སེར་གཙང་ལྡོང་ཕྲུག་ཐུབ་བསྟན་བློ་གྲོས་ལ་ཕུལ་བ།
སེར་ཤུལ་དཀོན་མཆོག
ཁྱོད་ཀྱིས་བོད་ཀྱི་བང་ཆེན་དྲ་ཐོག་རྩོམ་ཡིག་ཅིག་བྲིས་འདུག་པ་དེ་གུས་པས་ཚར་གཅིག་ཤར་མར་བཀླག་པ་ཡིན། སྤྱི་ཡོངས་ཁྱོད་ཀྱིས་ལེགས་ཉེས་བླངས་འདོར་བྱེད་ཕྱོགས་ཀྱི་བསམ་ཚུལ་བཤད་པར་དགའ་བསུ་བྱེད་དགོས་ངེས་རེད། ཁྱོད་ཀྱིས་རང་རེ་བོད་མི་རིགས་ལ་དུས་རྒྱུན་ཁ་ལ་ཁྱེར་བཞིན་པའི་མིང་བྱང་རྫིག་པོ་ཞིག་ཡོད་རེད་མ་གཏོགས་དོན་དངོས་ཐོག་ནས་ཐེག་ཆེན་ལྟ་གྲུབ་ཅན་གྱི་བོད་ཀྱི་ནང་པའི་གྲྭ་པ་ཚོ་ལས། ཤིར་ལིངྒ་དང་། འབར་མ། ཐ་ལེན་ཌི་སོགས་ཐེག་དམན་སྨྲ་བའི་ནང་པའི་རྒྱལ་ཕྲན་དེ་ཚོ་ནི་ང་ཚོ་ཐེག་ཆེན་པ་ཚོའི་ལྷག་རེད་ཅེས་བཤད་པ་དེར་ངོས་ལེན་བྱེད་ཐུབ་ཁག་པོ་རེད།
ཁྱོད་ཀྱིས་དཔེ་མཚོན་བཞག་པ་ལྟར་ང་ཚོ་བོད་བརྒྱུད་ནང་བའི་གྲྭ་གཞོན་ཉུང་ཤས་ཤིག་གིས་སྤྱོད་ཚུལ་ལ་བལྟས་ནས་བོད་ཀྱི་ནང་པ་དང་གོང་བརྗོད་ཐེག་དམན་པ་ཚོ་ཁྱད་འཕགས་རང་བཞིན་ཅན་ཞིག་ཡིན་ཚུལ་བཤད་པ་དེ་ཁྱོད་རང་གིས་རྩ་བ་བརླགས་སྟེ་ཡལ་གར་འཇུས་པའི་དཔེ་ལས་གཞན་རྒྱུ་མཚན་ཡང་དག་ཅིག་མི་འདུག་སྙམ།
རྒྱ་གར་བ་ཚོས་རྡོ་ལྡན་སྨོན་ལམ་ཚོགས་སྐབས་ཀྱི་དགེ་སློང་སེར་པོ་ཚོར་ཉིན་བཅུའི་གྲྭ་པ་ཟེར་ཀྱི་ཡོད་རེད། དེ་ཚོ་ནི་ཐེག་དམན་ཕར་ཞོག་ནང་པའང་མ་རེད་ཅེས་ཚིག་ཐག་ཆོད་པོའི་ཐོག་ནས་བཤད་འདུག་པ་དེ་ཡང་ཁྱོད་རང་ནོར་བ་རེད། རྒྱ་གར་བ་ཚོས་གང་དྲན་དྲན་གྱིས་མིང་འདོག་དང་མཐོོང་ཆུང་གི་ངན་ཚིག་འདྲ་མིན་བོད་པའི་སྤྱི་ཚོགས་ཡོངས་ལ་ས་ཁྱབ་རྡོ་ཁྱབ་དུ་ཕྱིན་ཟིན་པའི་མིང་འདོགས་མང་པོ་ཡོད་རེད། དེ་ཚོར་ཁྱོད་ཀྱིས་གོང་དུ་བཤད་པ་བཞིན་ངོས་ལེན་དང་བརྩི་བཀུར་བྱེད་ངེས་ཡིན་ནམ། ངས་བསམ་ན་ཁྱོད་ཀྱི་ངོས་ལེན་བྱེད་ཀྱི་ཡིན་ཟེར་བའི་བཟོ་འདྲ་བོ་མཐོང་གི་འདུག གལ་སྲིད་ངོས་ལེན་ཡོད་ན། ད་སྔོན་ལོ་མང་པོ་ཞིག་གིས་སྔོན་ནས་རྒྱ་གར་བ་ཚོས་མིང་ངན་བཏགས་པ་ཞིག་ངས་ཁྱོད་ལ་དྲན་གསོ་བྱེད། རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་བོད་ཀྱི་ཆོས་སྡེ་ཆེ་གྲས་ཀྱི་དགེ་འདུན་པ་ཚོར་ས་གནས་རྒྱ་གར་བས་གླང་ཤ་བཙོང་སྟེ་རང་རང་གི་ལྟོ་གོས་སྒྲུབ་ཞོར་དུ་དགེན་འདུན་པ་ཚོར། (ལ་ལུ་ཀོས་ཏ་)ཟེར་བ་དང་(ལ་ལུ་རྒེ་སུ་པོ་རེའུ)ཟེར་བའི་མང་ངན་བཏགས་ཡོད་མོད། བོད་སྐད་དུ་དོན་བསྒྱུར་བྱས་ན། བོད་ཀྱི་དགེ་འདུན་པ་ཚོ་ཁྱི་དམར་པོ་དང་དབུགས་ཐབ་དམར་པོ་སོགས་རེད་ཅེས་བཏགས་ཡོད་རེད། ཁྱོད་ཀྱིས་དེ་ཚོ་དོན་དངོས་ཐོག་ནས་ངོས་ལེན་བྱེད་པ་དང་རྒྱ་གར་བས་བཤད་པར་ཡིད་ཆེས་བྱེད་ཐུབ་བམ། ཁྱོད་ཀྱིས་ལུང་འདྲེན་བྱེད་སྟངས་ལ་བལྟས་ན་ཁྱོད་ལ་དེ་ལྟར་བཤད་མཁན་གྱི་རྒྱ་གར་བ་དེ་ཤེས་རིག་ཡོན་ཏན་དང་ཟུར་གནས་དྲང་བདེན་ལ་དབུལ་བའི་རྒྱ་གར་བ་ཞིག་ཡིན་ངེས་རེད། དེ་ལ་ཆགས་འཇོག་བྱེད་དགོས་དོན་མེད་པས་སེམས།
གནས་མཆོག་རྡོ་རྗེ་གདན་དུ་སྨོན་ལམ་ཚོགས་སྐབས་ཐེག་ཆེན་ཐེག་དམན་གྱི་དབྱེ་བ་དང་། དེ་བཞིན་གྲུབ་སྤྱི་དང་མཐའ་བྱེ་བྲག བསླབ་པ་གཙང་དང་མི་གཙང་། དེ་བཞིན་རྒྱལ་ཁབ་དང་མི་རིགས་ཀྱི་དབྱེ་བ་ཕྱེ་མཁན་སུ་ཞིག་ཡོད་པ་དང་དེ་ལྟར་བྱེད་པའི་དུས་ཚོད་ལྷོད་པོ་ཡོད་མཁན་སུ་ཞིག་མཆེས། ཕྱི་ནང་མི་རིགས་སུ་འདྲ་ཞིག་ཡིན་རུང་སྨོན་ལམ་འཚོགས་པ་དང་། ཚོང་ལས་གཉེར་བ། ས་གནས་རྒྱ་གར་བ་ཚོས་རྐུ་མ་རྒྱག་པ་དང་སློང་མོ་བྱེད་པ་སོགས་སྒོ་ཀུན་ནས་བྲེལ་ཟིང་ཆེ་བ་ལས་གྲྭ་པ་དག་མི་དག ནང་པ་ཡིན་དང་མིན་སོགས་སུ་ཞིག་གིས་དབྱེ་ཐུབ་ཀྱི་རེད། གང་ལྟར་ཁྱོད་ཀྱིས་བཤད་པའི་སྐད་ཆ་དེ་དངོས་ཡོད་གནས་ཚུལ་ལ་ངོས་ལེན་བྱེད་མཁན་སུ་ཞིག་མཆིས་སམ།
སྤྱིར་ཁྱོད་ཀྱིས་ཚིག་ཟུར་ལ་བརྟག་ན་གོང་བརྗོད་ཐེག་དམན་པའི་ཡུལ་གྲུ་དེ་ཚོའི་གྲྭ་པ་རྣམས་ཐེག་ཆེན་སྨྲ་བའི་བོད་ཀྱི་དགེ་འདུན་པའི་ལྷག་དུ་བརྩིས་ན་དགོད་བྲོ་བའི་ཡུལ་ཞིག་རེད། དེ་ལས་འཕྲོས་པའི་ངས་ཁྱོད་ལ་དྲི་བ་ཞིག་ཡོད། དེང་ཆར་སའི་གོ་ལའི་ཁྲོད་ཀྱི་ཕྱི་ནང་རྒྱལ་ཁམས་ཡོངས་ལ་ཆེས་མཚན་སྙན་ཆེ་བའི་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་ཡན་ན་འགྲོ་ཐུབ་པའི་ཐེག་དམན་ལྟ་གྲུབ་པའི་བླ་མ་དང་མི་དཔོན་སུ་ཞིག་འཇོག་རྒྱུ་ཡོད་དམ། དེ་བཞིན་སེ་འབྲས་དགེ་གསུམ་གྱི་འཆད་ཉན་གནང་སྟངས་དང་། ཀཱ་དཔལ་རྫོགས་གསུམ་སོགས་བོད་བརྒྱུད་གཙུག་ལག་སློབ་གཉེར་བྱེད་ཕྱོགས་ལས་ལྷག་པ་ཞིག་དང་དེང་གི་མཚན་རིག་དང་ལྷན་དུ་བསྐྱོད་ཐུབ་མཁན་གྱི་གྲལ་དུ་ཤིར་ལིངྒ་དང་། འབར་མ། ཐ་ལན་ཌི་སོགས་ནས་མི་སུ་འདྲ་ཞིག་ཡོད་པ་རེད། དེ་ལྟར་མེད་ལ་བོད་ཀྱི་ཆོས་སྡེ་ཁག་དང་བོད་ཀྱི་ཆོས་པ་ཚོས་ཐེག་ཆེན་ཞེས་པའི་ཁ་བྱང་རྫིག་པོ་བེད་སྤྱོད་བྱེད་མི་འོས་བ་ག་རེ་ཡོད་དམ། ཁྱོད་ཀྱིས་རྩོམ་ཡིག་འདིའི་ཁ་བྱང་ལ་སེར་མོ་བ་ཞིག་ཡིན་པའི་འདུ་ཤེས་མེད་པའི་འཆར་སྣང་ཞེས་བཀོད་འདུག་མོད། ཁྱོད་ཀྱིས་སེར་མོ་བ་ཟེར་བ་དེ་གང་འདྲ་ཞིག་ལ་ངོས་ལེན་བྱེད་ཀྱི་ཡོད། བོད་ཀྱི་ཆོས་རྒྱུད་ཆེན་པོ་ཚོར་མཚོན་ན་སེར་མོ་བ་ཟེར་སྐབས་དགེ་འདུན་སྤྱི་ལ་གོ་དགོས་པ་རེད། དེ་ནི་དགེ་བཙུན་སྔགས་གསུམ་ལ་ཟེར་བ་རེད། ད་དུང་སྟོན་པ་མི་གཅིག་ཀྱང་། བསྟན་པ་འདྲ་ལ་རྣམ་པ་གཅིག་པའི་བོན་པོའི་ཆོས་ལུགས་ཀྱང་འདི་དག་དང་ལྷན་དུ་ཡོད་པ་དང་། ཡང་གོང་བརྗོད་ཆོས་ལུགས་གྲུབ་མཐའ་གང་གི་ཁོངས་སུ་མི་གཏོགས་རྒྱལ་ཁབ་དང་མི་རིགས་སོགས་མི་གཅིག་པའི་གང་ཟག་བྱེ་བྲག་པ་དེ་འདྲའང་ཇི་སྙིད་ཅིག་ཡོད་མོད། ཁྱོད་ས་སེར་མོ་བ་དེ་དག་ལས་གང་རེད་དམ། ཡང་ན་དེ་དག་ཡོངས་རྫོགས་ལ་སེར་མོ་བ་ཟེར་དགོས་རེད་པས། བྱེ་བྲག་དུ་དབྱེ་དགོས་རེད། རྒྱུ་མཚན་ཡང་དག་ཅན་གྱི་རྩོམ་ཡིག་ཅིག་སྤེལ་ན་ངོས་ལེན་བྱེད་ཆོག དེ་ལྟར་མེད་ཚེ་ཁྱོད་རང་སྐུ་ཐང་ཆད་རོགས་ལས་ཕན་པ་མེད་ཁར་ང་འདྲ་བའི་བོད་མི་འགའ་རེས་ཁྱོད་ཀྱི་སྐད་ཆ་ཁྱོད་རང་ཉིད་ལ་ཕྱིར་འབུལ་བྱེད་སྲིད་དོ།།