ་ཆོས་ཕྱོགས་ཀྱི་བསླབ་བྱ་མང་པོ་གནང་གི་ཡོད་པས། བོད་པའི་སྤྱི་ཚོགས་འདི་སྤྱི་ཚོགས་གཞན་དང་མི་འདྲ་བ་མཐོང་གི་འདུག

དྲི་བ། སེར་སྨད་དང་མཚན་ཉིད་གྲྭ་ཚང་བཅས་ནས་ཐོན་པའི་ཕྱི་རྒྱལ་བའི་དགེ་བཤེས་ཚོས་ནང་ཆོས་དང་བོད་དོན་ཁྱབ་བསྒྲགས་ལ་ལས་དོན་མང་པོ་བསྒྲུབས་ཡོད་པས། ཁྱེད་ཀྱིས་མ་འོངས་པར་དེ་ལྟར་གནང་འཆར་ཡོད་དམ།
ལན། ངས་ད་དུང་མུ་མཐུད་ནས་སློབ་སྦྱོང་བྱེད་འདོད་ཡོད། དེ་དང་མཉམ་དུ་དགེ་བའི་བཤེས་གཉེན་ཚོའི་དྲིན་ལན་འཇལ་ཆེད་དུ། ང་རང་གིས་ཐུབ་ཚོད་ཀྱིས་ཕྱི་རྒྱལ་བ་ཚོར་ནང་ཆོས་ངོ་སྤྲོད་བྱེད་རྒྱུ་དང། དབྱིན་སྐད་དང་འཇར་མན་གྱི་སྐད་ཐོག་ནང་ཆོས་སྐད་སྒྱུར་དང་ཡིག་སྒྱུར་བྱས་པ་ཡིན། ད་ལྟའི་བར་ལོ་༦ གི་རིང་ལ་འདིར་ཕྱི་རྒྱལ་མཐོ་རིམ་སློབ་མ་ཡོང་མཁན་ཚོར་དགེ་རྒན་བྱས་པ་ཡིན། དེ་བཞིན་བསྡུས་གྲྭ་ནས་སེམས་བསྐྱེད་བར་དབྱིན་ཡིག་ཐོག་ནས་བོད་པའི་རྟགས་གསལ་གྱི་འགྲོ་སྟངས་ཤིག་ཀྱང་གསར་བསྒྲིགས་བྱས་ནས། ད་ལྟའི་སྐབས་བོད་སྐད་མི་ཤེས་མཁན་ཚོས་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད་ལ། མ་འོངས་པར་བོད་དོན་དང་བོད་པའི་ནང་ཆོས་ཁྱབ་བསྒྲགས་འགྲོ་ཆེད་དུ་འདིའི་རིགས་ཀྱི་ལས་ཀ་བྱེད་རྒྱུའི་འཆར་གཞི་དང་རེ་བ་ཡོད་ཅེས་གསུངས་བྱུང།།

{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།