མཚན་གནས་བརྗེ་སྒྱུར་ཙམ་གྱིས་བརྟན་ལྷིང་ངང་རྒྱུན་གནས་ཐུབ་བམ།

བསྟན་འཛིན་དགའ་བ།

གནད་དོན་གང་ཞིག་གླེང་སློང་མ་བྱས་གོང་ཕྱོགས་ཡོངས་ཀྱི་གནད་དོན་ལ་རྒྱུས་ལོན་གཏིང་ཟབ་བྱ་དགོས་པ་ནི་སྤྱི་ཚོགས་དཔྱད་བརྗོད་པ་ཞིག་ལ་མཚོན་ན་ནམ་ཡང་མཉམ་འཇོག་བྱ་དགོས་པའི་དོན་གནད་ཅིག་རེད།

གང་ལགས་ཤེ་ན། རྒྱུན་པར་མིའི་སྤྱི་ཚོགས་ནང་བྱུང་དང་འབྱུང་བཞིན་པའི་དོན་རྐྱེན་གང་ཞིག་ཡིན་རུང་རྟེན་འབྲེལ་ལྟོས་གྲུབ་ཀྱི་འབྲེལ་བའི་རང་བཞིན་ལས་མ་འདས་པའི་ཆོས་ཉིད་དེས། ཕྱོགས་གཅིག་རྐྱང་པའི་ཐོག་ནས་གནད་དོན་ལ་སྡོམ་ཚིག་རྒྱག་མི་རུང་བ་ར་སྤྲོད་བྱས་ཡོད།

དེ་བས་ན་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་ཤེས་རྟོགས་རྒྱུས་ལོན་ཐུབ་པའི་ཐོག་ནས་ད་གཟོད་བོད་གཞུང་ཞེས་པའི་མཚན་གནས་བརྗེ་སྒྱུར་གྱི་གནས་བབ་ལ་བལྟས་ན།   དེ་ནི་དུག་སྦྲུལ་གྱིས་གླ་རྩྭའི་དྲི་ཚོར་བ་ལྟར་བྱ་དགོས་པའི་དོན་རྐྱེན་ཞིག་གཏན་ནས་མ་རེད།      རྒྱུ་མཚན་ཅིའི་ཕྱིར་ཤེ་ན། བོད་གཞུང་ཞེས་པའི་མཚན་གནས་འདི་བཀོལ་སྤྱོད་མི་རུང་བའི་གནོན་ཤུགས་ནི་ལོ་རབས་དྲུག་ཅུ་པའི་འགོ་སྟོད་ནས་ད་ལྟའི་བར་དུ་གནས་ཡོད་པ་ཞིག་ཡིན་པས་རེད་ལ། སྐྱབས་བཅོལ་བ་ཞིག་གི་གནས་བབ་འོག་བློ་ཡུལ་དུ་ཤོང་དཀའ་བའི་དོན་རྐྱེན་གང་ཡང་འཕྲད་སྲིད་པ་ཞིག་ཡིན་པས་ཀྱང་རེད།
དེ་ལྟ་ནའང་གལ་གནད་དུ་ལྟ་ཡུལ་གཙོ་བོ་ནི་མཚན་གནས་ཅི་ཞིག་བཀོལ་སྤྱོད་བྱས་མིན་གྱི་དོན་གནད་དེ་མིན་པར།  ད་ལྟའི་བོད་མིའི་སྒྲིག་འཛུགས་འདིར་ཆོལ་གསུམ་བོད་མི་ཡོངས་ཀྱིས་སྔར་རྒྱུན་བཞིན་རང་གི་ཡང་དག་པའི་སྲིད་གཞུང་ཞིག་ཏུ་ངོས་འཛིན་རྒྱུན་གནས་ཐུབ་དགོས་པ་དེ་རེད། ད་ལྟའི་བོད་མིའི་སྒྲིག་འཛུགས་འདིེར་ཆོལ་གསུམ་བོད་མིས་ཡང་དག་པའི་སྲིད་གཞུང་ཞིག་ཏུ་ངོས་འཛིན་བྱས་ན་སྐྱབས་བཅོལ་བའི་གནས་བབ་ཅིག་གི་འོག་མཚན་གནས་ཅི་ཞིག་བཀོལ་དགོས་བྱུང་རུང་།  ད་ལྟའི་སྒྲིག་འཛུགས་འདི་ཡང་དག་པའི་སྲིད་གཞུང་ཞིག་གི་ངོ་བོར་གྲུབ་ཟིན་པས་མཚན་གནས་གཞན་སྒྱུར་བྱས་པ་ཙམ་ལ་སྐྱོན་དུ་ལྟ་ཅི་ལ་དགོས། དེ་བས་ན་ང་ཚོས་སྐྱབས་བཅོལ་བའི་གནས་བབ་ལ་རྒྱུས་ལོན་ཐུབ་པའི་ཐོག་ནས་མཚན་གནས་ཅི་ཞིག་བཀོལ་མིན་གལ་དུ་མི་འཛིན་པར།    ༸གོང་ས་མཆོག་གིས་“ང་དང་ངའི་བཀའ་ཤག་གང་དུ་ཡོད་ས་དེར། བོད་རྒྱ་ཆེའི་མི་མང་གིས་བོད་གཞུང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་”ཅེས་པའི་རླབས་ཆེན་གྱི་གསུང་འཕྲིན་འདིར་ངེས་ཤེས་ཡང་དག་རྙེད་པའི་ཐོག་ནས་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་མཚམས་འཇོག་གནང་རུང་། ཁོང་གིས་ད་ལྟའི་བར་དུ་ཡང་དག་པར་བསྐྱངས་ཤིང་གནས་པའི་བོད་མིའི་སྒྲིག་འཛུགས་འདིར་ཁ་ཞེ་ངོ་ལྐོག་མེད་པར་རང་གི་ཡང་དག་པའི་སྲིད་གཞུང་ཞིག་ལ་ངོས་འཛིན་གནང་དགོས་པ་ནི་རང་ས་གཞན་ལག་ཏུ་ཤོར་ཟིན་ཞིང་། གཞན་ས་རང་གཡར་དགོས་པའི་མཐའ་ལ་གཏུགས་པའི་ཉག་ཕྲ་བའི་དུས་སྐབས་འདིར་ཆོལ་གསུམ་བོད་མིས་ངེས་པར་དུ་མ་བསྒྲུབས་ན་མི་རུང་བའི་གལ་གནད་ཅིག་རེད།
མཚན་གནས་བརྗེ་སྒྱུར་དགོས་པའི་རྐྱེན་རྩ་འདི་རྒྱ་གར་གཞུང་བརྒྱུད་རྒྱ་ནག་གི་གནོན་ཤུགས་དབང་གིས་ཡིན་ན། ཡང་དག་པའི་སྲིད་གཞུང་འདིའི་མཚན་གནས་༼བོད་མིའི་སྒྲིག་འཛུགས་༽སུ་བསྒྱུར་བ་འདིས་ཕྱིན་ཆད་གནོན་ཤུགས་དེ་དག་ལས་སྲུང་སྐྱོབ་ཐུབ་ཅིང་།  ད་ལྟའི་སྒྲིག་འཛུགས་འདི་བརྟན་ལྷིང་ངང་རྒྱུན་གནས་ཐུབ་བམ།

གནད་དོན་འདིའི་ཐོག་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཐོག་ནས་བལྟས་ན་རང་ཁེ་འགན་སྲུང་ཐུབ་རྒྱུ་ནི་ཕྱི་འབྲེལ་སྲིད་བྱུས་ཀྱི་ཕུགས་དམིགས་སུ་འཛིན་པའི་བྱ་ཐབས་དེས།  རྒྱ་ནག་སྲིད་གཞུང་དེ་རྒྱ་གར་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཁེ་ཕན་འགན་སྲུང་ཐུབ་རྒྱུར་ལྟོས་ཚབས་ཧ་ཅང་ཆེ་བས་ན། རྒྱལ་ཁབ་དེ་དག་ལ་རྒྱ་ནག་སྲིད་གཞུང་གིས་བོད་མིའི་ཐོག་ཅི་ཞིག་བྱ་དགོས་པའི་གནོན་ཤུགས་སྤྲད་རུང་།  དེ་དག་གིས་རང་ཁེ་འགན་སྲུང་ཐུབ་རྒྱུའི་སླད་གཡོལ་ཐབས་མེད་པར་ལག་ཏུ་མ་བསྟར་ཀ་མེད་རེད།

དེ་བས་ན་༼བོད་མིའི་སྒྲིག་འཛུགས་༽ཞེས་མཚན་གནས་བརྗེ་སྒྱུར་བྱས་པ་དེས་ཀྱང་རྒྱ་ནག་གིས་རྒྱ་གར་སོགས་ནུབ་ཕྱོགས་ཡུལ་གྲུ་ཁག་ལ་སྤྲད་པའི་གནོན་ཤུགས་དེ་འགོག་སྲུང་ཐུབ་ཐབས་བྲལ་བ་ཞིག་རེད། དེའི་ཕྱིར་ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བ་དེ་སྲིད་བར་གྱི་འབྱུང་འགྱུར་གྱི་ལོ་ངོ་དེ་དག་ནང་རྒྱ་ནག་གིས་གནོན་ཤུགས་ཅི་རིགས་ཀྱི་སྒོ་ནས་བོད་མིར་དཀའ་ཉེན་སྣ་ཚོགས་བཟོ་སྲིད་པ་ནི་ཉི་ཤར་སྦར་མོས་འགེབས་མ་ཐུབ་པ་ལྟར་རེད། དེའི་ཕྱིར་མཚན་གནས་བརྗེ་སྒྱུར་གྱི་དགོས་དམིགས་ནི་འབྱུང་འགྱུར་གྱི་དཀའ་ཁག་ལ་གདོང་ལེན་ཐུབ་བྱེད་དུ་ཡིན་རུང་།   བྱ་ཐབས་དེས་ཆུ་མ་ཤོར་གོང་གི་རགས་དང་། སྐྱེན་མ་ཤོར་གོང་གི་ཟློག་པ།   ནད་ཐོག་སྨན་དང་། རྣག་ཐོག་གཙག་ཁེལ་ཞེས་པའི་དཔེ་ལྟར་ཡོང་ཐབས་དཀའ་བས། རྒྱ་ནག་གིས་གནོན་ཤུགས་ཅི་རིགས་དང་ཐབས་ཤེས་སྣ་ཚོགས་བརྒྱུད་བོད་མིའི་སྒྲིག་འཛུགས་འདི་གཏོར་བརླག་གཏོང་རྒྱུའི་སྲིད་བྱུས་དག་ལ་གདོང་ལེན་གནད་ལ་འཁེལ་བ་ཞིག་བྱ་དགོས་ན་མཚན་གནས་བརྗེ་སྒྱུར་ཙམ་མིན་པར་ཡུལ་གྱར་བོད་མི་ཡོངས་རྫོགས་རྒྱལ་ཁབ་དེ་དང་དེའི་མི་སེར་བཟོ་དགོས་པ་དེ་རེེད།

རྒྱ་ཕྱོགས་ཀྱི་གནོན་ཤུགས་ལ་གདོང་ལེན་བྱ་ཕྱོགས་ཀྱི་གནད་དོན་འདི་ཚོའི་སྐོར་ནི་ངས་བྲིས་པའི་༼འབྱུང་འགྱུར་གྱི་མི་ལོ་ལྔ་བཅུ་༽ཞེས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་དེའི་ནང་དུའང་གསལ་བཀོད་ནན་བརྗོད་བྱས་ཡོད་པས་འདིར་སླར་ཡང་འགྲེལ་བརྗོད་ཀྱི་དགོས་པ་ཆེར་མ་མཐོང་ཡང་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་བརྗོད་ན།

ཡུལ་གྱར་བོད་མི་ཡོངས་རྫོགས་རྒྱབ་ཁབ་དེ་དང་དེའི་མི་སེར་ལག་འཁྱེར་བཟོས་པ་དེས་གཅིག་ནས་ང་ཚོའི་འཚོ་གནས་སྲ་བརྟན་གཏོང་ཐུབ་པ་དང་།   འཚོ་གནས་སྲ་བརྟན་གཏོང་ཐུབ་པ་དེས་འཐབ་རྩོད་ཀྱི་ངོ་བོ་རྒྱུན་གནས་སྲུང་སྐྱོབ་ཐུབ་རྒྱུར་ཁེ་ཕན་བླ་ལྷག་ཏུ་ལྡན་པ་མ་ཟད། ས་གནས་ཡུལ་མིའི་མཐོང་ཆུང་དང་ཁྱད་གསོད་ཀྱི་དཀའ་ངལ་ལས་ཀྱང་གྲོལ་ཐུབ། གཉིས་ནས་རྒྱ་གར་ནང་གི་བོད་མི་སྐྱབས་བཅོལ་བ་རྣམས་རྒྱ་གར་འཛིན་སྐྱོང་མི་སྣའི་ཐག་གཅོད་ཁོ་ནའི་འོག་གནས་སྡོད་བྱེད་བཞིན་པ་ལས། རྒྱ་གར་གྱི་རྩ་ཁྲིམས་དང་མཐུན་པའི་ཐོག་ནས་གནས་སྡོད་བྱེད་ཀྱི་མེད་པ་ནི་རྒྱ་ནག་ལ་ཆབ་སྲིད་ཀྱི་ལག་ཆ་ཆེན་པོ་ཞིག་ཏུ་གྱུར་ཡོད།

དེ་བས་ན་འབྱུང་འགྱུར་རྒྱ་ནག་སྲིད་གཞུང་གིས་ལག་ཆ་འདི་བེད་སྤྱད་པའི་ཐོག་ནས་རྒྱ་གར་ནང་གི་བོད་མི་སྐྱབས་བཅོལ་བ་རྣམས་རྒྱ་གར་ནང་མུ་མཐུད་གཏན་སྡོད་བྱ་རྒྱུར་རྒྱ་གར་འཛིན་སྐྱོང་མི་སྣར་གནོན་ཤུགས་སྤྲོད་སྲིད་པ་ཞིག་རེད།

གནས་སྟངས་དེ་ལྟ་བུར་ལྷུང་དུས་ང་ཚོ་དཀའ་ངལ་ལས་སྐྱོབ་མཁན་ནི་ད་ལྟའི་མཚན་གནས་བརྗེ་སྒྱུར་བྱས་པ་འདི་མིན་པར་ཡུལ་གྱར་བོད་མི་ཚང་མ་རྒྱལ་ཁབ་དེ་དང་དེའི་མི་སེར་ཆགས་ཟིན་པ་དེ་རེད། དེ་བས་ན་མཚན་གནས་བརྗེ་སྒྱུར་ཙམ་གྱིས་དཀའ་ངལ་འཕྲལ་སེལ་ཙམ་ལས་མི་ནུས་པས་ན་དེ་ལས་ཀྱང་མིག་རྒྱང་རིང་པོའི་གྲ་སྒྲིག་སྡུག་ས་ནས་བྱ་དགོས་པ་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།