རྒྱལ་ཡོངས་ཚོགས་ཆེན་གྱི་གཡས་གཡོན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་༢༣༤

བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་དེ་འཚོགས་པ་དང། ཚོགས་ཆེན་དེའི་ཚོགས་མི་རྣམས་ཚོགས་ཆུང་བཅུ་རུ་ཆ་བགོས་བྱས་ནས་འཚོགས་ཡོད་པ་རེད། ཚོགས་འདུ་འདིར་ཚོགས་ཞུགས་པ་གྲངས་༤༡༨ ཙམ་ཡོད་པ་དང། ཚོགས་ཞུགས་པ་གང་མང་ཞིག་འཛམ་གླིང་གི་ས་གནས་གང་ས་ནས་སླེབས་ཡོད་པ་རེད། ཚོགས་འདུ་དེ་ནི་སྔར་ལས་གལ་ཆེ་བ་མ་ཟད། བོད་ཀྱི་ལོ་རྒྱུས་ཀྱི་དཀྱོགས་མཚམས་གལ་ཆེན་ཞིག་ཏུ་གྱུར་ཡོད་སྟབས། ཕྱོགས་ངོས་གང་ནས་བལྟས་ཀྱང་དོ་སྣང་ནམ་རྒྱུན་དང་མི་འདྲ་བ་བྱུང་སོང།

ཚོགས་ཆེན་འདིའི་ཐོག་ནས་ཤེས་ཐུབ་པ་ནི་བཙན་བྱོལ་བོད་མི་རྣམས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་དང་དགའ་ཞེན་ཙམ་མ་ཡིན་པར། ཡིད་ཆེས་དང་བློ་གཏད་ཆེན་པོ་ཡོད་པ་མངོན་གསལ་དུ་གྱུར་སོང་བ་དང།  བོད་མི་རྣམས་མང་གཙོ་ལ་དགའ་ཞེན་མེད་པ་མིན་ཡང་༧གོང་ས་མཆོག་གི་དབུ་ཁྲིད་ལ་དེ་བས་དགའ་ཞེན་དང་མོས་པ་ཆེ་བ་ཡོད་པ་ནི་ཁ་མིན་དོན་གྱིས་ཡིན་པ་གསལ་པོ་རེད་སྙམ། གནས་སྟངས་འདི་དག་གི་ཐོག་ནས་བལྟས་ནས་བཙན་བྱོལ་བོད་མི་རྣམས་ལ་ཡ་རབས་བཟང་སྤྱོད་ཅེས་པའི་བོད་པའི་ཐུན་མོང་མ་ཡིན་པའི་རིག་གནས་རླབས་ཆེན་དེ་རྒྱུན་འཛིན་བྱས་ཡོད་པའང་གསལ་མཚོན་ཐུབ་འདུག་ཅེས་བཤད་ཆོག་པ་ཞིག་ཏུ་གྱུར་སོང་བ་མིན་ནམ་སྙམ།

ཚོགས་ཆུང་བཅུ་ཡོད་པ་ཚང་མའི་ནང་ནས་བཙན་བྱོལ་བོད་གཞུང་ཞེས་པའི་མིང་བྱང་ལ་འགྱུར་བ་གཏོང་རྒྱུ་མིན་པའི་བསམ་ཚུལ་བྱུང་ཡོད་པ་དང། ཚོགས་ཆུང་གཅིག་གི་ནང་དུ་མང་མོས་ཕལ་བ་ཙམ་གྱིས་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་པར་རྒྱབ་སྐྱོར་ཐོབ་ཡོད་ལ། ཚོགས་ཆེན་ཐོག་སྤྱི་མོས་ཀྱིས་བཙན་བྱོལ་བོད་གཞུང་ཞེས་རང་འཇགས་དགོས་པའི་ཐག་གཅོད་བྱུང་ཡོད་པ་རེད། དེ་བཞིན་རྒྱལ་ཁབ་ཅེས་པ་མི་རིགས་སུ་བསྒྱུར་རྒྱུའི་ཐོག་ལའང་ཚོགས་ཆུང་ཚང་མའི་ནང་མོས་མཐུན་མེད་པའི་རྒྱབ་གཉེར་གནང་ཡོད་པ་རེད། གནད་དོན་འདི་དག་གི་ཐོག་ནས་ཤེས་ཐུབ་པ་ནི་བོད་མི་རྣམས་ཀྱི་སེམས་ནང་གི་མངོན་འདོད་དང་རེ་བ་མཚོན་ཡོད་ལ། མངོན་འདོད་འདི་དག་གཞིས་བྱེས་བོད་མི་ཡོངས་ཀྱི་གཅིག་གྱུར་གྱི་འབོད་སྒྲ་རེད་ཅེས་བཤད་ཀྱང་མི་ཆོག་པ་མེད།

ཚོགས་ཆུང་རེ་ཟུང་ནང་བོད་པའི་སྤྱི་ཚོགས་ནང་དྲ་རྒྱ་སོགས་སུ་༧གོང་ས་མཆོག་ལ་མཚན་སྨོད་སྐུར་འདེབས་བྱེད་མཁན་ཡོང་གི་ཡོད་པ་དང། དེ་ལ་གཞུང་ཕྱོགས་ནས་ཁ་གཏད་གདོང་ལེན་བྱེད་དགོས་པའི་སྐོར་བགྲོ་གླེང་བྱུང་ཡོད་པ་མ་ཟད། དགེ་འདུན་པ་གྲྭ་པ་རེ་གཉིས་ཤིག་གིས་གང་ཟག་རེ་ཟུང་གིས་མཚན་འདོན་བྱས་ནས་དེ་དག་ལ་གཞུང་ངོས་ནས་ཁ་གཏད་གདོང་ལེན་བྱེད་དགོས་པ་དང། ལྷག་པར་མི་རེ་ཟུང་གིས་དེ་དག་གིས་བསམ་ཚུལ་ལ་སྣང་མེད་བྱས་ན་ལེགས་པའི་བསམ་ཚུལ་ལ་མཐའ་གཅིག་ཏུ་ངོ་རྒོལ་གྱིས་བསྟན་པ་དགྲ་སྡང་ན་ཆོས་གོས་སྐེད་ལ་བསྡམས་ནས་འཛིང་རྒྱུ་ཡིན་ཞེས་ཤུགས་ཆེ་བརྗོད་མཁན་བྱུང་ཡོད་པ་སོགས། མང་གཙོའི་སྤྱི་ཚོགས་ཀྱི་གོམས་གཤིས་མ་འཇགས་པའི་རང་གཤིས་ཀྱང་གསལ་རྗེན་དུ་མཐོང་རྒྱུ་ཡོད་པ་རེད།

རང་དང་བསམ་ཚུལ་མི་གཅིག་མཁན་རྣམས་ལ་བགྲོ་གླེང་བྱེད་དགོས་པ་དང་དགག་པ་རྒྱག་དགོས་པ་མང་གཙོའི་སྤྱི་ཚོགས་ཀྱི་འགྲོ་སྟངས་ཤིག་ཡིན་མོད། ཉེས་རྡུང་གཏོང་རྒྱུ་ཡིན་སྐོར་ཚོགས་ཐོག་ནས་བརྗོད་པ་དེ་ལ་བརྟེན་ནས་རང་བཞིན་གྱིས་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་མང་གཙོའི་གོ་རྟོགས་གསལ་སྟོན་བྱས་པ་ཞིག་ཏུ་གྱུར་ཡོད། ད་དུང་ང་ཚོའི་སྤྱི་ཚོགས་ནང་བསམ་ཚུལ་ཤོད་མཁན་ལ་རག་ལས་པ་ལས་བསམ་ཚུལ་ཡག་སྡུག་ལ་མི་ལྟ་བ་ནི་ཕྱོགས་གཅིག་ནས་ལྟ་རྒྱ་མཐོང་རྒྱ་ཆུང་བ་དང། ཕྱོགས་གཅིག་ནས་དད་པ་དང་སེམས་ཤུགས་ཆེ་མདོག་གིས་གཞན་ལ་རྒོལ་རྡུང་གཏོང་རྒྱུ་ཡིན་པའི་བཟོ་ལྟ་བསྟན་ན་རང་ཉིད་ལ་ཆེ་མཐོང་འཐོབ་རྒྱུའི་རེ་བ་བཟུང་མེད་ཅེས་བཤད་ཚོད་ཐིག་དཀའ་བ་ཞིག་རེད།

ད་དུང་ཚོགས་ཆེན་དེའི་གཡས་གཡོན་ཀུན་ཏུ་རང་ཉིད་ཀྱེ་ཁེ་ཕན་བྱེ་བྲག་པ་ཆུང་ངུ་རེའི་ཆེད་དུ་རྩོད་པ་རྒྱག་མཁན་དང།  ན་ཟུག་རྙིང་པ་རེ་ཟུང་ལ་བརྟེན་ནས་སྒེར་གྱི་འཁོན་འཛིན་སྤྱི་ཚོགས་ལ་སྤུངས་པའི་ཐབས་ཤེས་བྱེད་མཁན་ཡང་རེ་ཟུང་བྱུང་ཡོད་ཚོད་འདུག་མོད། མདོར་བསྡུས་ན་ཚོགས་ཆེན་དེ་ནི་སྤྱི་ཡོངས་ནས་དོན་དང་ལྡན་པ་ཞིག་ཏུ་གྱུར་སོང་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཅའ་ཁྲིམས་དོན་ཚན་དང་པོའི་ཚིག་དོན་རྣམས་ཞལ་བཞེས་གནང་བ་ནི། བོད་མི་ཡོངས་ཀྱི་རེ་འདུན་དང་མཐུན་པ་ཞིག་བྱུང་སོང་བ་ནི་ཚོགས་ཆེན་འདིའི་གྲུབ་འབྲས་དང་རྒྱལ་ཁ་ཆེ་ཤོས་སུ་གྱུར་ཡོད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།