བཅའ་ཁྲིམས་ཀྱི་རྒྱ་ལས་བརྒལ་བའི་སྤྱན་རས་གཟིགས།

ཨ་ཚོགས་ཀླུ་མཁར་བྱམས།

དང་པོ། སྤྱན་རས་གཟིགས་ཁྲིམས་སྒོར་མི་ཤོངས།
སྤྱན་རས་གཟིགས་མི་ཡི་ཤ་གཟུགས་སུ་བྱོན་མིན་གྱི་སྐད་ཆ་འདི་ཁྲིམས་ཀྱི་ངོ་བོ་ནས་གཏན་འཁེལ་བྱས་པ་ནི། གདུལ་བྱ་འདུལ་སླ་བའི་ཆེད་དུ་ཡིན་ངེས་མོད། དུས་རབས་ཀྱི་བློ་མིག་ཅན་ཚོས་ལས་འདི་ལྟར་བགྱི་མཁན་ལ་དྲི་བ་གཞན་ཞིག་འདྲི་ངེས།

༡ འཆར་ཟིན་སྔོན་གླེང་ནང་ྋགོང་ས་སྐྱབས་མགོན་ཆེན་པོ་བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པའི་བོད་མི་ཡོངས་ཀྱི་མགོན་སྐྱབས་དང༌། བླ་ན་མེད་པའི་དབུ་ཁྲིད་་་་ཡིན་ཞེས་པར། ྋགོང་ས་མཆོག་ནི་བོད་མི་ཡོངས་ཀྱི་སྐྱབས་མགོན་དང༌། བླ་ན་མེད་པའི་དབུ་ཁྲིད་ཡིན་ཆོག་ལ། ཡིན་ཡང་ཡིན་ཁར། ཆོས་ཕྱོགས་ནས་བཤད་ན་སྤྱན་རས་གཟིགས་དབང་དུ་སྒྲུབ་པར་ང་ཚོར་དཀའ་ངལ་ཅི་གང་མེད་མོད། གང་ཉིད་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པའི་རྒྱུ་མཚན་གྱིས། ཁོང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཆགས་པ་རེད་ཟེར་ན། བཤད་སྟངས་འདི་ནི་བོད་རིགས་ནང་པ་ཚོ་ལས་ཁྱབ་མི་ཐུབ་ཁར།  མ་གཞི་ྋགོང་ས་མཆོག་གི་ཐུགས་དགོངས་ལྟར་“བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་”བཟོ་དགོས་ཕྱིན། སྤྱན་རས་གཟིགས་མིའི་ཤ་གཟུགས་སུ་བྱོན་མིན་ནི་སྒྲོམ་གཞི་དེའི་ནང་ཤོང་ཐུབ་པ་ཞིག་མིན།

༢ འཆར་ཟིན་སྔོན་གླེང་ནང༌། བོད་ཀྱི་ཉེ་རབས་ལོ་རྒྱུས་ལ་བསྡོམས་བརྒྱག་སྐབས་ྋགོང་ས་སྐྱབས་མགོན་ཆེན་པོ་སྐུ་སྒེར་རམ། ཡང་ན་དགའ་ལྡན་ཕོ་བྲང་དང༌། བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཟེར་བ་སོགས་སྒྲིག་འཛུགས་བྱེ་བྲག་པའམ། གང་ཟག་སྒེར་གཙོ་འདོན་བྱས་པ་ལས། རྒྱ་དམར་གཞུང་གིས་བོད་ལ་ཁྲིམས་འགལ་བཙན་འཛུལ་བྱས་པའི་རྐྱེན་གྱིས། བོད་ཀྱི་སྣོད་བཅུད་གཉིས་ལ་གཏོར་རྒོལ་ཚབས་ཆེན་བཏང་བ་དང༌། བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་གི་ཚེ་སྲོག་ཤོར་བ། དེང་སྐབས་ཀྱང་རྒྱའི་བཙོན་འོག་ན་བཙོན་པ་སྟོང་ཕྲག་ཁ་ཤས་ཡོད་པ་སོགས་མང་ཚོགས་རང་བཞིན་དང༌། གཞི་རིམ་ཀྱི་དཀའ་ངལ་རིགས་དམིགས་འདོན་མ་ཐུབ་པ་ནི་སྔོན་གླེང་དེའི་ཞན་ཆ་ཆེ་ཤོས་རེད།

༣ འཆར་ཟིན་སྔོན་གླེང་ནང་དམངས་གཙོའི་སྐོར་ལ་འགྲེལ་བརྗོད་བྱེད་སྐབས་ྋགོང་ས་ཆེན་པོའི་ཐུགས་ལ་བརྣག་པའི་ཡང་དག་པའི་མང་གཙོའི་ལམ་ལུགས་དབུ་འཛུགས་གནང་སྟེ་ཞེས་པའི་ཚིག་བརྗོད་ལྟ་བུ་དང༌། དེ་དང་འབྲེལ་བའི་ཁ་སྔོན་བགྲེས་ཡོལ་ཐད་ཀྱི་བཀའ་ཤག་གི་གསུང་བཤད་དང་བསྡོམས་ཚིག་ཟེར་བའི་ནང་དུ་འདས་པའི་མི་ལོ༥༢ རིང་བཙན་བྱོལ་སྤྱི་ཚོགས་ཀྱི་མང་གཙོའི་མདུན་བསྐྱོད་ཇི་ཙམ་བྱུང་བ་ཆ་ཚང་ྋགོང་ས་མཆོག་གི་དབུ་ཁྲིད་དང་ལམ་སྟོན་ཁོ་ན་ལས་བྱུང་བ་མ་གཏོགས། མང་ཚོགས་རང་ཉིད་ནས་འབད་རྩོལ་དང་གསར་བརྗེ་ལས་བྱུང་བ་གཅིག་ཀྱང་མེད་ཅེས་ཐ་ཚིག་གིས་བཅད་ཡོད། ྋགོང་ས་མཆོག་ནི་དམངས་གཙོ་རིང་ལུགས་ནས་ཐུགས་ལ་བརྣག་པའི་སྐྱེས་ཆེན་དམ་པ་ཞིག་ཡིན་པ་སྨོས་མེད་དང༌། བཙན་བྱོལ་ཁྲོད་ཀྱི་དམངས་གཙོ་ནི་གཞི་རྩའི་ཁོང་གི་དབུ་ཁྲིད་ལམ་སྟོན་འོག་བྱུང་བར་བཤད་ཆོག་ཀྱང༌། སྐབས་དེ་དག་ཏུ་བོད་གཞིས་བྱེས་གཉིས་དང་ཁྱད་པར་དུ་བཙན་བྱོལ་ནང་དམངས་གཙོར་འདུན་པ་ཅན་གྱི་མི་སྣ་ཡང་མང་ཉུང་ལ་མ་ལྟོས་པར་ཡོད། རང་དབང་དང༌། དམངས་གཙོའི་ཟེར་བའི་ཚགས་ཤོག་སྣ་ཚོགས་བཏོན་མྱོང་ཡོད་ཐག་ཆོད་དང༌། ཤེས་འཇོན་གཉིས་ལྡན་གྱི་མི་སྣ་མང་པོ་ཞིག་གིས་ཐོག་མཐའ་བར་གསུམ་དུ་ྋགོང་ས་མཆོག་གི་གཤམ་འོག་ནས་དམངས་གཙོ་བསྐུལ་འདེད་ཆེད་ལས་དོན་སྣ་ཚོགས་བསྒྲུབས་དང་སྒྲུས་མུས་ཡིན་ན། བཙན་བྱོལ་ནང་གི་དམངས་གཙོའི་འཕེལ་རིམ་ལ་བསྡོམས་རྒྱག་དགོས་ཕྱིན། གནས་ཚུལ་འདི་དག་གི་ཟུར་ཙམ་ཡང་མ་གླེང་བའི་ཁར་གཅིག་ཀྱང་མེད་ལབ་ན་དེ་ནི་སྤྱི་ཚོགས་འཕེལ་ཕྱོགས་ལ་གཟུ་བོའི་བསྡོམས་ཤིག་མ་རེད་འདོད།

༤ གོང་ནས་བརྗོད་པ་ལྟར། འཆར་ཟིན་ནང་ྋགོང་ས་མཆོག་ནི་བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང༌། བླང་དོར་གྱི་ལམ་སྟོན་པ། བོད་མི་རིགས་དང༌། དེའི་ཆིག་སྒྲིལ་གྱི་མཚོན་རྟགས་ཡིན་ཞེས་འཁོད་པ་དག་ནི་ཁྲིམས་སྒྲིག་རང་བཞིན་གྱི་ཆེ་བསྟོད་ཅིག་ཡིན་ཕྱིན། དོན་ཚན་འདི་དག་གིས་འགྲིག་ཐག་ཆོད་ཡིན། འོན་ཀྱང་སྔོན་གླེང་ནང་མུ་མཐུད་་་་་བོད་མི་ཡོངས་ཀྱི་སྨྲ་དབང༌། གནས་བབ་དེ་ནི་ལོ་བརྒྱ་ཕྲག་མང་པོའི་བྱུང་རབས་དང༌། ལེགས་བྱང༌། མངའ་དབང་ལྡན་པའི་བོད་མིའི་མངོན་འདོད་བཅས་ལས་གྲུབ་པ་ཡིན། དེའི་ཕྱིར་གཤམ་གསལ་གྱི་ཐུགས་འགན་དང་སྐུ་དབང་རྣམས་རང་ཆས་སུ་ཡོད་ཟེར་བ་འདི་རེད། ཚན་པ་འདི་ཡི་ནང་དོན་ཕར་ཞོག དང་པོ་ཚིག་ངོས་ནས་ཀྱང་གོ་བརྡ་འཕྲོད་ཀྱི་མི་འདུག་མོད། གོང་འོག་གི་ཚིག་མདོ་སྒྲིལ་ཏེ་ཨུ་ཚུགས་ཀྱིས་གོ་བ་ཞིག་བླངས་ན། དང་པོར་ྋགོང་ས་མཆོག་(གིས་བོད་མི་རིགས་ཀྱི་སྨྲ་དབང་དང༌། བོད་མི་རིགས། བྱུང་རབས། ལེགས་བྱང༌།  མངའ་དབང་བཅས་ཚང་མ་མཚོན་དགོས་ཡོད་ཟེར་བ་འདྲ་བོ་དང༌། ཡང་ན་ྋགོང་ས་མཆོག་གི་སྒང་)ལ་བོད་མི་རིགས་ཀྱི་སྨྲ་དབང་དང༌། བོད་མི་རིགས། བྱུང་རབས། ལེགས་བྱང་བཅས་ཀྱིས་སྐུ་དབང་འདི་དག་ཕར་སྐུལ་ཡོད་ཟེར་རེད་དམ། སྔ་མ་ཡིན་ནྋགོང་ས་མཆོག་གིས་བོད་མི་རིགས་ཀྱི་སྨྲ་དབང་(མགྲིན་ཚབ་པ་ཡིན་པ་འདྲ་) བྱུང་རབས་(ལོ་རྒྱུས་ལ་ཟེར་བ་འདྲ་)ལེགས་བྱང་(དཔལ་ཡོན་ནམ། ཡང་ན་རིག་གནས།) མངའ་དབང་(བདག་དབང་གི་དོན་ཡིན་པ་འདྲ་) ཚང་མ་མཚོན་ཐུབ་མིན་ལ་མ་ལྟོས་པར། ཁོང་སྐུ་རྐྱང་གིས་མཚོན་དགོས་དོན་མེད་ལ། (གོང་གི་ནག་པོ་བཟོས་པའི་མིང་ཚིག་དག་མི་རེ་གཉིས་ཤིག་གི་ལོག་སྐད་ཡིན་སྟབས། བཅའ་ཁྲིམས་དང་ཡོངས་གྲགས་ཚིག་བརྗོད་སྤེལ་རྒྱུ་གལ) ཕྱི་མ་ལྟར་ན་བོད་མི་རིགས་ཀྱི་སྨྲ་དབང་དང༌། བོད་མི་རིགས་བྱུང་རབས། ལེགས་བྱང༌། མངའ་དབང་བཅས་ཀྱི་ངོས་ནས་བོད་དོན་གྱི་ཐུགས་འགན་ནི་བོད་ཀྱི་ཆབ་འབངས་སྤྱི་བོ་གནམ་བསྟན་ཚང་མར་ཡོད་པ་ལས། ྋགོང་ས་མཆོག་སྐུ་རྐྱང་ཁོ་ནར་རང་ཆས་སུ་འཁྲི་དགོས་པ་ཞིག་ག་ལ་ཡིན། གལ་སྲིད་སྔོན་གླེང་ནང་ཚིག་སྦྱོར་འདི་འདྲ་ཞིག་སྤེལ་དགོས་ཕྱིན། གཞུང་ས་དགའ་ལྡན་ཕོ་བྲང་གི་གཞུང་སྲིད་ལམ་ལུགས་དབུ་བརྙེས་པ་ནས་བཟུང༌། ྋགོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ན་རིམ་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང༌། བླང་དོར་གྱི་ལམ་སྟོན་པར་ཁྲིམས་དང་སྲོལ་གཉིས་ཐད་ནས་གོང་བཀུར་བྱུང་ཞིང༌། ཁྱད་པར་དུ་ྋགོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་ཆོལ་གསུམ་བོད་འབངས་ཡོངས་ཀྱི་ཆོས་འཇིག་རྟེན་གཉིས་ཐད་ནས་ཆིག་སྒྲིལ་གྱི་མཚོན་རྟགས་ལྟ་བུར་གྱུར་ཡོད་ཅེས་འཁོད་པ་ཡིན་ན། ལོ་རྒྱུས་ཀྱི་ངོས་དང་ཤེས་རིག་གི་འཕེལ་འགྱུར་གང་ནས་དོན་དངོས་དང་མཐུན་པ་ཞིག་རེད།

ལར་ནས་ཕྲན་གྱི་རེ་བ་ཡིན་ན། གོང་གི་ཡང་བསྐྱར་གསོལ་འདེབས་ཞུ་དགོས་ཟེར་བའི་བཅའ་ཁྲིམས་ཀྱི་སྔོན་གླེང་དང༌། དོན་ཚན་གསུམ་ཅན་འདི་ཇི་བཞིན་བཅའ་ཁྲིམས་ནང་བཀོད་མི་དགོས་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད་ལ། གལ་སྲིད་འགོད་དགོས་ཐུག་ཀྱང་དེ་ནི་བཅའ་ཁྲིམས་གསར་པའི་ཟུར་རྒྱན་གྱི་ཁོངས་སུ་འགོད་རྒྱུའམ། འཛིན་སྐྱོང་གི་སྲིད་བྱུས་བཀའ་རྒྱའི་ངོ་བོ་དང༌། ཡང་ན་གྲོས་ཚོགས་ཀྱི་གྲོས་ཆོད་ངོ་བོ་ནས་སྐུ་མདུན་ལ་ཟུར་ཞུ་བྱས་ཀྱང་ཆོག དེ་བཞིན་དཔལ་ལྡན་སྐུ་སྒེར་ཡིག་ཚང་དང་བོད་གཞུང་བར་གྱི་འབྲེལ་བ་ནི་གལ་ཆེན་ཡིན་པ་སྨོས་མེད་ཀྱང༌། འབྲེལ་ལམ་དེ་དང་ྋགོང་ས་མཆོག་གི་སྐུའི་ཉེན་སྲུང་སྐོར་སོགས་གཞུང་གི་སྲིད་བྱུས་ཀྱི་ངོ་བོའི་ཐོག་ནས་སྐབས་བསྟུན་བབ་གཟིགས་གནང་རྒྱུ་ལས། བཅའ་ཁྲིམས་ཀྱིས་སྐུལ་དགོས་པ་ཞིག་མིན་པར་འདོད།

གཉིས་པ། ཁ་བསྒྱུར་མིན་ནམ་སྙམ།

གསོལ་བ་སླར་ཡང་འདེབས་རྒྱུའི་དོན་ཚན་གསུམ་པོ་དེ་ནི་“གཡག་ལ་མ་གཅེས་ཁྲག་ལ་གཅེས་”ཟེར་བའི་དཔེ་བཞིན་ཞེ་འདོད་དངོས་མ་དེ་ཡིན་པ་དང༌། བཙན་བྱོལ་བོད་གཞུང་གི་མིང་བྱང་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ལ་བསྒྱུར་རྒྱུ་དང༌། དགའ་ལྡན་ཕོ་བྲང་གི་ཚབ་ལ་བདེན་པ་གཉིས་སམ་བདེན་པ་ཉིད་རྒྱལ་གྱུར་ཅིག་ཟེར་བ་སོགས་བྲིས་ནས་འུར་མགོ་བསླངས་པ་ནི། དོན་དངོས་ཁ་བསྒྱུར་བྱེད་པའི་སྒྱུ་རྩལ་ཞིག་མིན་འགྲོ་སྙམ།

༡ད་ཐེངས་བཅའ་ཁྲིམས་ལ་འགྱུར་བ་གཏོང་རྒྱུ་འདི་ནི། གཞི་རྩའི་བཅའ་ཁྲིམས་ནང་འཁོད་པའི་ྋགོང་ས་མཆོག་གི་སྐུ་དབང་ཕྱིར་བསྡུ། ྋགོང་ས་མཆོག་གི་སྐུ་དབང་ཕྱིར་བསྡུ་བྱས་པ་དང་འབྲེལ། ཁོང་གི་བླ་བྲང་དགའ་ལྡན་ཕོ་བྲང་གི་མིང་གནས་བོད་ཀྱི་གཞུང་ལ་འགེབས་པ་ནས་ངང་གིས་འཐེན་གནང་རྒྱུ་ཁོ་ནར་དམིགས་ན་འོས་པ་ལས། དབུ་མའི་ལམ་ནས་བོད་རྒྱ་ཞི་མོལ་ཡོང་མིན་དང༌། བཙན་བྱོལ་བོད་གཞུང་གི་མིང་གནས་ཕྱིར་བསྡུ་སོགས་ལ་འབྲེལ་བ་མེད་ཀྱང༌། ཁྲིམས་བཟོ་དབུ་ལས་རྣམས་ལ་བཅའ་ཁྲིམས་འདི་སྒོ་གང་ཐད་ནས་ལམ་དབུ་མ་དང་མཐུན་སྡེབ་ཡོང་ཐབས་ལ་ཐུགས་རེ་ཆེ་ཚོད་དང༌། ཁྱད་པར་དུ་འཆར་ཟིན་འདིའི་མགོ་ནས་མཇུག་བར་བཙན་བྱོལ་བོད་གཞུང་འབྲི་བའི་ཚབ་ཏུ་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཟེར་བ་སོགས་ཚིག་གསར་རྐྱང་རྐྱང་སྤེལ་ཡོད།

ཁ་ཉིན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས། བོད་གཞུང་གི་མིང་བྱང་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ལ་བསྒྱུར་དགོས་པའི་སྒྲུབ་བྱེད་དུ། བོད་གཞུང་གི་མཚན་གནས་དང་འབྲེལ་བའི་ཁ་མཆུ་གཉིས་ཁྲིམས་ཁང་ག་གེ་མོའི་ནང་ཡོད་སྐོར་དང༌། དེང་སྐབས་རྒྱ་གཞུང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཁྱེར་ནས་ཁྱོད་ཚོས་རང་བཙན་རྩོད་ཀྱི་འདུག བཅའ་ཁྲིམས་ནང་རྒྱལ་ཁབ་འདུག་ལབ་ནས་སྐྱོན་བརྗོད་བྱེད་མཁན་བྱུང༌། དེར་བརྟེན། བོད་གཞུང་གི་མིང་གནས་འགྱུར་བ་མ་བཏང་རང་བཏང་རེད་ཟེར། དང་པོ་ཁ་མཆུ་དེ་འདྲ་ཡོད་སྲིད་ཀྱང་ཁ་མཆུ་ནི་ཁ་མཆུ་རང་ཡིན་སྟབས། བཟང་ཐག་ངན་ཐག་མ་ཆད་བར་དུ་སྒུག་རྒྱུ་ཞིག་དང༌། གཉིས་པར་རྒྱ་གཞུང་གིས་ཅིག་ལབ་ཚུལ་ལ་གཞིགས་ནས་འགྱུར་བ་གཏོང་དགོས་ན། ང་ཚོར་འཚོ་གནས་བྱེད་སའི་ས་ཁོད་ཅིག་མེད་པ་ལོ་རྒྱུས་ཀྱི་ཉམས་མྱོང་ལོས་ཡོད། མ་གཞི་ཁོ་བོ་རང་ཉིད་བོད་རང་བཙན་རྩོད་མཁན་ཞིག་ཡིན་མིན་ལ་མ་ལྟོས་པར༌། བཞེངས་ཕྱོགས་འདིའི་ལམ་དབུ་མ་དེ་དོན་དངོས་བོད་དོན་འཐབ་རྩོད་ཀྱི་ངོ་བོར་ཁེ་ཕན་ཡོད་པར་ངོས་འཛིན་གྱིས་ལམ་དེར་བསྐྱོད་མཁན་ཚོར་ཡང་གྱོང་ལས་ཁེ་མེད་པར་འདོད།

མ་ཟད་དེ་བས་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གིས་ཚིག་བརྗོད་འདི་དག་སྤེལ་བ་ནི་མི་མང་གི་མཐོང་ཕྱོགས་ཁ་བསྒྱུར་བྱེད་རྒྱུའི་ཆེད་དུ་རེད་ཅེས་མཐའ་གཅིག་ཏུ་ཀུན་སློང་ལ་སྐྱོན་འཛུགས་མིན་མོད། དཔེར་ན་མང་ཚོགས་ནང་ད་ཆ་འུར་མགོ་ལངས་བཞིན་པ་ནི་བོད་གཞུང་གི་མིང་བྱང་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ལ་བསྒྱུར་རུང་མིན་གྱི་སྐོར་ཡིན་སྟབས། བཅའ་ཁྲིམས་གསར་པའི་སྔོན་གླེང་ནང་ྋགོང་ས་མཆོག་ལ་གསོལ་འདེབས་ཞུ་རྒྱུའི་དོན་ཚན་གསུམ་ཅན་འཁོད་པ་འདི་བཞིན། སླར་ཡང་ཡར་འབུལ་རུང་མིན་བཅས་ཀྱི་དོན་དངོས་གནད་དོན་ཐོག་མང་ཚོགས་ཀྱི་དོ་སྣང་སླེབས་ཐུབ་ཀྱི་མེད་སྟབས། བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཟེར་བའི་ཚིག་སྦྱོར་འདི་དག་གིས་གནད་དོན་ཁ་བསྒྱུར་བྱས་འདུག་སྙམ།

ཡང་དེ་ཙམ་མ་ཡིན་པར་༡ འཆར་ཟིན་ནང་བཅའ་ཁྲིམས་ལ་འགྱུར་བ་གཏོང་སྐབས་སྤྱི་ལྷན་གྱིས་ཁ་ཐུག་བཏང་ཆོག་པ། ༢ བཀའ་ཁྲིས་གཙོས་བཀའ་བློན་ལས་རོགས་རྣམས་ཀྱི་ལས་ཡུན་རྒྱས་བཅད་མེད་པ།༣ གྲོས་ཚོགས་ཀྱིས་བཟོས་པའི་ཁྲིམས་སྒྲིག་གི་མཐའ་མའི་གཏན་འབེབས་གྲོས་ཚོགས་རང་ལ་ཡོད་པ། ༤ བཀའ་བློན་ཁྲི་བར་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་བཅས་འབྲི་རྒྱུའི་ཚབ་ལ་“འཛིན་སྐྱོང་གི་འགན་འཛིན་”ཙམ་ཞིག་བཀོད་པ་བཅས་ནི་ཞར་ཞོར་གྱི་སེམས་འཚབ་ཏུ་འཁུམས།

གསུམ་པ། གྲུབ་ཆ་འདིའི་གསལ་བཤད་ཅིག

ཟིན་བྲིས་ཚོགས་ཆུང་དེ་དབང་ཤུགས་ཀྱིས་གྲུབ་ཡོད། བླ་མ་ཟམ་གདོང་ཚང་གིས་རི་བོ་དགེ་ལྡན་པའི་ཞེ་འདོད་འབུར་གཟུགས་སུ་བསྣམས་ཡོང་བ་ནི། ྋགོང་ས་མཆོག་དང་བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་གཉིས་ངོ་བོ་དབྱེར་མེད་དུ་བསྒྲུབས་ནས་བཅའ་ཁྲིམས་ནང་འཇུག་ཐུབ་ན་དེ་ལས་གཞན་པའི་ལས་དོན་ནི་སྒྲུབ་ཆོག་ཆོག་ཡིན། རྒྱ་རི་སྒྲོལ་མིའི་རྒྱབ་ལྗོངས་ཨ་ཅང་ཅང༌། བཅའ་ཁྲིམས་གསར་པའི་ནང་ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་མུ་མཐུད་འཁོད་རྒྱུ་ཞིག་བྱུང་དགོས་ལ། དོན་ཆེན་འདིའི་ཆེད་དུ་སྒྱུ་རྩལ་གྱི་རྣམ་གྲངས་ལ་ཐོགས་པ་མེད། དེ་ལས་ལྷག་པའི་ཚོགས་གཙོ་སྤེན་ཚེ་དང༌། བཀའ་བློན་ལུང་རིགས་སོགས་ཀྱིས། གཞས་གདངས་ལ་རམ་འདེགས་ཐུབ་ན་སྐྱབས་འོག་ནས་མི་དོར་བའི་ཉམས་མྱོང་ཡོད།

སྐབས་བབ་ཀྱི་བརྗོད་སྙིང་ནི་ྋགོང་ས་མཆོག་གིས་སྐུ་དབང་མར་བསྩལ་བ་ནས། གང་ཉིད་བགྲེས་ཡོལ་ལ་ཕེབས་པའི་སྐོར་འགྲིག་མིན་གྱི་སྐད་ཆ་བཤད་རྒྱུ་ལྷག་མེད་ལ། ང་ཚོས་མདུན་དུ་ལྷག་པའི་ལས་དོན་ནི་སྐུ་དབང་མར་ལེན་པ་ལ་ལེན་སྟངས་ཤིག་དང༌། སྐུ་དབང་ཕྱིར་བསྡུ་དང་འབྲེལ་བའི་ཁྲིམས་སྒྲིག་བཟོ་བཅོས་རྒྱག་སྐབས། ཆེ་ས་ནས་བོད་ཀྱི་རྒྱལ་བསྟན་སླར་གསོའི་ཆེད་ཆར་པ་ཆུ་གྲོགས་ཀྱི་མཐུན་རྐྱེན་ལ་འགྲོ་ཐུབ་པ་ཞིག་དང༌། རྒྱ་ཆུང་ས་ནས་བཙན་བྱོལ་གཞུང་མུ་མཐུད་གནས་ཐུབ་པ་ཞིག་ལ་དམིགས་དགོས་ཕྱིན། ལས་དོན་འདིའི་ནང་བོད་མི་སྤྱི་བོ་གནམ་བསྟན་ཚང་མས་འཕྱར་གྲུ་མཉམ་འདེགས་དགོས་པ་ཧ་ཅང་གལ་ཆེ་ལ། འདི་ནས་ཆེད་དུ་ཞུ་འདོད་པ་ནི་ཁྲིམས་ཀྱི་དམིགས་སྒོ་ནི་དྲང་ཤིང་སྙོམས་པ་ཞིག་ཡོང་དགོས་པ་དེ་ཡིན་ན། ཁྲིམས་དྲང་པོ་ཡོང་མིན་གྱི་འགག་རྩ་ནི་ཁྲིམས་བཟོ་མཁན་གྱི་སྐྱེས་བུ་དེ་དག་ཆོས་ལུགས་གང་རུང་གི་དད་ཞེན་ཅན་དང༌། ཆབ་སྲིད་དམ་ཁེ་ཕན་སྟོབས་ཤུགས་འདྲ་མིན་གྱི་ངོ་ཚབ་པ་སོགས་ཤུགས་རྐྱེན་ཅི་རིགས་འོག་ཚུད་མེད་པའི་མི་གཙང་མ་དང་ཆེད་ལས་པ་རྐྱང་རྐྱང་ཡིན་དགོས་པ་དེ་ཡིན།

མདོར་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བཞིན་ཁྲིམས་སྒྲིག་གཞི་ལས་བརྒལ་བའི་ཁྲིམས་སྒྲིག་འདི་ཚོའི་ནང་ཆོས་ལུགས་བྱེ་བྲག་པ་དང༌། ཆབ་སྲིད་སྟོབས་ཤུགས་འདྲ་མིན་གྱི་མངོན་འདོད་མི་སླེབས་རྒྱུ་ཧ་ཅང་གལ་ཆེ་ལ། ཁྱད་པར་དུ་ཁྲིམས་ཀྱི་ཚིག་སྦྱོར་སྤེལ་སྐབས་ལུང་སྐད་བྱེ་བྲག་པ་དང༌། ཚོར་བའི་རང་བཞིན་དང༌། རྒྱན་ཚིག་རང་བཞིན་གྱི་“སྤྱན་རས་གཟིགས་མིའི་ཤ་གཟུགས་སུ་བྱོན་པ། བདེན་པ་ཉིད་རྒྱལ་གྱུར་ཅིག་”ཅེས་པའི་སྐད་ཆ་མི་སླེབས་རྒྱུ་གཙོ་འདོན་བྱེད་དགོས། དེ་བས་ཕྲན་གྱིས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལས་དོན་འདིའི་ནང༌། ཆོས་ལུགས་དབང་ཤུགས་དང༌། ཆབ་སྲིད་ཕྱོགས་གཏོགས་ཀྱི་རྒྱབ་ལྗོངས་ཅན་གྱི་མི་སྣ་ཉུང་ཙམ་དང༌། ཆེད་ལས་རང་བཞིན་དང༌། ཀུན་སྙོམས་རང་བཞིན་གྱི་ངོ་བོ་འབུར་དུ་ཐོན་ཐུབ་པའི་རེ་བའང་བྱེད་ཀྱི་ཡོད། དེ་ལྟར་བྱས་ན་ྋརྒྱལ་དབང་ཐམས་ཅད་མཁྱེན་པའི་ཐུགས་དགོངས་འགྲུབ་ཐུབ་ལ། བོད་མི་རིགས་ཀྱི་འཕྲལ་ཕུགས་ཀུན་ལ་དགེ་བའི་རྒྱུ་རུའང་འགྱུར་སྲིད།།
ཕྱི་ལོ་༢༠༡༡ཟླ་༥ཆེས་༡༧ཉིན།རྡ་རམ་ས་ལ་ནས།

{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།