ཐང་ཁྲོམ་སྟོན་མཁན་ཚོས་ཁྲལ་སྟེར་དགོས་བྱུང་བ།

གཡུ་སྒང་དགེ་འདུན།  དྷ་ས།

ཕྱི་ལོ་༢༠༡༡ ཟླ་༧ ཚེས་༥ ཉིན་ནས་དྷ་ས་མེག་ལོའི་སྲང་ལམ་དུ་བོད་པའི་ཁྲོམ་སྟོན་མཁན་ཚོར་ཀང་ར་རྫོང་གི་མངའ་ཁོངས་དྷསའི་“Sale Tax Office”ཚོང་ཁྲལ་བསྡུ་ལས་ཁུངས་ཀྱིས་བོད་པ་ཐང་ཁྲོམ་སྟོན་སའི་ཉལ་ཁྲི་རེ་རེ་ལས་ཁྲལ་བསྡུ་འགོ་བརྩམས། གཞུང་མང་ཡོངས་ཀྱིས་ཤེས་དགོས་པ་ཞིག་ནི།

ད་ལོར་མེག་ལོར་སྲང་ལམ་དུ་བོད་པ་ཚོོང་རྫས་ཐར་འཐོར་རེ་བཀྲམ་སྟེ་འཚོ་བ་འགྲོ་དང་མི་འགྲོ་མཚམས་ན་སྐྱེལ་བཞིན་པ་ཚོས་རྒྱ་གར་“Sale Tax Office”ཚོང་ཁྲལ་བསྡུ་ལས་ཁུངས་ལ་ཁྲལ་སྟེར་དགོས་བྱུང་བ་དེ་རེད། འདིའི་ཐད་ལ་ཚོང་ཁང་སྐྱིད་སྡུག་གི་འགན་འཛིན་མགོན་པོ་ལགས་དང། བདེ་དོན་ལས་ཁུངས་ཀྱི་སྐུ་ཚབ་ཅིག་བཅས་ཀྱིས་མེག་ལོའི་བོད་པ་ཐང་ཁྲོམ་སྟོན་མཁན་རྣམས་ལ་ཚོང་ཁྲལ་བསྡུ་ལས་ཁུངས་སུ་དཀའ་སྡུག་ཞུ་རོགས་བྱས། དངོས་ཡོད་གནས་ཚུལ་གྱི་དཀའ་ངལ་ཕྱི་གསལ་ནང་གསལ་གྱིས་ཞུས་ཀྱང་ཚོང་ཁྲལ་བསྡུ་ལས་ཁུངས་ཀྱི་འགོ་གཙོས་མཐའ་མའི་ཐག་གཅོད་ནི། ཚོང་སྟོན་མཁན་རེ་ནས་ལོ་གཅིག་ལ་སྒོར་སུམ་སྟོང་གི་ཁྲལ་སྟེར་དགོས་ཞེས་ཐག་བཅད། དེ་ནི་ལོ་རེ་འགྱུར་བ་འགྲོ་མིན་ལ་ངེས་གཏན་མེད་ལ། ཡང་གཞན་ཞིག་ནི་ཀམ་མི་ཀྲིས་“Committee”ཞེས་པའི་ལམ་ཟུར་དུ་ཁྲོམ་སྟོན་མི་འཇུག་པ་དེ་ཚོ་ལ་ད་ལྟའི་ཁྲལ་འདིས་ཕན་ཐོགས་མེད་པ་རེད། སྤྱིར་ཡུལ་ལུང་གང་དུ་ཕྱིན་ཡང། ཡུལ་དེའི་ཁྲིམས་ལྟར་འགྲོ་རྒྱུ་ཧ་ཅང་གལ་ཆེན་ཡིན། ཡིན་ནའང། ད་རེས་ཀྱི་ཁྲལ་བསྡུ་སྟངས་ནི། ཆ་སྙོམས་མིན་པ་དང། ཁྲལ་གཏན་ཆགས་མིན་པའི་རྣམ་པ་མཐོང།
༢༢༡༡/༧/༧ ཉིན་བོད་པ་ཐང་ཁྲོམ་སྟོན་མཁན་ཚོ་“Sale Tax Office”ཚོང་ཁྲལ་བསྡུ་ལས་ཁུངས་སུ་སོང་དུས་བོད་པ་ཤ་སྟག་ལས་གཞན་རྒྱ་གར་དང་ཀ་ཤི་མི་རི་(རྒྱ་གར་ཁ་ཆེ་)ཐང་ཁྲོམ་མཁན་དེ་ཚོ་གཅིག་ཀྱང་མེད་པ་དང། དངོས་ཡོད་ཡིན་ན་ཁོ་ཚོ་ཡང་བོད་པ་དང་མཉམ་དུ་ཁྲལ་བསྡུ་ལས་ཁུངས་སུ་འབྱོར་དགོས་པ་ཞིག་རེད། ད་ལོའི་ཁྲལ་བསྡུ་སྟངས་འདི་ལོ་རྗེས་མ་ལེགས་ཉེས་གང་དུ་འགྲོ་མིན་མི་ཤེས་པ་ཞིག་དང། ཁྲལ་སྤྱི་ཁོག་ཙམ་ལས་བསྡུས་མེད་སྟབས་ཁྲལ་གཏན་ཆགས་ཤིག་ཆགས་ཡོད་མེད་ལ་དོགས་གནས་སུ་གྱུར་ཡོད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།