དབུས་གཙང་མི་མང་ལ་འབོད་སྐུལ།
སྤྱི་ཚོགས་བདེ་བར་གནས་དགོས་ན། སྤྱི་འཐུས་མ་ནོར་འདེམ་དགོས་ཤིང་།
སྤྱི་འཐུས་བདམས་ནོར་གྱུར་ཚེ་ན། ༸རྒྱལ་བའི་བཀའ་དགོངས་བསྒྲུབ་མི་ཐུབ།
ཅེས་ཚིག་བཅད་ཀྱིས་སྔོན་བསུས་ཏེ་གླེང་པར་བྱ་བ་ནི། ༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སུ་ཉལ་བའི་རྨི་ལམ་དུའང་མེད་པའི་གསུང་འཕྲིན་རིན་པོ་ཆེ་ཇི་ཕེབས་དང་། ཕྱི་ཚེས་ ༢༡ ནས་ ༢༤ བར་ཉིན་གྲངས་ཧྲིལ་པོ་བཞིའི་རིང་རྡ་སར་རྒྱལ་ཡོངས་ཚོགས་ཆེན་བསྐོང་འཚོགས་དགོས་དོན།
མཐའ་མ་གཏན་འབེབས་ཇི་མཛད་བཅས་ཀྱིས་བརྒྱུད་རིམ་ཁག་རྒྱ་ཆེའི་མང་ཚོགས་ཀྱིས་བློ་མངའ་ཡོད་གཤིས། བོད་སྲིད་པ་ཆགས་པ་ནས་བཟུང་ད་བར་༸རྒྱལ་བ་སྐུ་འཕྲེང་རིམ་བྱུང་གི་ལོ་རྒྱུས་ནང་སྔར་མ་གྲགས་པའི་འགྱུར་བ་ཧ་ཅང་ཆེན་པོ་ཞིག་གཏོང་གནང་མཛད་དོན་དེ་ཡང་སྤྱིར་བོད་མི་རྣམས་བསོད་ནམས་ཉམ་པ་དང་། ཁྱད་པར་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་དང་། མ་འོངས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཉིད་མངའ་དབང་ལྡན་པའི་ཁྲིམས་མཐུན་འཛིན་སྐྱོང་ངོ་ཚབ་མཚོན་ཐབས། ལྷག་པར་༸གོང་ས་མཆོག་གི་སྐུའི་འགན་དབང་ཡོངས་རྫོགས་འོས་འདེམས་བྱས་པའི་འགོ་ཁྲིད་ཁག་ལ་བསྩལ་གནང་མཛད་པ་བཅས་ལ་ཐུགས་བསམ་རྒྱ་ཆེར་བཞེས་དགོས་པའི་དུས་ལ་བབད་ཡོད་པར་བརྟེན། ༸གོང་ས་མཆོག་གི་ཐུགས་རེ་གནང་བ་ཇི་བཞིན་ཡོང་དང་མི་ཡོང་གཙོ་བོ་མང་ཚོགས་ནས་འོས་འདེམས་བྱས་པས་སྤྱི་འཐུས་སྤུས་དག་ཡོད་མེད་ལ་རག་ལུས་ཡོད་གཤིས། ད་ཡོད་བདམས་ཐོན་བྱུང་བའི་སྤྱི་འཐུས་ཁོང་ནས་རེ་ཟུང་མང་ཚོགས་ཀྱི་མངོན་འདོད་དང་མ་རན་མ་འཚམས་པའང་ཡོད་སྲིད། འབྱུང་འགྱུར་དབུས་གཙང་ཆོལ་ཁའི་ཁོང་ནས་བརྒྱ་ཆ་ཚད་མ་ལོན་པ་སྤྱི་འཐུས་རེ་གཉིས་འོས་འདེམས་གནང་འཆར་ཡོད་པའི་གོ་སྐབས་འདི་བརྒྱུད་མང་ཚོགས་སུ་ངོ་སྤྲོད་བྱ་རྒྱུར། སྟོད་རུ་ཐོག་ནས་ཡིན་པ་འཇིགས་མེད་འབྱུང་གནས་ཅན་ཁོ་པ་ཡོན་ཏན་མེད་པའི་ཁེངས་དྲེགས་ཆེ་ཞིང་། མཐོ་སར་སྤྲེལ་ལད་དང་། དམའ་སར་ཐུབ་ཚོད། དགའ་ཉེ་ཕྱོགས་ལྷུང་། སྤྱི་དོན་ཁ་འཁྱེར་རང་དོན་ཁོག་བཅུག་ཅན། བྱེས་གཏེ་གཙོ་བོ་ཞིག་ཡིན་པ་དང་། ཁོ་པ་དབུས་གཙང་སྤྱི་འཐུས་ཁོངས་ལང་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་འདུག་པ་དེ་ནི་གསོལ་བ་རྐུབ་ལ་བཏབ། དངོས་གྲུབ་སྐྱག་པ་སྟེར་ཞེས་པའི་དཔེ་ལྟར་ལས་ཡོང་རྒྱུ་མེད་ན་ཚང་མས་ཁ་བདེ་པོའི་གཏམ་དོན་བརླག་མགོ་བདེ་པོའི་ཞྭ་མོ་བརླག་ཟིན་པའི་མི་དེའི་འདས་པའི་ལོ་རྒྱུས་ལ་གཟིགས་ཏེ་འོས་འཕེན་མ་གནང་རོགས་ཞེས་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་བཅས། གང་ཡིན་ཟེར་ན་ཁོ་མོ་སྟོད་མངའ་རིས་གྲལ་འབངས་སུ་སྐྱེས་བ་ཞིག་ཡིན་པ་སོང་ཙང་ཁོ་མོ་ལ་སྐད་ཆ་འདི་ཤོད་པའི་ཐོབས་ཐང་ཡོད་པར་ངོས་འཛིན་བྱ་བཞིན་ཡོད།།
བསྟན་འཛིན་ཆོས་དབྱངས་ནས།