དྲུག་བཞིའི་དོན་རྐྱེན་གྱི་མེ་སོན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༣༧

ཕྱི་ལོ་༡༩༨༩ ལོར་རྒྱ་ནག་གི་རྒྱལ་སས་གཙོས་གྲོང་ཁྱེར་ཆེ་ཁག་རྣམས་སུ་མཐོ་རིམ་སློབ་གཉེར་བ་ཧ་ཅང་མང་པོས་རང་དབང་མང་གཙོ་དགོས་པའི་འབོད་སྐུལ་དང་འབྲེལ་རྒྱ་དམར་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ཡོད་པ་རེད།

ལོ་དེའི་ཕྱི་ཟླ་༦ པའི་ཚེས་༤ ཉིན་རྒྱ་དམར་གཞུང་གིས་ཞི་བའི་ངོ་རྒོལ་བྱེད་མཁན་རྣམས་ཀྱི་ཐོག་དྲག་པོའི་མཚོན་ཆ་བེད་སྤྱོད་བྱས་ནས་པེ་ཅིང་རྒྱལ་སའི་རྒྱལ་ཁང་གི་མདུན་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་གཅིག་པུ་རུ་སློབ་ཕྲུག་སྟོང་ཕྲག་མང་པོ་དམར་གསོད་བཏང་ཡོད་པ་དང།

 སློབ་ཕྲུག་དེ་དག་དང་འབྲེལ་ཡོད་གང་མང་ཞིག་ཀྱང་འཛིན་བཟུང་བྱས་ཡོད་པ་རེད། དམར་གསོད་བཏང་བའི་སློབ་ཕྲུག་རྣམས་ལ་ནོར་འཁྲུལ་དང་ནག་ཉེས་དམིགས་བསལ་གང་ཡང་མེད་བཞིན་དུ་ད་བར་རྒྱ་ནག་གཞུང་གིས་དཀར་འདོན་དང་དག་སེལ་གང་ཡང་བྱས་མེད་པ་མ་ཟད། དེ་དག་གི་འབྲེལ་ཡོད་ལྟོས་བཅས་རྣམས་ལ་དམ་དྲག་སྔར་ལྟར་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།

 

རྒྱ་གཞུང་གི་བྱེད་སྟངས་འདི་ལ་བརྟེན་ནས་སྐབས་དེའི་ཞི་བའི་ངོ་རྒོལ་བ་སྟོང་ཕྲག་མང་པོ་དམར་གསོད་བཏང་བའི་སྡིག་ཉེས་སྦས་འགེབས་དང་ནོར་འཁྲུལ་གཙང་སེལ་བྱེད་ཐུབ་པའི་རེ་བ་རྒྱག་བཞིན་ཡོད། མི་ལོ་༢༢ འདས་ཟིན་ཀྱང་དེའི་མེ་སོན་ལྟ་བུ་ད་དུང་གཏན་ནས་མ་བརླགས་པར་གནས་ཡོད། འཛམ་གླིང་སྤྱིའི་འཁོར་ཕྱོགས་དང། རྒྱ་ནག་མི་མང་གི་བསམ་བློའི་འཁྱེར་སོ། ལྷག་པར་དུ་འཛམ་གླིང་སྤྱིའི་རང་དབང་དང་མང་གཙོའི་དཔལ་ཡོན་གྱི་གཟི་བརྗིད་མཐོང་བའི་སྐབས་སུ་རང་དབང་མང་གཙོ་རྩོད་ལེན་གྱི་མེ་སོན་དེ་གནས་སྐབས་གསལ་པོ་དེ་ཙམ་མེད་ནའང། ནམ་ཞིག་འབར་ཆོག་ཆོག་ཅིག་ཏུ་གྱུར་ཡོད། དེར་བརྟེན་མེ་མདའ་དང་ལྕགས་སྒྲོགས་ཁོ་ན་ལ་བརྟེན་ནས་ཇི་ལྟར་དམ་དྲག་བྱས་ཀྱང། དེ་ལ་བརྟེན་ནས་རྒྱ་ཆེའི་མི་མང་གི་བསམ་བློ་འགུགས་ཐུབ་ཐབས་མེད་ལ། རྒྱ་གཞུང་གི་རེ་བ་དེ་ལྟར་བརྒྱབ་པ་ཡང་གནས་སྐབས་ཙམ་ལས་རྒྱུན་རིང་དུ་གནས་ཐུབ་པའི་སྲིད་བྱུས་ཤིག་ཏུ་གྱུར་མེད།

ད་ལྟའི་ཆར་རྒྱ་ནག་རྒྱལ་ཁབ་ཀྱི་བརྟན་ལྷིང་ངམ་གཅིག་སྒྲིལ་ཟེར་བ་དེ་ཕྱོགས་གཅིག་ནས་དམ་དྲག་ཁོ་ན་ལ་བརྟེན་ནས་བྱུང་ཡོད་པ་དང། ཕྱོགས་གཅིག་ནས་རྒྱ་ནག་མི་མང་གི་བསམ་བློའི་ནང་མི་རིགས་རིང་ལུགས་ཀྱི་ལྟ་གྲུབ་རྙིང་དྲི་ཁ་བ་འདི་གནས་ཡོད་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན། འཛམ་གླིང་སྤྱིའི་འགྱུར་འགྲོས་དང་གནས་སྟངས་ལ་བརྟེན་ནས་རྒྱ་མི་རིགས་ཀྱི་བསམ་བློའི་ནང་གི་མི་རིགས་རིང་ལུགས་ཀྱི་ལྟ་གྲུབ་འདི་ཡང་རྒྱུན་རིང་པོ་གནས་ཐུབ་རྒྱུ་ཁག་པོ་ཡིན་ལ། རྒྱ་དམར་གཞུང་གིས་མེ་མདའ་དང་ལྕགས་སྒྲོགས་ཁོ་ན་ལ་བརྟེན་ནས་བརྟན་ལྷིང་ཟེར་བ་འདི་ཁ་གཡང་ཙམ་ལས་དོན་དུ་ཕན་ཐོགས་མེད་པ་ཞིག་རེད། ད་དུང་རྒྱ་ནག་གི་དོ་མི་མཉམ་པའི་དཔལ་འབྱོར་ཡར་རྒྱས་འདི་ལ་བརྟེན་ནས་ཀྱང་མ་འོངས་པར་རྒྱ་དམར་གཞུང་ལ་ཉེན་ཁ་ཆེན་པོ་ཞིག་དང། གཅིག་གྱུར་དང་བརྟན་ལྷིང་ལ་གནོད་སྐྱོན་ཆེན་པོ་ཞིག་ཏུ་འགྱུར་སྲིད་པ་རེད།

ཉེ་ཆར་སོག་པོའི་འབྲོག་པ་ཞིག་རྒྱ་རིགས་རླངས་འཁོར་ཁ་ལོ་བ་ཞིག་གིས་བསད་པའི་རྐྱེན་ལ་བརྟེན་ནས་སོག་རིགས་མི་མང་གིས་ཞི་བའི་ངོ་རྒོལ་བྱས་པ་དང། རྒྱ་གཞུང་གིས་ཉེ་ཆར་རྒྱ་མི་ཁ་ལོ་པ་དེ་དམར་གསོད་གཏོང་རྒྱུའི་ཁྲིམས་ཐག་བཅད་ཀྱང། དོན་དངོས་སོག་རིགས་མི་མང་གི་ཞི་བའི་ངོ་རྒོལ་བྱེད་དགོས་པ་དེ་སོག་པོ་འབྲོག་པ་ཞིག་བསད་པ་ཁོ་ན་ལ་བརྟེན་ནས་མ་ཡིན་པར། ཡུན་རིང་མནར་གཅོད་དང་འདྲ་མཉམ་མིན་པའི་འཁོན་འཛིན་གྱི་ན་ཚ་རྙིང་པ་ཞིག སོག་པོའི་འབྲོག་པ་ཞིག་བསད་པའི་དོན་རྐྱེན་གསར་པ་ཞིག་ལ་བརྟེན་ནས་བསླངས་པ་ཙམ་ཡིན་པས། ཁ་ལོ་བ་དེ་དམར་གསོད་བཏང་བ་ཙམ་གྱིས་སོག་རིགས་མི་མང་གི་བསམ་བློའི་ནང་གི་འཁོན་འཛིན་དེ་ཞི་ཐབས་མེད་ལ། དེ་བཞིན་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་མི་རིགས་དང། བོད་རིགས་མི་མང་གི་བསམ་བློའི་ནང་གི་འཁོན་འཛིན་དེ་དྲག་མཚོན་ཁོ་ན་བརྟེན་ནས་ཞི་འཇགས་བྱེད་ཐབས་མེད་པ་ཕྱོགས་མང་པོ་ནས་ཤེས་རྟོགས་ཐུབ་པ་ཞིག་རེད།

བོད་པ་དང་སོག་པོ། ཡུ་གུར་མི་རིགས་བཅས་ཀྱིས་ཐོབ་ཐང་རྩོད་ལེན་བྱེད་སྐབས་མི་རིགས་ཁ་བྲལ་གྱི་ལས་འགུལ་སྤེལ་བའི་མིང་ཐོག་ནས་ནག་ཉེས་འདྲ་མིན་བཙུགས་ནས་བཙོན་འཇུག་དང་མནར་གཅོད་གཏོང་གི་ཡོད་ཀྱང།  རྒྱ་མི་རིགས་ཞི་རྒོལ་བྱེད་མཁན་བྱུང་ན་རང་བཞིན་གྱིས་མི་རིགས་ཁ་བྲལ་ཟེར་བའི་ཞྭ་མོ་འདི་གཡོགས་ཐབས་མེད་པ་དང། རྒྱ་རིགས་ནང་ཁུལ་དུ་མི་རིགས་ཀྱི་འགལ་ཟླའི་ངོ་བོར་ཁ་བསྒྱུར་ནས་ལོག་པའི་དྲིལ་བསྒྲགས་བྱེད་ཐབས་མེད་པས། མ་འོངས་པར་ཡང་རྒྱ་ནག་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་དགོས་ན་རྒྱ་མི་རིགས་ཀྱིས་འགོ་ཁྲིད་དེ་མང་གཙོ་རྩོད་ལེན་དགོས་པ་དེ་གལ་ཆེན་པོ་ཡིན་པ་དང། མི་རིགས་གཞན་སུས་ཀྱང་དེ་ལྟ་བུའི་ནུས་པ་ཐོན་ཐུབ་ཐབས་མེད། གོ་སྐབས་འདི་རྩོད་ལེན་བྱེད་པའི་སྐབས་དྲུག་བཞིའི་དོན་རྐྱེན་དང་འབྲེལ་བའི་མེ་སོན་འདི་ཉིད་ཤི་མི་རུང་བ་ནི། རྒྱ་མི་རིགས་ཀྱིས་གཙོས་རྒྱ་དམར་གྱི་བཙན་འོག་ཏུ་ཡོད་པའི་མི་རིགས་ཡོངས་རྫོགས་ཀྱི་རང་དབང་དང་འབྲེལ་བའི་གནད་དོན་ཞིག་ཏུ་གྱུར་ཡོད།།

{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།