བདག་པོ་མེད་པའི་སྐད་ཆ་འདི་ཚོ།

གསལ་བཤད། བོད་ཀྱི་གནད་དོན་སྐོར་གྱི་དྲི་བ་དྲིས་ལན་འདི་ནི་ཨ་རིར་གནས་སྡོད་རྒྱ་རིགས་ཆོས་འཁོར་སྒོམ་སྒྲུབ་པ་ཚོས་གཉེར་བའི  ༼  ཐང་རན་གསར་པའི་བརྙན་འཕྲིན་ཁང   ༽  ནས་ཆེད་དུ་རྒྱ་ནག་གི་དུས་སྟོན་རྗུན་མ་འདིར་གཟས་ཏེ།  བོད་དོན་སྐོར་ལ་ངེས་པ་དོན་གྱི་རྒྱ་མི་ཤེས་ཡོན་པ་གདན་དྲངས་ནས་གོ་སྒྲིག་བྱས་པའི་ལེ་ཚན་ཞིག་ཡིན།

   དྲིས་ལན་འདི་ནས་རིན་ཐང་ཆེ་བའི་སྐད་ཆ་ཁ་ཤས་ཡོད་པ་ལྟར་མཐོང་བས།   གང་མགྱོགས་དྲ་ཐོག་ནས་ཕབ་སྒྱུར་བྱས་ཡོད།  ཡིན་ནའང་།  དུས་ཁོམ་རྙེད་དཀའ་བས་ད་ཐེངས་སྒྱུར་ཡོངས་སུ་མཇུག་བསྡུ་ཐུབ་མེད་པས་སླད་ནས་ཅི་མགྱོགས་བསྒྱུར་འདུན་ཡོད།   ནགས་ཤོད་སད་མི་ནས།

བོད་ཀྱི་ལོ་ངོ་དྲུག་ཅུ། བཅིངས་བཀྲོལ་རེད་དམ་བྲན་བཀོལ་རེད།

གཙོ་སྐྱོང་བ། རྒྱ་ཆེའི་གཟིགས་མོ་བ་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་།    ཁྱེད་རྣམ་པས་ཐང་རན་གསར་པའི་བརྙན་འཕྲིན་གྱི་ཐད་གཏོང་ལེ་ཚན་འདི་གཟིགས་པར་དགའ་བསུ་ཡོད།

ཕྱི་ལོ  ༡༩༥༡  ལོའི་ཟླ་བ  ༥  པའི་ཚེས ༢༣  གྱི་ཉིན་མོ་འདི་ནི།   ཆེས་དམིགས་བསལ་བའི་ཉིན་མོ་ཞིག་རེད།  རྒྱ་ནག་གུང་ཁྲན་གྱིས་ལོ་ངོ  ༦༠  སྔོན་གྱི་ཉིན་མོ་འདིར་བོད་བཅིངས་འགྲོལ་བཏང་ཡོད་ཟེར།   འོན་ཏེ།  བོད་མིས་ཉིན་མོ་འདི་ནས་རྒྱ་ནག་གིས་དྲག་པོའི་ངང་བོད་དུ་བཙན་འཛུལ་བྱས་པར་བརྗོད།  དེ་བཞིན་དུ།  རྒྱ་ནག་གུང་ཁྲན་གྱིས་ལོ་ངོ  ༦༠  འདིའི་རིང་ལ་བོད་ཀྱི་ཞིང་བྲན་པ་ཚོ་འཕོ་འགྱུར་སོང་ནས་བཅིངས་བཀྲོལ་ཐོབ་སྟེ།  རྒྱལ་ཁབ་ཀྱི་བདག་པོ་ཆགས་པ་དང་།   རང་དབང་མངོན་དུ་གྱུར་པ་རེད་ཟེར།   འོན་ཏེ།  བོད་མི་དམངས་ཀྱིས་ལོ་ངོ  ༦༠  འདི་ནི་བོད་ཀྱི་ལོ་རྒྱུས་ནང་ཆེས་མུན་ནག་གི་དུས་རིམ་ཞིག་རེད་ཅེས་སྨྲ།   དེས་ན།   དོན་དམ་པར་གནད་དོན་འདི་ཇི་ལྟ་བུ་ཞིག་ཡིན་ནམ།  ལོ་ངོ  ༦༠  འདིའི་རིང་དུ་བོད་དུ་དོན་ངོ་མར་ཅི་ཞིག་བྱུང་བ་རེད།   བོད་ཀྱི་གནད་དོན་འདིའི་དོན་དམ་གྱི་འགྲེལ་བརྗོད་ཅིག་གང་ན་ཡོད་པ་རེད།   དེ་རིང་ང་ཚོས་རྒྱ་བོད་ཀྱི་ཆེད་མཁས་པ་གདན་དྲངས་སྟེ་གནད་དོན་འདིར་བགྲོ་གླེང་དང་དཔྱད་བསྡུར་ཞུ་གི་ཡིན།   ཁྱེད་རྣམ་པས་བགྲོ་གླེང་ནང་མཉམ་ཞུགས་ཡོང་བར་དགའ་བསུ་དང་།  ངེད་ཚོའི་ཁ་པར་ཨང་གྲངས་ནི། ༥༥༥༥༥  དང་།  ཡང་མིན་ན།   ཁྱོད་ཀྱིས་སི་ཁེ་ཕུ་བརྒྱུད་ནས་མཉམ་ཞུགས་བྱས་ན་འཐུས།  ཐོག་མར་ཁྱེད་རྣམ་པར་ད་ཐེངས་ཀྱི་སྐུ་མགྲོན་གསུམ་པོར་ངོ་སྤྲོད་ཞུ་འདོད།  ད་ལྟ་བརྙན་འཕྲིན་ཐད་གཏོང་ཁང་དུ་སྐུ་མགྲོན་གཉིས་གདན་དྲངས་ཡོད་ལ།   གཅིག་ནི ༼  པེ་ཅིང་དཔྱིད་དེབ ༽  ཀྱི་རྩོམ་སྒྲིག་པ་སྐུ་ཞབས་ཧུའུ་ཕིང་དང་།  ཅིག་ཤོས་ནི་སྲིད་དོན་ཆེད་དཔྱོད་པ་སྐུ་ཞབས་ཁྲན་ཕོ་ཁུང་རེད།   རྣམ་པ་གཉིས་ཀར་འཚམས་འདྲི་ཡོད།  དེ་མིན་དྲ་ལམ་ནས་ང་ཚོའི་སྐུ་མགྲོན་གཅིག་ཡོད།  ཁོང་ནི ༸  གོང་ས་ཏཱ་ལའི་བླ་མའི་བྱང་ཨ་རིའི་དོན་གཅོད་ཁང་གི་གནད་དོན་དབྱེ་ཞིབ་པ་སྐུ་ཞབས་ཀུན་དགའ་བཀྲ་ཤིས་ལགས་རེད།

གཙོ་སྐྱོང་བ། ཐོག་མར་སྐུ་ཞབས་ཧུའུ་ཕིང་ལ་དྲི་བ་ཞིག་ཡོད།   ཕྱི་ལོ   ༡༩༥༡  ལོར་རྒྱ་ནག་གིས་བོད་ཞི་བས་བཅིངས་བཀྲོལ་བཏང་ཡོད་ཟེར།  འོན་ཏེ།  བོད་མིས་རྒྱ་ནག་གིས་དྲག་པོའི་ངང་བོད་ལ་དཔུང་འཇུག་བྱས་སོང་ཟེར།  དེར་མ་ཟད།   ནུབ་ཕྱོགས་ཀྱི་བརྒྱུད་ལམ་གང་མང་མང་ཞིག་ནས།   རྒྱ་ནག་བོད་སར་འཛུལ་སྐབས་བོད་མི་ཁྲི་སྟོང་མང་པོ་ཤི་བ་མ་ཟད།   དགོན་སྡེ་སྟོང་ཚོ་འགའ་རེ་གཏོར་བཅོམ་བཏང་བ་རེད་ཟེར།   དེས་ན་དོན་ངོ་མར་འདི་ཐད་ག་འདྲ་ཞིག་རེད།   ཁྱེད་ཉེ་ཆར་རང་རྡ་རམ་ས་ལ་ནས་འབྱོར་བ་རེད་བཱ།

ཧུའུ་ཕིང་ནས། དོན་ངོ་མར་སྤྱི་ལོ  ༡༩༥༡  ལོར་རྒྱ་ནག་གིས་དཔུང་ཆེན་བཤམས་པ་དང་།   བོད་མིར་བཙན་ཤེད་ངང  ༼  ཆིངས་ཡིག་དོན་ཚན་བཅུ་བདུན  ༽  ལ་མིང་རྟགས་འགོད་དུ་བཅུག་ཡོད།   དོན་ཚན  ༡༧  གཞིར་བཞག་ཚེ་བོད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་གཏོགས་པ་དང་སྦྲགས།   རྒྱ་ནག་གིས་བོད་དུ་ཆེས་མཐོའི་རང་སྲིད་རང་སྐྱོང་ཡོང་བར་འགན་ཐེག་བྱས་ཡོད་ལ།   བོད་ཀྱི་སྔར་ཡོད་ལམ་ལུགས་ལ་བརྩི་སྲུང་དང་།   ཏཱ་ལའི་བླ་མའི་གནས་བབ་ལ་གུས་བཀུར།   དེར་མ་ཟད།   བོད་མིའི་རང་དབང་གི་འདོད་འདུན་འོག་ད་གཟོད་དམངས་གཙོ་བཅོས་སྒྱུར་ལག་བསྟར་བྱ་རྒྱུ་སོགས་བཀོད་ཡོད།   ཡིན་ནའང་ལོོ་ཤས་ལས་མ་སོང་བར་རྒྱ་ནག་གིས་བསྒྱུར་བཅོས་ཀྱི་མིང་ཁྱེར་ནས་བོད་མིའི་ལུས་སེམས་ནས་རིག་གཞུང་དང་།  རིག་གཞུང་ལས་ཆོས་ལུགས་བཅས་ལ་ཚབས་ཆེའི་གཏོར་རྒོལ་དང་བཙན་འཛུལ་བྱས་པ་རེད།  འདིས་རྐྱེན་པས་བོད་མི་ཚོས་ཛ་དྲག་གི་རྒོལ་ལན་བསློགས་པས  ༥༩  ལོའི་ཟླ་བ  ༣  པའི་ཚེས  ༡༠ དོན་རྐྱེན་འདི་ལྷག་པ་རེད།   དེ་རྗེས་རྒྱ་ནག་གིས་མུ་མཐུད་དྲག་རྡུང་བྱས་རྐྱེན་ཏཱ་ལའི་བླ་མ་མཆོག་རྒྱ་གར་དུ་ཐོན་དགོས་བྱུང་བ་རེད།   དུས་དེ་ནས་བཟུང་སྟེ་རྒྱ་ནག་གིས་བོད་དུ  ༼  སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད  ༽  ཟེར་བའི་ལས་དོན་དང  ༼  རིག་གནས་གསར་བརྗེ  ༽སོགས་བརྩམས་པ་རེད།   དེར་བརྟེན།  ལོ་ངོ  ༦༠  འདི་དང་།  ལྷག་ཏུ  ༥༩  ལོའི་རྗེས་ཀྱི་མི་ལོ  ༥༠  འདིའི་རིང་ལ།   བོད་མི་དམངས་ཀྱི་རྒྱུན་སྲོལ་གོམས་གཤིས་དང་།   ཆོོས་ལུགས་རིག་གནས་བཅས་ལ་རྒྱ་ནག་གཞུང་གིས་གནོད་འཚེ་ཚབས་ཆེན་བཏང་བ་རེད།   ཚུལ་འདི་བོད་མི་རིགས་ཀྱི་ལོ་རྒྱུས་ནང་བྱུང་མྱོང་ཡོད་པ་མ་རེད་ཅེས་བཤད་ཆོག་གི་རེད།   དེར་མ་ཟད།   བོད་མི་དང་རྒྱ་ནག་གཞུང་དབར་ལ་འདི་འདྲ་བའི་ཛ་དྲག་གནས་སྟངས་དེའང་ལོ་རྒྱུས་ནང་ཧ་ཅང་མཐོང་དཀོན་པ་ཞིག་རེད།

གཙོ་སྐྱོང་བ། སྐུ་ཞབས་ཁྲན་ཕོ་ཁུང་ལགས།  དོན་ངོ་མར་རྒྱ་ནག་གི་བཅིངས་འགྲོལ་དམག་མི་བོད་དུ་འཛུལ་སྐབས་དྲག་མཚོན་སྤྱད་པའི་གནས་ཚུལ་དེ་འདྲ་བྱུང་ཡོད་པ་རེད་དམ་མ་རེད།   སྐུ་ཞབས་ཧུའུ་ཕིང་གིས་བཤད་མ་ཐག་པའི  ༼ ཆིངས་དོན་བཅུ་བདུན  ༽  ཟེར་བ་དེར་ཕྱོགས་གཉིས་ཀྱི་བརྩི་བཀུར་ཐོབ་ཡོད་དམ་མེད།

ཁྲན་ཕོ་ཁུང་། དང་ཐོག     རྒྱ་ནག་གིས་ཤོད་བཞིན་པའི་བོད་ཞི་བས་བཅིངས་བཀྲོལ་བཏང་ཟེར་བ་འདིར་ལན་གཉིས་ཡོད།   དང་པོ་ནི།   ཞི་བ་ཟེར་བ་ཡོད་པ་མ་རེད།    དམག་འཁྲུག་གི་ལག་ཐབས་སྤྱད་པ་རེད།  གཉིས་པ་ནི།  བཅིངས་བཀྲོལ་མ་རེད།  དེ་ནི་བཙན་འཛུལ་དང་བྲན་བཀོལ་རེད།

བོད་ཀྱི་གནས་དོན་འདིར།   ང་ཚོས་རྒྱ་ནག་གི་མགོ་པ་ཁོ་རང་ཚོའི་སྐད་ཆ་བེད་སྤྱད་ནས་བཤད་ན་ཧ་ཅང་གསལ་པོ་ཆགས་ཀྱི་རེད།   དང་ཐོག་ང་ཚོས་སྤྱི་ལོ   ༡༩༡༢  ལ་ཅིག་བལྟ།  འདི་སྐབས་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་སྲིད་འཛིན་ཆེན་མོ་ཡོན་ཧྲི་ཁེ་ཡིས་བལ་ཡུལ་དང་བོད་རྒྱལ་ཁབ་ཀྱི་སྲིད་གཞུང་གཉིས་ལ་ཡིག་འཕྲིན་རེ་བཏང་ཡོད།   ཡི་གེའི་ནང་འཁོད་དོན།  ད་ཆ་རྒྱ་ནག་མི་སེར་རྒྱལ་ཁབ་དབུ་བརྙེས་ཡོད་པས་བལ་ཡུལ་དང་བོད་གཉིས་རྒྱ་ནག་མི་སེར་རྒྱལ་ཁབ་ཏུ་ཞུགས་རྒྱུའི་རེ་བ་ཡོད་ལ།  ༼  མི་རིགས་ལྔ་མཐུན  ༽  ཟེར་བ་མངོན་འགྱུར་བྱུང་ན་ཞེས་བཀོད་ཡོད་པ་དེར།   བོད་གཞུང་དང་བལ་ཡུལ་སྲིད་གཞུང་གཉིས་ཀས་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་རེད།  ཡང་གཅིག་བཤད་ན།   ཡོན་ཧྲི་ཁེའི་ཡིག་འཕྲིན་ནས་ཚུར་མངོན་ཐུབ་པ་ནི་བོད་འདི་ཉིད་སྐབས་དེར་རྒྱ་ནག་སྲིད་གཞུང་དང་འབྲེལ་བ་རྩ་བ་ནས་མེད་པ་བསྟན་པ་རེད།    ཡང་དེའི་རྗེས་ནས།  སྤྱི་ལོ  ༡༩༣༤  ལོ་སྟེ།  དམར་དམག་རྒྱང་བསྐྱོད་སྐབས།     མའོ་ཙེ་ཏུང་གིས་དམར་དམག་གི་མགོ་ཁྲིད་ཡོད་པའི་སྐབས་ཤིག་ལ་ཁོང་ཚོ་བོད་ས་བརྒྱུད་དགོས་ཐུག    དེའི་ཚེ་ཁོང་ཚོས་བོད་མིའི་ལག་པ་ནས་འབྲུ་རིགས་གཡར་དགོས་ཐུག་པ་དང་།   དེ་དང་མཉམ་དུ་སྡོད་གནས་དང་ལམ་རྒྱགས་ཀྱང་གཡར་དགོས་ཐུག་པ་རེད།   རྗེས་སོར་ཞིག་ནས་མའོ་ཙེ་ཏུང་གིས་ཨེ་ཏིས་ཅཱ་སི་ནོ ༼  ཨ་རིའི་མཁས་པ་ཞིག   ༽ དང་སྐད་ཆ་ཤོད་སྐབས།   དེ་ནི་ང་ཚོས་ཕྱིའི་རྒྱལ་ཁབ་ལ་ཟུག་པའི་བུ་ལོན་གཅིག་པུ་དེ་ཡིན་ཞེས་བཤད།   ཡང་གཅིག་བཤད་ན།  མའོ་ཙེ་ཏུང་གིས་ཀྱང་སྐབས་དེར་བོད་ཕྱིའི་རྒྱལ་ཁབ་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དེ་རེད།   དེ་མིན་གཞན་ཞིག་ནི་སྤྱིལོ  ༡༩༤༩  ལོ་སྟེ།   མའོ་ཙེ་ཏུང་སུའུ་ལེན་ལ་སྐྱོད་པའི་སྐབས།   ཐེངས་དང་པོ་སུའུ་ལེན་ལ་བོད་ཀྱི་སྐོར་གླེང་བ་རེད།   རྒྱུ་མཚན་ནི་སུའུ་ལེན་གྱིས་རྒྱ་ནག་ལ་རྒྱབ་སྐྱོར་བྱས་ནས་སུའུ་ལེན་ཁོ་རང་གི་བྱེད་ཐབས་ལྟར་དམར་མདོག་གི་ས་ཁོངས་བསྐྱེད་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད།   སུའུ་ལེན་ཁོ་རང་གི་གྲུབ་སྟངས་ཀྱང་མ་གཞི་ནས་དམར་མདོག་ཅན་རེད་ལ།   སུའུ་ལེན་གྱིས་ཨུ་རུ་སུ་དམར་པོར་བསྒྱུར་རྗེས་ཕྱིའི་རྒྱལ་ཁབ་ཏུ་རྒྱ་བསྐྱེད་བྱས།   མཐར་མནའ་ཞུགས་སྤྱི་མཐུན་རྒྱལ་ཁབ་བཞི་ལྔ་ཅིག་ཆགས་པ་རེད།   སྤྱི་ལོ  ༡༩༤༠  ལོེ་སྟེ།   ཆེས་ཐ་མར་མཉམ་ཞུགས་བྱས་པའི་པོ་ལོ་ཏིས་ཧེའི་རྒྱལ་ཁབ་གསུམ་ཡང་ཐེ་ཡོད། ༼  ལི་ཐུ་ཝེ་ནི་ཡ།  ལ་ཐེ་ཝིས་ཡ།  ཨེ་སོ་ནི་ཡ། ༽  སུའུ་ལེན་འཐོར་ཞིག་ལ་ཕྱིན་པའི་ཚེ་གཞི་ནས་ལོ་རྒྱུས་ངོ་མ་སོར་ཆུད་པ་རེད།  རྗེས་སུ་སུའུ་ལེན་རྒྱལ་ཁབ་ཟེར་བ་མེད་ལ།   ཨུ་རུ་སུའི་རྒྱལ་ཁབ་ཟེར་བའང་མེད།   སྔ་མའི་རྒྱལ་ཁབ་ཀྱི་མིང་བརྗེ་བསྒྱུར་བྱས་ནས་སུའུ་ཨུ་མཉམ་སྦྲེལ་རྒྱལ་ཁབ་ཅེས་པ་དབུ་བརྙེས་ཏེ་དམར་མདོག་ས་ཁོངས་རྒྱ་བསྐྱེད་བྱས་པ་རེད།   ཡིན་ནའང་།   མའོ་ཙེ་ཏུང  ༡༩༤༩  ལོའི་ཟླ་བ  ༡༢  པའི་ཚེས  ༡༢  ཉིན་སུའུ་ལེན་དུ་སྐྱོད་པའི་ལམ་བར་ཏེ་མེ་འཁོར་ནས་རྒྱ་ནག་གུང་ཁྲན་ལ་ཡི་གེ་ཞིག་བྲིས་ཡོད།   ཡི་གེའི་ནང་བཀོད་དོན།   དོན་ངོ་མས་ཨ་རི་དང་རྒྱ་གར་ཚང་མས་བོད་བཅོམ་རྒྱུའི་བསམ་ཚུལ་ཡོད་པ་འདྲ།   དེ་ལས་ང་ཚོས་སྔོན་དུ་བཅོམ་བཏང་ན་ཟེར།   འདིར་ཡང་གཅིག་བཤད་ན།   ང་ཚོས་ཁོ་པ་ཚོའི་སྔོན་དུ་བཙན་གྱིས་འགྲོ་དགོས་ཟེར།   འདི་དོན་མའོ་ཙེ་ཏུང་ཁོ་རང་གིས་ཀྱང་དེ་སྔོན་བོད་སྐོར་ཕྱི་རྒྱལ་བ་དེར་བཤད་པའི་ཁས་ལེན་དང་འགལ་ཟླ་སོང་ཡོད་སྙམ།   འོ་ནའང་།  བོད་སྐོར་ཐག་གཅོད་བྱ་བའི་སླད་རྒྱ་དམག་མི་ཁྲི་ཚོ  ༤  ཡན་གྱི་དཔུང་ཆེན་དེ་ཟི་ཁྲོན་རྔ་པའིས་ཁུལ་ནས་ཆབ་མདོ་བར་བརྒྱབ་པ་དང་།  རྗེས་ནས་དྲག་ཤུགས་འོག  ༼  འུ་ཐུག་ཆིངས་ཡིག    ༽   འཇོག་དགོས་བྱུང་བ་རེད།   དེར་བརྟེན་ཞི་བ་མ་རེད་ལ།  བཅིངས་འགྲོལ་ཡང་མ་རེད།  དེ་ནི་བཙན་འཛུལ་དང་བྲན་བཀོལ་རེད།

གཙོ་སྐྱོང་བ། འོ་ན།   དེའི་རྗེས་ནས  ༼  ཆིངས་དོན་བཅུ་བདུན  ༽  ལ་བརྩི་བཀུར་བྱས་ཡོད་པ་རེད་དམ།

ཁྲན་ཕོ་ཁུང་། ཨོ།   ༼  ཆིངས་དོན་བཅུ་བདུན   ༽  འདི་ལྟར་རེད། དེའི་ནང་གི་དོན་ཚན་བཞི་པར་བརྗོད་དོན།   བོད་ཀྱི་ཆབ་སྲིད་ལམ་ལུགས་བསྒྱུར་བཅོས་མི་བྱ་རྒྱུ་དང་།   ཏཱ་ལའི་བླ་མའི་རང་ཆས་ཀྱི་གོ་ཐོབ་རྣམས་སོར་འཇོག   བོད་ཀྱི་དགོན་སྡེ་ཁག་དང་རིམ་ཁག་མགོ་ཁྲིད་ཚོ་སྔར་མུས་ལྟར་ལས་འཁུར་བྱ་རྒྱུ་ཞེས་བཀོད་ཡོད།    རྗེས་ནས་རྒྱ་ནག་གིས་ཁས་ལེན་འདིར་རྒྱབ་འགལ་བྱས་པ་རེད།   ཡང་དོན་ཚན་བཅུ་གཅིག་པར།   བོད་སྐོར་གྱི་བསྒྱུར་བཅོས་བྱེད་ཐབས་ལས་དོན་རིགས་གང་ཞིག་ཡིན་ནའང་།   དབུས་གཞུང་ནས་བཙན་འགེལ་བྱེད་རྒྱུ་མིན་པ་དང་།   བོད་ས་གནས་སྲིད་གཞུང་ནས་རང་འགུལ་ངང་བསྒྱུར་བཅོས་དང་།   མི་དམངས་ཀྱིས་བསྒྱུར་བཅོས་བྱ་དགོས་པའི་རེ་བ་བཏོན་པ་དེའི་ཚེ་བོད་ཀྱི་དབུ་ཁྲིད་ཚོ་དང་གྲོས་མོལ་ཐབས་ལམ་བརྒྱུད་ཐག་གཅོད་བྱ་དགོས་ཞེས་བཀོད་ཡོད།  འོ་ནའང།   དེ་རྗེས་རྒྱ་ནག་རང་ཉིད་ཀྱིས་ས་གནས་བོད་པ་ཚོ་དང་གྲོས་མོལ་བྱ་རྒྱུ་ཟེར་བ།  བསྒྱུར་བཅོས་བྱ་རྒྱུ་མིན་ཟེར་བ།  མི་དམངས་ཚོས་འདོད་འདུན་ཡོད་པ་དེའི་ཚེ་ཟེར་བ་ཐམས་ཅད་རྒྱབ་འགལ་དུ་བཏང་བ་རེད།  སྤྱི་ལོ  ༡༩༥༦  ལོར ༼ དམངས་གཙོ་བཅོས་སྒྱུར  ༽ འབོད་པ་དེར་ཤུགས་བརྒྱབ་པ་རེད།  དེའི་ཚེ་རྒྱ་ནག་སྐམ་ས་ཆེན་མོ་རང་ཉིད་ལ་ཡང  ༼ དམངས་གཙོ་བཅོས་སྒྱུར  ༽  བྱས་མེད་ལ་གཅིག་སྡུད་ཀྱིས་དབང་སྒྱུར་བྱེད་བཞིན་ཡོད།  དེའི་ཕྱིར་ཁོས་ཇི་ལྟར་བོད་ལ་སོང་ནས  ༼ དམངས་གཙོ་བཅོས་སྒྱུར  ༽  བྱེད་ཀྱི་རེད།  དེས་ན  ༼  ཆིངས་དོན་བཅུ་བདུན ༽  འདི་གཙབ་ཧྲལ་དང་རྒྱབ་འགལ་བཟོ་མཁན་དེ་རྒྱ་ནག་གུང་ཁྲན་རེད་མ་གཏོགས་ཏཱ་ལའི་བླ་མའི་ཕྱོགས་མ་རེད།   རྒྱ་ནག་རང་ཉིད་ཀྱིས ༼ ཆིངས་དོན་བཅུ་བདུན  ༽ དབྲལ་བཤིག་བྱས་པར་བརྟེན་རྒྱ་ནག་དང་བོད་ཀྱི་འབྲེལ་བར་ཕྱོགས་ཡོངས་ནས་གདོང་ཐུག་ཐེབས་དགོས་པའི་འགྱུར་མཚམས་དེ་ཆགས་པ་རེད།

གཙོ་སྐྱོང་བ། གཤམ་གྱི་དྲི་བ་འདི་ནི་སྐུ་ཞབས་ཀུན་དགའ་བཀྲ་ཤིས་ལ་ཡིན། ང་ཚོས་ཤེས་གསལ་ལྟར་རྒྱ་ནག་གི་དྲིལ་བསྒྲགས་དང་སློབ་དེབ་བཅས་ཀྱི་ནང་དུ།  སྤྱི་ལོ  ༡༩༥༡  ལོར་བོད་བཅིངས་འགྲོལ་མ་བཏང་སྔོན་དུ་བོད་ད་དུང་ཡང་ཞིང་བྲན་ལམ་ལུགས་ན་གནས་བཅས་པ་དང་།   ཁྱི་ཕག་ལས་ཀྱང་ཉམ་ང་བའི་ཞིང་བྲན་འཚོ་བར་སྐྱེལ་བཞིན་ཡོད་ཟེར།   དེ་ནས་བཅིངས་འགྲོལ་དམག་མིས་ཞིང་བྲན་བཅིངས་འགྲོལ་བཏང་བ་དང་།   བོད་འབངས་ཡར་ལངས་ཀྱི་འཚོ་བར་སྐྱེལ་དུ་བཅུག་ནས་མེས་འཚིག་ཆུས་ཁུར་གྱི་འཚོ་བ་ལས་བསྒྲལ་བ་རེད་ཟེར།  ཨ་ཅང་ང་ཚོ་ཡང་ཆུང་ཆུང་སྐབས་སློབ་གསོ་གདོང་ལེན་བྱེད་དུས།   ཨ་རིའི་མི་དམངས་དང་ཐའེ་ཝན་ཡང་མེས་འཚིག་ཆུས་ཁུར་གྱི་གནས་སྐབས་ན་ཡོད་རེད་ཟེར་མྱོང་།   དེ་ནས་ང་ཚོ་ཕྱི་ལོགས་ན་སླེབས་དུས་དངོས་དོན་ཕྱིན་ཅི་ལོག་ཏག་ཏག་ཆགས་ཡོད་པ་ད་གཟོད་གཞི་ནས་ཧ་གོ་སོང་།   མི་གང་མང་མང་ཞིག་ནས་བོད་ཀྱི་གནད་དོན་འདིར་ཆ་རྒྱུས་མེད།  རྒྱ་ནག་བོད་ལ་མ་འཛུལ་གོང་དུ་བོད་ཞིང་བྲན་ལམ་ལུགས་ཤིག་རེད་དམ་མ་རེད།   རྣམ་པ་ཇི་ལྟ་བུའི་ཞིང་བྲན་ལམ་ལུགས་ཤིག་རེད་དམ།

ཀུན་དགའ་བཀྲ་ཤིས། གཙོ་སྐྱོང་བས་གོ་སྐབས་འདི་གནང་བར་ཐུགས་རྗེ་ཆེ།  དེ་དང་མཉམ་དུ་བརྒྱུད་ལམ་ནས་མཉམ་ཞུགས་བྱེད་མཁན་བ་ཚོར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཡོད །   གཙོ་སྐྱོང་བས་ད་ལྟ་གོང་དུ་འཕངས་པའི་དྲི་གཞི་དེ་ནི།  རྒྱ་ནག་གིས་བོད་དབང་སྒྱུར་བྱས་ཚུན་ཐོག་མཐའ་བར་གསུམ་དུ་དྲིལ་སྒྲོག་བྱེད་པའི་ཐབས་ལམ་རྙིང་པ་ཞིག་རེད།   སྤྱི་ལོ   ༡༩༥༡  ལོའི་ཡན་ཏེ་  རྒྱ་ནག་བོད་དུ་བཙན་འཛུལ་མ་བྱས་གོང་།  སྤྱིར་ཡོངས་ཁྱབ་ཀྱིས་བོད་ཀྱི་སྤྱི་ཚོགས་ཕྱི་ཕྱོགས་དང་འབྲེལ་འདྲིས་དེ་ཙམ་མེད་ལ།  སྒོ་གཏན་རིང་ལུགས་ཞིག་དང་།   ཆོས་སྲིད་ཟུང་སྦྲེལ་གྱི་ལམ་ལུགས་ཤིག་ཀྱང་རེད།    གཉིས་ཐད་ནས་མི་ལོ  ༦༠  སྔོན་གྱི་ལམ་ལུགས་དེ་ད་ལྟའི་སྤྱི་ཚོགས་དང་བསྡུར་ཐབས་ག་ནས་ཡོད།   གང་ལྟར་ཀྱང་རྒྱ་ནག་གུང་ཁྲན་བོད་དུ་བཙན་འཛུལ་མ་བྱས་སྔོན་གྱི་བོད་པའི་སྤྱི་ཚོགས་ཇི་འདྲ་ཡིན་ནའང་མི་སེར་གྱི་འཚོ་བ་རང་ཁ་རང་གསོ་ཡོད་པ་མ་ཟད།   ཕལ་ཆེར་བོད་ཀྱི་ལོོ་རྒྱུས་ཐོག་ཏུ་མུག་ཤི་ཐེབས་པའི་ཟིན་ཐོ་ཅི་ཡང་མེད་པ་རེད།   དེའི་སྟེང་དུ་སྐབས་དེའི་ཆོས་སྲིད་ཟུང་སྦྲེལ་གྱི་ལམ་ལུགས་འོག   མི་དམངས་མང་ཚོགས་ལ་ཆབ་སྲིད་ཀྱི་ཁོར་ཡུག་རང་དབང་ཡོད།  གང་དུ་སོང་ནའང་འགྲོ་འདུག་རང་དབང་ཆ་ཚང་ཡོད།   འཚོ་བའི་ཆ་རྐྱེན་ལ་ཡང་ནམ་ལངས་ཉི་མ་ཤར་ཐུབ་ཀྱི་ཡོད།   ད་ལྟ་ངས་གོང་དུ་བཤད་ཟིན་པ་ལྟར།  བོད་པ་མུག་ཤི་ཐེབས་པའི་ལོ་རྒྱུས་ཅི་ཡང་བྱུང་མྱོང་མེད་ལ།  མི་སོ་སོས་ཆོས་ལུགས་གང་ཞིག་ལ་དད་མོས་བྱས་ནའང་རང་དབང་རེད།  བོད་ཁུལ་དུ་བརྒྱ་ཆ ༩༠ ཡན་ནང་པ་སངས་རྒྱས་པ་ཡིན་པ་ཨ་ཅང་བརྗོད་མེད་རེད།  དེ་བཞིན་སུ་ཞིག་རབ་བྱུང་བསྒྲུབ་འདོད་དང་མི་འདོད་སོ་སོའི་རང་དབང་རེད།  འོན་ཏེ།  ༼  ཞི་བའི་ཆིངས་དོན་བཅུ་བདུན  ༽  ཟེར་བར་མིང་རྟགས་བཀོད་ཡོད་ནའང་།  ཁོ་པས་དོན་ཚན་དེ་དག་ལ་ལག་བསྟར་བྱས་མེད།  ང་རང་སྒེར་ལ་ཆ་མཚོན་ན།   བོད་ནང་ནས་སྐྱེས་འཚར་བྱུང་བའི་མི་ཞིག་ཡིན་ལ། ལྷག་པར་དུ་བོད་ཀྱི་རྒྱལ་ས་ལྷ་ས་རུ་སྐྱེས་པའི་བོད་མི་ཞིག་ཡིན།  དེའི་ཕྱིར་ན་རྒྱ་ནག་གིས་བོད་དབང་སྒྱུར་བྱས་པའི་སྤྱི་ཚོགས་ཀྱི་རྣམ་པ་དེ་ཇི་འདྲ་ཞིག་ཡིན་པ་ངས་ཤེས་ཀྱི་ཡོད།   དེ་ནས་སྤྱི་ལོ  ༡༩༨༢  ལོར་ཕྲན་རྒྱ་གར་དུ་སྐྱབས་བཅོལ་ལ་འབྱོར་བ་དང་།  བཙན་བྱོལ་བོད་གཞུང་གི་ལས་ཀར་ཞུགས་པ་ཡིན།  རྗེས་ནས་ཐའེ་ཝན་ལ་ཕྱིན་ནས་ལས་ཀ་བྱས་པ་ཡིན།  དེའི་ཕྱིར་སྤྱི་ཚོགས་སོ་སོའི་རྣམ་པ་ཇི་ཡིན་ངས་མཐོང་ཡོད།  ང་ལྟ་བུའི་བོད་མི་ཞིག་ལ།  འདས་པའི་མི་ལོ  ༦༠  དཔེར་བཀོད་བཅུག་ན།  མི་ལོ  ༦༠ དེ་ནི་སྡུག་བསྔལ་གྱི་དུས་རིམ་ཞིག་ཡིན་དུས།  ང་ཚོ་བོད་མི་ཚོས་ལོ་ངོ  ༦༠  དེར་སྡུག་གི་མཚོ་མོ་ཞིག་ལ་ངོས་འཛིན་གྱི་ཡོད།   ཅི་འདྲའི་གཏིང་ཟབ་པའི་སྡུག་བསྔལ་གྱི་མཚོ་མོ་ཞིག་རེད་ཨང་།   འདིར་ཁོ་པ་ཚོས་ཤོད་ཀྱིན་པའི་བོད་བཅིངས་འགྲོལ་གྱི་ལོ་ངོ་དྲུག་ཅུ་ཟེར་བ་གཏན་ནས་འདོད་མི་ཐུབ།   གལ་ཏེ།  ཆིངས་ཡིག་དེར་མིང་རྟགས་བཀོད་ཚར་རྗེས།  རྒྱ་ནག་གུང་ཁྲན་གྱིས་ཤོད་ཀྱིན་པ་ལྟར་བོད་མི་དམངས་བདེ་སྐྱིད་ལྡན་པའི་འཚོ་བར་ཐིམ་བསྡད་པ་དང་།  ཆབ་སྲིད་རང་དབང་བཅས་ཕྱོགས་ཐམས་ཅད་འཐུས་ཚང་ཡིན་ཚེ།  བོད་ནང་དུ་ད་ལྟའི་བར་དོན་རྐྱེན་དེ་འདྲའི་མང་པོ་ལྷག་དགོས་དོན་ཅི་ཞིག་རེད།  དཔེ་བཞག་ན།   ཉེ་དུས་བོད་ཀྱི་རྔ་པ་ས་ཁུལ་ན་དེ་འདྲའི་གནད་དོམ་མང་པོ་ལྷག་དགོས་དོན་གང་རེད།  དེ་ཚོ་དངོས་ཡོད་གནས་ཚུལ་རེད་བཱ། རྒྱ་ནག་གིས་ཟེར་ན།   ༼  བོད་ཀྱི་གནད་དོན   ༽ ཟེར་བ་ཡོད་པ་མ་རེད་ཟེར།   དོན་ངོ་མར།   སྤྱི་ལོ  ༡༩༥༡  ལོའི་གོང་དུ་ང་ཚོའི་གཞུང་གི་ཡིག་ཆའི་ནང ༼  བོད་ཀྱི་གནད་དོན  ༽  ཟེར་བའི་ཚིག་འབྲུ་འདི་བཞི་གཏན་ནས་མེད།   རྒྱུ་མཚན་ནི་སྐབས་དེར་གནད་དོན་ཡོད་པ་མ་རེད།   ད་ལྟ་གོང་དུ་སྐུ་ཞབས་ཧུའུ་ཕིང་ནས་གསུངས་པ་ལྟར།   རྒྱ་གུང་ཁྲན་བོད་སར་བཙན་འཛུལ་བྱས་རྗེས་ད་གཟོད  ༼  བོད་ཀྱི་གནད་དོན  ༽  ཟེར་བ་འདི་ལྷག་པ་རེད།    དེ་བཞིན་དུ ༡༩༥༩  ལོའི་ཟླ་བ ༣ པའི་ཚེས  ༡༠  ཉིན་རྒྱ་མིའི་དབང་སྒྱུར་ལ་བོད་མིས་ཞི་བའི་ངོ་རྒོལ་བྱས་པ་རེད།   བོད་དུ་ཅིས་ཀྱང་གནད་དོན་ཅི་གང་མེད་ཚེ།  འོ་ན།   རྒྱལ་སྤྱིའི་རང་དབང་ལྡན་པའི་བརྒྱུད་ལམ་ཁག་ཅིའི་ཕྱིར་བོད་ཀྱི་ས་གནས་ས་ཐོག་རང་ལ་རྟོག་ཞིབ་བྱ་བར་བསྐྱོད་མ་ཆོག་པ་རེད།                                མུ་འགོད་བྱ་རྒྱུ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།