བཙན་བྱོལ་བོད་གཞུང་ཞེས་པ་སྒྱུར་དགོས་དོན་མི་འདུག
དྲི་བ། ༧གོང་ས་མཆོག་བགྲེས་ཡོལ་དང་བཅའ་ཁྲིམས་བསྐྱར་བཅོས་སྐོར་ལ་གཞུང་མང་ཚོགས་ཆེན་འཚོགས་པ་རེད། སྐུ་ཉིད་ཀྱིས་གཙོ་བོ་སྒྱུར་བཅོས་ག་འདྲ་ཞིག་དགོས་པ་རེད་དགོངས་ཀྱི་ཡོད།
བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་ལན། ༧སྐྱབས་མགོན་རིན་པོ་ཆེས་བཙན་བྱོལ་གཞུང་གི་ཆབ་སྲིད་ཀྱི་ལས་འགན་བཞེས་རྒྱུ་མིན། དགའ་ལྡན་ཕོ་བྲང་གི་ལས་འགན་དེ་ཚར་པ་རེད་གསུངས་པ་རེད་མོད། མི་མང་གིས་དེར་དགའ་བསུ་ཞུས་ཡོད་པ་མ་རེད། ཡིན་ནའང་༧སྐྱབས་མགོན་རིན་པོ་ཆེས་བསྐྱར་དུ་ང་རང་གིས་ཐག་བཅད་པ་ཡིན་ཞེས་གསལ་པོ་གསུངས་པ་རེད། ང་རང་གི་བསམ་ཚུལ་ལ་དེ་བཅའ་ཁྲིམས་འགྱུར་བ་གཏོང་རྒྱུ་དང་ཆབ་སྲིད་ཀྱི་གནས་ཚུལ་ཞིག་བྱུང་བ་གཅིག་པུ་མ་རེད། བོད་ཀྱི་ལོ་རྒྱུས་དང་འབྲེལ་བ་ཡོད་པ་ཞིག་ཆགས་པ་རེད། ༧ཏཱ་ལའི་བླ་མ་དང་བོད་མི་མང་གི་འབྲེལ་བ་དེ་ལོ་བཞི་བརྒྱ་ཞིག་དང་། འགའ་ལྡན་ཕོ་བྲང་ལོ་སུམ་བརྒྱ་ལྔ་བཅུ་ཙམ་རེད། དེར་རྒྱལ་རབས་ལོ་རྒྱུས་ཀྱི་འབྲེལ་བ་དང་། ཁྲིམས་མཐུན་གྱི་འབྲེལ་བ། ཆོས་སྲིད་གཉིས་ཀྱི་འབྲེལ་བ་ཡོད་པ་རེད། དེ་ཚང་མ་མཚམས་འཇོག་རྒྱུའི་དུས་ཚོད་ཅིག་སླེབས་སྐབས། བོད་མི་མང་དང་གཞུང་། སྒྲིག་འཛུགས་ཚང་མས་གནས་ཚད་དེ་ཡག་པོ་རྟོགས་ནས། གནད་འགག་ལ་བརྩིས་ཏེ། རིམ་པས་ལས་ཀ་དེ་ག་འདྲ་མཇུག་བསྡོམས་བྱེད་དགོས་མིན། ད་ལྟ་བར་དུ་༧སྐྱབས་མགོན་རིན་པོ་ཆེ་བོད་གཞུང་མང་གཉིས་ཀྱི་དབུ་ལ་བཞུགས་ནས་གྲུབ་འབྲས་དང་ཕན་ཐོགས་ག་རེ་བྱུང་ཡོད་མེད་དེ་ཚོར་མང་ཚོགས་ནས་ངོས་ལེན་དང་ཤེས་རྟོགས་ཆ་ཚང་ཡག་པོ་བྱུང་བ་དང་། རིམ་པས་དུས་ཡུན་ལོ་གཅིག་གཉིས་རིང་། མཇུག་བསྡོམས་དེ་ཡག་པོ་ཞིག་རྒྱག་དགོས་པ་རེད། ལས་ཀ་དེ་རྒྱལ་རབས་དང་ལོ་རྒྱུས་ནང་འཁོད་དགོས་པ་ཞིག་རེད། རྗེས་མ་ལོ་བརྒྱ་ཉིས་བརྒྱའི་རྗེས་སུ་དགའ་ལྡན་ཕོ་བྲང་མཇུག་ག་འདྲ་རྫོགས་པ་རེད་ཟེར་ནས་ཡིག་ཆ་སྔོག་སྐབས། ༧རྒྱལ་བ་རིན་པོ་ཆེས་ངས་བྱེད་རྒྱུ་མིན་གསུངས་པ་དང་། མི་མང་གིས་ཀྱང་འགྲིག་གི་རེད་ཞུས་པ་ལྟ་བུ་ལས་མེད་ན། ཐབས་སྐྱོ་པོ་རེད། དུས་ཚོད་ལོ་གཅིག་ཡིན་ནའང་རེད། ག་རེ་ཡིན་ནའང་མི་མང་ནང་བགྲོ་གླེང་བྱུང་བ། དགའ་ལྡན་ཕོ་བྲང་གི་གནས་སྟངས་ཚང་མས་ཤེས་པ་དང་གུས་བརྩི་ཡོད་པ། དེ་རྗེས་བཅའ་ཁྲིམས་བསྐྱར་བཅོས་སོགས་ཀྱི་ལས་འགུལ་སྤེལ་དགོས་བྱུང་བ་སོགས་ཀྱིས་མཇུག་བསྒྲིལ་བ་དང་། གསར་པར་སླེབས་པ་རེད་ཅེས་པའི་ལོ་རྒྱུས་དགོས་པ་རེད་བསམ་གྱི་འདུག ད་ཐེངས་ག་ཚོད་གཏིང་ཟབ་པོ་དང་བྲེལ་བ་མེད་པ་བྱེད་དགོས་པ་རེད་བསམ་གྱི་འདུག
དྲི་བ། བཙན་བྱོལ་བོད་གཞུང་ཞེས་པ་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཟེར་བ་དང། རྒྱལ་ཁབ་ཅེས་པ་མི་རིགས་ཞེས་པར་སྒྱུར་རྒྱུའི་འཆར་གཞི་འདུག དེའི་ཐོག་དགོངས་ཚུལ་ག་རེ་ཡོད།
ལན། དེའི་སྐོར་ཚོགས་ཆུང་ནང་དུ་ཡང་གླེང་སློང་ཤུགས་ཆེན་འདུག ང་རང་ཡིན་ནའང་དེ་བརྗེ་པོ་བརྒྱབ་ན་འགྲིག་གི་མ་རེད་བསམ་གྱི་འདུག བརྗེ་པོ་རྒྱག་དགོས་པ་རེད་གསུང་མཁན་ཚོར་རྒྱ་ནག་གཞུང་དང་རྒྱ་གར་གཞུང་གིས་ཅིག་བཤད་ཀྱི་ཡོད་སྐོར་གྱི་འགྲེལ་བཤད་ཡོད་པ་རེད། ཁོང་ཚོས་ག་རེ་ལ་བརྩི་མིན་ཁོ་རང་ཚོའི་ལས་འགན་རེད། ང་ཚོའི་ལས་འགན་དེ་སོ་སོའི་གཞུང་ཡིན་བསམ་ན་སོ་སོས་གཞུང་ཡིན་ཟེར་དགོས་པ་དང་། སོ་སོའི་ལུང་པ་ཡིན་ན་སོ་སོའི་ལུང་པ་རེད་ཅེས་བཤད་དགོས་པ་རེད་བསམ་གྱི་འདུག
དྲི་བ། བོད་ཡིག་ཐོག་བཙན་བྱོལ་བོད་གཞུང་ཞེས་བྲིས་ཡོད་པ་ལས། སྔོན་མ་ནས་དབྱིན་ཡིག་ཐོག་བྲིས་ཡོད་པ་མ་རེད། བོད་ཡིག་གཅིག་པུའི་ཐོག་བཙན་བྱོལ་བོད་གཞུང་ཞེས་བྲིས་པ་ལ་ནུས་པ་ག་ཚོད་ཡོད་ཀྱི་རེད།
ལན། ང་ཚོས་ཡིག་ཆ་ཚང་མ་གཙོ་བོ་བོད་ཡིག་འཇོག་དགོས་པ་རེད། བོད་ཡིག་ཐོག་གཙོ་བོ་ནོར་འཁྲུལ་མེད་པ་འབྲི་དགོས་པ་རེད། དབྱིན་ཡིག་ཐོག་སྔོན་མ་ནས་དབུས་བོད་མིའི་བོད་འཛིན་སྐྱོང་ཞེས་པ་བེད་སྤྱོད་གཏོང་གི་ཡོད་པ་རེད་མོད། ཕྱིའི་གཞུང་དང་ཚོགས་པ་ཁག གསར་འགོད་པ་ཚོས་བཙན་བྱོལ་བོད་གཞུང་ཞེས་བེད་སྤྱོད་བྱེད་རྒྱུ་ཡོད་པ་རེད། ཁོང་ཚོས་བེད་སྤྱོད་གཏོང་གི་ཡོད་ན། ང་རང་ཚོས་དགག་པ་རྒྱག་དགོས་དོན་མི་འདུག ང་ཚོར་དངོས་གནས་དཀའ་ངལ་ཞིག་འཕྲད་ནས། དགག་དགོས་བྱུང་ན། དེའི་མུ་མཐུད་ཨུ་ཚུགས་རྒྱག་དགོས་ཀྱི་འདུག་གམ། བརྗེ་པོ་བརྒྱབ་ན་ཁེ་ཕན་ཆེ་བ་འདུག དེའི་སྐབས་ལྟ་དགོས་པ་རེད། ང་རང་གིས་བལྟས་ན་དཀའ་ངལ་ཅང་མི་འདུག དཀའ་ངལ་མེད་ན་ག་རེ་བྱས་ནས་བརྗེ་པོ་རྒྱག་དགོས་པ་རེད།
དྲི་བ། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་དེ་མི་མང་གིས་འོས་འདེམས་བྱས་པའི་མགོ་ཁྲིད་ཀྱིས་ཁུར་དགོས་པ་རེད་གསུངས་པ་དང་། ད་ལྟ་ཚོགས་ཞུགས་པ་རེ་ཟུང་གིས་བཀའ་བློན་ཁྲི་པའི་ཐོག་མི་རིགས་ཀྱི་འགན་འཛིན་ཞེས་པ་ལྟ་བུའི་འགོ་ཁྲིད་ཅིག་བསྐོ་བཞག་དགོས་སྐོར་གསུང་མཁན་འདུག དེའི་ཐོག་དགོངས་ཚུལ་ག་རེ་ཡོད།
ལན། དེ་བགྲོ་གླེང་གཉིས་པ་དེ་རེད། ད་སྔ་བར་དུ་དགའ་ལྡན་ཕོ་བྲང་གི་རྒྱབ་ཁབ་དང་གཞུང་གཉིས་ཀའི་དབུ་ཁྲིད་ཡིན་ཟེར་གྱི་ཡོད་པ་རེད། ༧རྒྱབ་རིན་པོ་ཆེ་མེད་སྐབས། རྒྱལ་ཁབ་ཀྱི་དབུ་ཁྲིད་ཡོད་པ་མ་རེད། གཞུང་གི་དབུ་ཁྲིད་མི་མང་གིས་བཀའ་བློན་ཁྲི་པ་ཞིག་བདམས་པ་རེད། ང་ཚོ་མང་གཙོ་ཆ་ཚང་གི་སྒྲིག་འཛུགས་ནང་འགྲོ་ཡི་ཡིན་ཟེར་གྱི་ཡོད་པས། ཆ་རྐྱེན་ག་རེ་དགོས་ཀྱི་འདུག་ལྟ་དགོས་པ་རེད། མང་གཙོའི་ལམ་སྲོལ་འདྲ་མིན་རེད། དབྱིན་ཡུལ་ལྟ་བུ་ཡིན་རྒྱལ་ཁབ་ཀྱི་དབུ་ལ་རྒྱལ་པོ་དང་བཙུན་མོ། དེ་ནས་གྲོས་ཚོགས་ནས་བདམས་པའི་སྲིད་བློན་ཡོད་པ་རེད། ཡང་གྲོས་ཚོགས་ནས་བདམས་པའི་སྲིད་བློན་དང་གྲོས་ཚོགས་དང་མངའ་སྡེ་ཁག་གི་གྲོས་ཚོགས་ནས་བདམས་པའི་སྲིད་འཛིན་ཡོད་པ་རེད། ལམ་སྲོལ་འདྲ་མིན་རེད་མོད། རྒྱལ་ཁབ་ཟེར་ནའང་རེད། སྤྱི་ཚོགས་ཀྱི་དབང་ཆ་སྡེ་ཚན་གཅིག་གིས་ཉར་ན་ཡག་པོ་ཡོད་པ་མ་རེད། སྡེ་ཚན་གཉིས་གསུམ་ལ་བགོ་འགྲེམས་བྱས་ཏེ། རྒྱལ་ཁབ་ཀྱི་དབུ་ཁྲིད། གཞུང་གི་འཛིན་སྐྱོང། གྲོས་ཚོགས་ཀྱི་སྤྱི་ཁྱབ་ཟེར་བ་ལྟ་བུའི་བགོ་བཤའ་བརྒྱབ་ཡོད་པས། དེར་བསམ་བློ་གཏོང་དགོས་པ་རེད།
དྲི་བ། ད་ལྟ་དཀའ་ངལ་གཅིག་དེ་དམིགས་བསལ་སྐུ་ཚབ་དང་། རྒྱལ་ཁབ་ཁག་གི་ནང་གཞུང་གི་དོན་གཅོད་ཁག་༧སྐྱབས་མགོན་རིན་པོ་ཆེའི་མཚན་ཐོག་ཏུ་མེད་ན། དཀའ་ངལ་ཡོད་ཚོད་འདུག་པས། དེའི་ཐོག་ལམ་ཁ་གཞན་ཡོད་པ་རེད་དམ།
ལན། ༧སྐྱབས་མགོན་རིན་པོ་ཆེའི་མཚན་ཐོག་མིན་ནའང་ལས་ཀ་བྱེད་ཐུབ་ཀྱི་རེད། ཡིན་ཡང་༧སྐྱབས་མགོན་རིན་པོ་ཆེའི་མཚན་མེད་དུས་ནུས་པ་ཆུང་གི་རེད། ལས་ཀ་བྱེད་མ་ཆོག་པ་ཡོད་པ་མ་རེད། བཙན་བྱོལ་བོད་གཞུང་གི་སྐུ་ཚབ་ཡིན་ན་བྱས་ཆོག་གི་རེད། ལུང་པ་ཁ་ཤས་ནང་འཛུགས་མ་ཆོག་པ་ཡོད་སྲིད་ཀྱི་རེད་མོད། ལུང་པ་མང་པོར་ཁྲིམས་མཐུན་བྱས་ནས། ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་པའི་སྒྲིག་འཛུགས་ཀྱི་ཚབ་ཡིན་བཤད་ན་འཛུགས་མ་ཆོག་པ་ཡོད་པ་མ་རེད་བསམ་གྱི་འདུག མང་གཙོའི་སྤྱི་ཚོགས་ནང་ཚོགས་པ་ཡིན་ནའང་རེད། སློབ་གྲྭ་དང་། ཚོང་གི་གི་སྡེ་ཚན། ཆོས་ཚོགས། ཤེས་རིག་གི་སྡེ་ཚན་སོགས་གང་སར་འཛུགས་ཆོག་གི་རེད། བྱུང་ན་གཞུང་འགྲེལ་དང་དེ་མིན་སྤྱི་ཚོགས་ཀྱི་སྒྲིག་འཛུགས་ཐོག་ནས་འཛུགས་མ་ཆོག་པ་ཡོད་པ་མ་རེད།
དྲི་བ། ༧གོང་ས་མཆོག་བགྲེས་ཡོལ་དང་བཅའ་ཁྲིམས་བསྐྱར་བཅོས་སྐོར་ལ་གཞུང་མང་ཚོགས་ཆེན་འཚོགས་པ་རེད། སྐུ་ཉིད་ཀྱིས་གཙོ་བོ་བསྒྱུར་བཅོས་ག་འདྲ་ཞིག་དགོས་པ་རེད་དགོངས་ཀྱི་ཡོད།
སློབ་དཔོན་ཆེན་མོ་རྒྱ་རི་པདྨ་རྒྱལ་པོ་ལགས་ཀྱི་ལན། དང་པོ་དེར་མི་མང་གིས་འཐུས་མི་བདམས་ནས་དེར་གང་འཚམས་ཀྱི་དབང་ཆ་ཞིག་སྤྲད་ཡོད་པ་རེད། འཐུས་མིས་ཚོགས་ཆུང་བཙུགས་ནས། དེས་ཞིབ་འཇུག་གིས་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་བཀོད་པ་དེར་གཞིར་བཟུང་བྱས་ཏེ། ལས་ཀ་བྱེད་རྒྱུ་ལས་ལྷག་མི་འདུག་བསམ་གྱི་འདུག དེ་མིན་ཚང་མས་བསམ་ཚུལ་བཤད་ནས་གསར་པ་ཞིག་སླེབས་ན། ཡང་འཚོགས་འདུ་གསར་པ་ཞིག་འཚོག་དགོས་མདོག་ཁ་པོ་རེད། ཚོགས་ཆུང་གི་ཟིན་བྲིས་ལ་རྒྱབ་སྐྱོར་དང་ཡར་རྒྱས་གཏོང་བ་ལས་ཞེ་དྲག་ལྷག་མེད་པ་ལྟ་བུ་མཐོང་གི་འདུག དེ་ནས་མི་མང་གིས་དབུ་ཁྲིད་ཟེར་ན། རྒྱལ་པོ་ཟེར་ན་རེད། ཡོད་ན་མེད་ན་དེ་༧རྒྱལ་བ་རིན་པོ་ཆེ་ཡིན་པས། དེ་འབོད་སྐུལ་ཞུ་དགོས་ནའང་རེད། ག་རེ་བྱེད་དགོས་ནའང་བྱེད་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག གཉིས་པ་དེ། ང་ཚོས་བཙན་བྱོལ་གཞུང་གསུངས་ནའང་འདྲ། བོད་གཞུང་གསུངས་ནའང་འདྲ། གང་ལྟར་རྩ་དོན་བརླག་རྒྱུ་ཡོད་པ་མ་རེད། རྩ་དོན་བརླག་སོང་ན་ང་ཚོ་འདིར་གནས་དགོས་པའི་རྒྱུ་མཚན་བརླག་པ་རེད། དེ་ཚོ་གཙང་མ་དང་ང་ཚོས་རྒྱབ་སྐྱོར་ཡོད་པ་སྟོན་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག
དྲི་བ། བཙན་བྱོལ་བོད་གཞུང་ཞེས་པ་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཟེར་བ་དང། རྒྱལ་ཁབ་ཅེས་པ་མི་རིགས་ཞེས་པར་སྒྱུར་རྒྱུའི་འཆར་གཞི་འདུག དེའི་ཐོག་དགོངས་ཚུལ་ག་རེ་ཡོད།
ལན། གཞུང་ཟེར་བའི་ཚིག་དེ་བརླག་རྒྱུ་ཡོད་པ་མ་རེད། བཙན་བྱོལ་གཞུང་ཟེར་ན་འགྲིག་པ་རེད། རྒྱལ་ཁབ་གཞན་གྱིས་ངོས་འཛིན་བྱས་མིན་ལ་ཁྱད་པར་མི་འདུག བཙན་བྱོལ་བོད་མིའི་གཞུང་ཟེར་ན་དེ་ནོར་གྱི་མེད་འགྲོ་བསམ་གྱི་འདུག བཙན་བྱོལ་བོད་མི་གཅིག་པུའི་གཞུང་མ་རེད།
དྲི་བ། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་དེ་མི་མང་གིས་འོས་འདེམས་བྱས་པའི་མགོ་ཁྲིད་ཀྱིས་ཁུར་དགོས་པ་རེད་གསུངས་པ་དང་། ད་ལྟ་ཚོགས་ཞུགས་པ་རེ་ཟུང་གིས་བཀའ་བློན་ཁྲི་པའི་ཐོག་མི་རིགས་ཀྱི་འགན་འཛིན་ཞེས་པ་ལྟ་བུའི་འགོ་ཁྲིད་ཅིག་བསྐོ་བཞག་དགོས་སྐོར་གསུང་མཁན་འདུག དེའི་ཐོག་དགོངས་ཚུལ་ག་རེ་ཡོད།
དེ་ཚོ་དང་པོ་ནས་རྩ་ཁྲིསམ་བཟོ་སྐབས། ཁང་པ་རྒྱག་ནའང་དང་པོ་ཐིག་བརྒྱབ། ས་བརྟན་པོ་བཟོ་དགོས་པ་རེད། ང་ཚོས་ཀྱང་རྩ་ཁྲིམས་ཀྱི་དགོས་མཁོ་དང་ཕུགས་རྒྱང་ཚང་མ་ལ་རག་ལས་ཀྱི་རེད། ད་ཐེངས་༧རྒྱལ་བ་རིན་པོ་ཆེས་སྲིད་ཀྱི་སྐུ་དབང་བཞེས་རྒྱུ་མིན་གསུངས་ནས། ང་ཚོས་དེའི་ཐོག་ག་རེ་བྱེད་ཀྱི་འདུག སྐད་ཆ་བཤད་རྒྱུ་ལས། རྩ་ཁྲིམས་ཀྱི་སྐོར་ལ་དང་པོ་ཐིག་རྒྱག་སྟངས་ནས་འགོ་འཛུགས་དགོས་པ་རེད། ད་ལྟ་ཛ་དྲག་བྱས་ཏེ་སླེབས་པ་ཡིན་པས། དུས་ཚོད་ཞེ་དྲག་མེད་པ་དང་། སྤྱི་འཐུས་ཀྱི་ཚོགས་ཆུང་ནས་གྲ་སྒྲིག་བྱས་པ་ཡིན་པས། ཞེ་དྲག་བཤད་ནའང་ཕན་ཐོགས་མེད་པ་ལྟ་བུ་ཆགས་ཀྱི་འདུག
དྲི་བ། ད་ལྟ་དཀའ་ངལ་གཅིག་དེ་དམིགས་བསལ་སྐུ་ཚབ་དང་། རྒྱལ་ཁབ་ཁག་གི་ནང་གཞུང་གི་དོན་གཅོད་ཁག་༧སྐྱབས་མགོན་རིན་པོ་ཆེའི་མཚན་ཐོག་ཏུ་མེད་ན། དཀའ་ངལ་ཡོད་ཚོད་འདུག་པས། དེའི་ཐོག་ལམ་ཁ་གཞན་ཡོད་པ་རེད་དམ།
ལན། དེ་ང་ཚོའི་གཞུང་དེ་ག་འདྲ་ལ་ཟེར་གྱི་ཡོད་མེད་རེད། ད་ལྟ་བར་དུ་རྒྱལ་ཁབ་ལ་ངོས་འཛིན་བྱས་པ་ནང་བཞིན་བཙན་བྱོལ་དོན་གཅོད་གཅིག་ཀྱང་ཨེ་ཡོད། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཡིན་པར་ངོས་འཛིན་གྱིས་ད་ལྟ་གཞིར་བཟུང་བྱས་ན། ང་ཚོའི་སྡུག་བསྔལ་ཡིན་ནའང་རེད། རྩ་དོན་ཡིན་ནའང་འབོད་སྐུལ་དང་དེར་རྒྱབ་སྐྱོར་ཡོང་རྒྱུར་ཐབས་ཤེས་བྱེད་རྒྱུ་དེ་རེད། མ་འོངས་པར་ག་འདྲ་དགོས་མིན་ཐག་གཅོད་ཡོང་རྒྱུ་རེད།།
{jcomments on}