རྒྱལ་བ་རིན་པོ་ཆེའི་སྐུ་དབང་།

སྐྱོ་བྲག་དགའ་དབང་།

གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་པོ་དང་བླ་ཆེན་གྱིས་དབང་ཆ་བཟུང་བའི་དུས་རབས་དེ་ཡོལ་ཟིན་པ་ཞིག་ལ་ངོས་འཛིན་གྱིས། ད་ནས་བཟུང་རྒྱལ་བ་ན་རིམ་སུ་གཅིག་གིས་ཀྱང་ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གྱི་ཆབ་སྲིད་དང་འཛིན་སྐྱོང་གི་བྱེད་སྒོ་གང་ཡང་མ་དགོས་པ་ཞིག་ཏུ་ཐག་གཅོད་གནང་བར།

བོད་གཞུང་མང་སོ་སོ་ནས་ཆོས་སྲིད་གཉི་གའི་བླ་ན་མེད་པའི་དབུ་ཁྲིད་ཀྱི་མཚན་གནས་མུ་མཐུད་བཞེས་གནང་ཡོང་བ་ཞུས་པ་དག་ལ་ཞལ་བཞེས་མ་ཐོབ་པས། ཆེད་དུ་འབོད་འགུགས་བྱས་པའི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཁ་ནས་ཀྱང་། གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཕྲེང་རིམ་བྱོན་ནས་དབྱིན་ཡུལ་གྱི་རྒྱལ་པོའམ་རྒྱལ་མོ་སོགས་ཇི་བཞིན། བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་མཛད་འཁུར་བཞེས་རྒྱུར། ཚོགས་ཆེན་འདིའི་ཐོག་ནས་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ། ཞེས་སྤྱི་མོས་ཀྱིས་ཕུལ་བ་ན། གོང་ས་མཆོག་ནས། ངས་རྒྱལ་བ་སྐུ་ཕྲེང་ན་རིམ་ལ་ཡོད་པའི་ཆབ་སྲིད་ཀྱི་མཚན་གནས་མཐའ་དག་མཚམས་འཇོག་བྱེད་ཀྱི་ཡིན། ཞེས་ལབ་བཞིན་ལབ་བཞིན། ཁྱོད་ཚོས་ག་རེ་ཟེར་གྱི་ཡོད། རྣ་བར་མི་འགྲོ་བའི་སྐད་ཆ། མ་འོངས་པར་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་ཁ་ཤས་ལ་ཁྱད་མཚར་བོ་འདྲ་བྱུང་བ་ཡིན་ན་ཁྱོད་ཚོར་ག་རེ་བྱེད་རྒྱུ་ཡོད། གལ་སྲིད་ངས་དབྱིན་ཡུལ་གྱི་རྒྱལ་པོ་སོགས་ལྟར་བྱ་དགོས་ཀྱི་ཡོད་ན། ཡ། ཁྱོད་ཚོས་བཙུན་མོ་ཁྲིད་ཤོག་ད། ཞེས་རབ་ཏུ་བྱུང་བར་མི་འོས་པའི་ཚད་ཀྱིས་གསུངས་པ་ན། ང་ཚོ་མང་པོ་ཞིག་གིས། ད་ཞུ་ཉེས་ཁུར་ཤག་བསམས་ཏེ་མགོ་བོ་སྨད་ནས་བསྡད་པ་ཡིན། ཡིན་ནའང་། ཡང་དུ་བསམ་མནོ་གཏོང་སྐབས། གོང་ས་མཆོག་གིས་བོད་མིའི་འཕྲལ་ཕུགས་ཀྱི་བདེ་དོན་ཆེད་ག་རེ་ཡིན་ནའང་བློས་གཏོང་གནང་སྟངས་དང་། བོད་གཞིས་བྱེས་མི་མང་གིས་གོང་ས་མཆོག་ལ་བློ་གཏད་ཡིད་ཆེས་བྱེད་སྟངས་གཉིས་ག་ཚད་རྒལ་གྱི་རང་བཞིན་ཏེ། གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མར་གནང་མ་ཐག་མི་མང་གིས་ལགས་སོ་ཞུས་མེད་ལ། མི་མང་གིས་འགན་དབང་གི་ཞུ་སྐུལ་ཕུལ་བ་རྣམས་གོང་ས་མཆོག་ནས་སླར་བཞེས་གནང་མེད། འདི་ལྟ་བུའི་རྒྱལ་འབངས་བར་གྱི་བསམ་མནོ་གཏོང་སྟངས་ནི་འཇིག་རྟེན་ན་མཐོང་དཀོན་པའི་ངོ་མཚར་ཞིག་ཏུ་འཛིན་ཆོག་པར་སྙམ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།