འབར་བཞིན་པའི་འཐབ་རྩོད་ཀྱི་མེ་ལྕེ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༣༩
ཕྱི་ལོ་༡༩༤༩ ལོ་བོད་ཤར་ཕྱོགས་ནས་བཙན་འཛུལ་བྱེད་འགོ་བཙུགས་པ་ནས་བཟུང་ད་བར་མི་ལོ་༦༠ ལྷག་འདས་ཟིན་ཀྱང། འཐབ་རྩོད་ཀྱི་མེ་ལྕེ་ཆེ་ནས་ཆེ་རུ་མཆེད་བཞིན་ཡོད། རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་སྒོ་དབྱེ་དང་ནང་ལོགས་སུ་སྲིད་བྱུས་གུ་ཡངས་ཀྱི་ཁ་གཡང་ཁྲོད་གཙོ་ཆེ་ཤོས་དཔལ་འབྱོར་གྱི་ལམ་ལུགས་ལ་འགྱུར་བ་ཆེན་པོ་བཏང་བ་དང་ཆབས་ཅིག
བོད་ཀྱི་གནད་དོན་དེ་ཡང་རང་བཞིན་གྱིས་ནུས་མེད་འགྲོ་ཆེད་འཇམ་རྩུབ་གཉིས་ཐོག་ནས་སྲིད་བྱུས་རབས་དང་རིམ་པ་སྤེལ་ཡོད་ཀྱང། བོད་ཡུལ་བཙན་བཟུང་བྱས་པའི་དུས་ཡུན་སྤྱི་དང་ལྷག་པར་དུ་ཕྱི་ལོ་༢༠༠༨ ལོ་ནས་བཟུང་བོད་ཡུལ་ཡོངས་སུ་འཐབ་རྩོད་ཀྱི་མེ་ལྕེ་གཅིག་གྱུར་གྱིས་སླར་ཡང་འབར་ཡོད།
༢༠༠༨ ལོར་བོད་ཡུལ་སྟོད་སྨད་བར་གསུམ་ནས་རང་དབང་གི་ཆེད་དུ་ཞི་བའི་འཐབ་རྩོད་བྱེད་མཁན་གཅིག་གྱུར་ཡིན་པ་དང། མདོ་སྨད་རྔ་པ་དང་། ཁམས་དཀར་མཛེས་གཉིས་སུ་ས་གནས་གཞན་ལས་ལྷག་པར་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་ཞི་བའི་ངོ་རྒོལ་བྱེད་མཁན་ད་བར་མཚམས་ཆད་མྱོང་གཏན་ནས་མེད། ས་ཁུལ་དེ་གཉིས་ལ་མཚོན་ན་དོན་གྱི་ཆབ་སྲིད་བཙོན་པ་མང་ཤོས་ཀྱི་ས་ཆ་གཉིས་སུ་གྱུར་ཡོད་པ་དང། ཆབ་སྲིད་དང་དཔལ་འབྱོར་གྱི་ཐོག་ནས་ཀྱང་གལ་གནད་ཆེ་བའི་ས་ཁུལ་གཉིས་སུ་གྱུར་ཡོད། ད་ལྟའི་ཆར་ས་ཁུལ་དེ་གཉིས་ནི་བོད་ནང་ནས་རྒྱ་དམར་གཞུང་གིས་དམ་དྲག་ཆེ་ཤོས་དང། བོད་དོན་ཆེད་ཞི་བའི་འཐབ་རྩོད་བྱེད་མཁན་རྣམས་ཀྱིས་མིག་དཔེ་བལྟ་ཡུལ་ཞིག་ཏུ་གྱུར་ཡོད།
གོང་དུ་དཔེ་མཚོན་དྲངས་པ་བཞིན་བོད་ནང་གི་ས་ཕྱོགས་གང་སར་རང་དབང་འཐབ་རྩོད་ཀྱི་མེ་ལྕེ་འབར་བཞིན་པའམ། འབར་ཆོག་ཆོག་ཅིག་ཏུ་གྱུར་ཡོད་ནའང། བཙན་བྱོལ་བོད་པའི་སྤྱི་ཚོགས་ནས་རྒྱལ་སྤྱིའི་ཐོག་ཆབ་སྲིད་ཀྱི་ནུས་ཤུགས་དེའི་ཚོད་ཀྱིས་སླེབས་ཐུབ་མེད། བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ནི་རང་ཉིད་ཀྱི་ལངས་ཕྱོགས་དང་དགོས་འདུན་གཙོ་བོར་བཟུང་ནས་རྒྱ་ནག་གཞུང་དང་འགྲིག་འཇགས་ཡོང་བའི་ཐབས་ལམ་མ་བཙལ་བར། ཕྱོགས་གཞན་དག་གི་བཤད་ཕྱོགས་དང་དེའི་དགོས་འདུན་ཁོ་ན་དང་བསྟུན་ནས་སྲིད་བྱུས་ལངས་ཕྱོགས་ལ་འགྱུར་བ་གཏོང་བའི་བྲེལ་བ་འབའ་ཞིག་ཏུ་གྱུར་ཡོད། དཔེར་ན་༡༩༧༩ ལོར་ཏིང་ཞོ་ཕིང་གིས་སྐུའི་གཅེན་པོ་བརྒྱུད་ངག་ཐོག་ནས་བསྐུར་བའི་འཕྲིན་དེ་ལ་བརྟེན་ནས་འཐབ་རྩོད་ཀྱི་ཁ་ཕྱོགས་ལམ་སེང་བསྒྱུར་བ་དང། རྒྱ་གཞུང་གི་དགོས་འདུན་བཞིན། རྒྱལ་སྤྱིའི་ཐོག་ཆབ་སྲིད་ཀྱི་ནུས་ཤུགས་ལྡན་པའི་འབྲེལ་ལམ་ཁག་ཉམ་ཞན་དུ་སོང་བ་དཔེར་ན་ཡུ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་མཇུག་སྐྱོང་སྐུལ་འདེད་མ་ཞུས་པ་ལྟ་བུས་མཚོན། རང་ཉིད་ཀྱི་རྩ་དོན་དམ་བཟུང་ཐོག་དེ་ལ་རྒྱབ་སྐྱོར་རག་ཐབས་ཀྱི་ཐབས་ཤེས་བྱས་པ་ནི་ཅུང་དཀོན་པོ་ཆགས་ཡོད།
ཉེ་བའི་ཆར་ཡང་རྒྱ་གར་གཞུང་ལ་བསྟུན་པ་ཡིན་ནའང་རུང། རྒྱ་ནག་གཞུང་གི་དགོས་འདུན་ཡིན་ནའང་རུང། བཙན་བྱོལ་བོད་གཞུང་གི་མིང་ཡང་བསྡུ་གསོག་བརྒྱབ་པ་སོགས་ཕྱོགས་གང་ནས་བལྟས་ཀྱང། ཆབ་སྲིད་དང་འབྲེལ་བའི་འགྱུར་བ་མང་པོ་བཏང་བ་ཙམ་གྱིས་ཕན་ནུས་ཆེན་པོ་ཞིག་ཐོན་ཐུབ་རྒྱུ་ཧ་ཅང་དཀའ་བར་སྣང། དཔེར་ན་ཏིང་ཞོ་ཕིང་གིས་བཤད་པ་བཞིན་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་འགྱུར་བ་ཆེན་པོ་ཞིག་བཏང་ཡོད་ཀྱང། མི་ལོ་༣༠ ལྷག་གི་རིང་ཆབ་སྲིད་ཀྱི་ཐོག་ནས་ནུས་པ་ཆེན་པོ་གང་ཡང་ཐོན་ཐུབ་མེད། ལོ་འདིར་ཡང་རྒྱལ་ཁབ་ཅེས་པ་དང། བོད་གཞུང་ཞེས་པའི་མིང་ཚིག་ཀྱང་བཅའ་ཁྲིམས་ནས་རྩ་བཀོག་བཏང་བ་དང། བོད་མིའི་སྒྲིག་འཛུགས་ཞེས་མིང་བསྒྱུར་བྱས་ཡོད་ཀྱང། འདི་ལ་བརྟེན་ནས་ཆབ་སྲིད་ཀྱི་གྲུབ་འབྲས་ཆེན་པོ་ཞིག་ཐོན་ཐུབ་མིན་བཤད་ཚོད་ཐིག་དཀའ་བ་ཞིག་རེད།
གོང་གསལ་གྱི་གནད་དོན་དེ་དག་ལ་བརྟེན་ནས་བོད་ནང་གི་འཐབ་རྩོད་ཀྱི་མེ་ལྕེ་ཧ་ཅང་ཤུགས་ཆེ་རུ་འབར་བཞིན་ཡོད་ཀྱང། བཙན་བྱོལ་ནང་གི་འཐབ་རྩོད་ཀྱི་རྩ་དོན་ངོ་མ་དེ་སྤོ་ཐོ་རྦབ་བསྒྲིལ་གྱི་དཔེ་བཞིན་གང་ཡིན་འདི་ཡིན་དང་མཛུབ་མོ་འཛུགས་ས་མེད་པ་ཞིག་ཏུ་འགྱུར་བཞིན་པའི་གནས་སྟངས་འདི་དག་ལ་གཞིག་ན། བོད་དོན་འཐབ་རྩོད་ཀྱི་མེ་ལྕེ་དེའང་རྒྱལ་སྤྱིའི་ཁྲོད་རྒྱུན་ཇི་ཙམ་འབར་ཐུབ་མིན་བཤད་ཚོད་ཐིག་དཀའ་བ་ཞིག་ཏུ་གྱུར་ཡོད། མི་ཕལ་མོ་ཆེའི་སེམས་ནང་ལ་རང་ཉིད་ཀྱི་འཚོ་གོས་དང་གནས་སྐབས་ཀྱི་ཁེ་ཕན་གཙོ་བོ་འཛིན་པ་ལས། རྒྱལ་ཁབ་དང་མི་རིགས་སླར་གསོའི་ལས་དོན་ལ་རང་ཉིད་བློས་གཏོང་དང་སེམས་གཏིང་ནས་འབད་བརྩོན་བྱེད་མཁན་སྔོན་མ་ལས་ཉུང་དུ་འགྲོ་བཞིན་པ་འདི་ཡང་བོད་དོན་འཐབ་རྩོད་ཀྱི་འགལ་རྐྱེན་ཆེན་ཞིག་ཏུ་གྱུར་ཡོད། དེར་བརྟེན་བོད་ནང་གི་ཞི་རྒོལ་སྔ་ཕྱིའི་གནས་ཚུལ་རྣམས་ལ་གཞི་བཅོལ་ནས་བཙན་བྱོལ་ནང་ཆབ་སྲིད་ཀྱི་སྲིད་བྱུས་དང། གཞུང་སྒེར་ཁག་གི་ལས་འགུལ་སོགས་འཐུས་ཚང་ཚད་ལྡན་དགོས་པ་ཧ་ཅང་གལ་ཆེ་སྙམ།།