བཙན་བྱོལ་བོད་གཞུང་ཞེས་འཁོད་པའི་སྟོད་གོས་དེ་ལ་ཐུག་འདུག
དབུས་གཞོན་ནུའི་ཚོགས་གཞོན་སྤོ་ཆུང་ཚང་དོན་གྲུབ་ལྷ་དར་ལགས་སུ་དུས་དབང་གོ་སྒྲིག་ཚོགས་ཆུང་གིས་སྤེལ་བའི་གསལ་བཤད་དང་། དེའི་སྔོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་བ་གཉིས་ཀྱི་སྐོར་དང་འབྲེལ་བའི་དོན་གནད་ཁག་ཅིག་སྐོར་བཅར་འདྲི་ཞུས་པ།
དྲི་བ། ཆབ་སྲིད་ཀྱི་རྣམ་པ་མངོན་རིགས་མི་འབྱུང་བའི་གྲོས་ཆོད་དགོངས་དོན་བཞིན། གཞོན་ལྷན་ཚོགས་གཙོར་གསལ་བཤད་རེ་སྐུལ་ཞུས་ཀྱང་ནུས་པ་མ་ཐོན་སྐོར་གསུངས་འདུག་པས། དེ་ག་འདྲ་ཡིན་ནམ།
ལན། གོ་སྒྲིག་ཚོགས་ཆུང་གིས་དེ་རིང་གསལ་བསྒྲགས་ནང་བཀོད་པའི་ནང་དོན་དེ་ནི། རང་སྐྱོན་འགེབས་ཆེད་བཤད་པའི་སྐད་ཆ་གསར་པ་ཞིག་རེད། གང་ལགས་ཞེ་ན། ཐོག་མར་དུས་དབང་གཏན་འཁེལ་བ་ནས་བཟུང་ང་ཚོས་གོ་སྒྲིག་ཚོགས་ཆུང་ལ་ཡིག་ངག་གཉིས་ཐོག་ནས་ཚོང་ར་ཞིག་གནང་སྐྱོང་ཡོང་བའི་འབྲེལ་བ་རིམ་པས་ཞུས་སྐབས། ཆབ་སྲིད་ཀྱི་རྣམ་པའམ་ཆབ་སྲིད་རང་བཞིན་གྱི་ཅ་དངོས་བཙོང་མི་ཆོག་པ་ཟུར་ཙམ་ཡང་གསུངས་མྱོང་མེད་པ་མ་ཟད། དེ་བས་ཀྱང་ཁྲོམ་ས་ལེན་མཁན་ཚོར་བཀྲམ་པའི་ཁྲོམ་སའི་ལམ་སྟོན་ཡིག་ཆ་ཞིག་ང་ཚོར་ཕྱི་ཟླ་༤ ཚེས་༡ ཉིན་བཏང་འབྱོར་བྱུང་བ་དང༌། དེ་བཞིན་ཁྲོམ་སའི་ལམ་སྟོན་ཡིག་ཆ་དོན་ཚན་༡༣ ད་ལྟ་ཡང་དུས་དབང་དྲ་རྒྱའི་ནང་ཡོད་བཞིན་པ་བཅས་ཡིག་ཆ་དེ་གཉིས་ཀའི་ནང་དུ་ཡང་ཆབ་སྲིད་རང་བཞིན་གྱི་ཅ་དངོས་བཙོང་མི་ཆོག་ཟེར་བའི་དོན་ཚན་ཟུར་ཙམ་ཡང་བཀོད་མེད་པས། ད་ལྟ་ཁོང་ཚོས་གསལ་བསྒྲགས་ནང་ཆབ་སྲིད་ཀྱི་རྣམ་པ་མངོན་རིགས་མི་འབྱུང་བའི་གྲོས་ཆོད་དགོངས་དོན་ཟེར་བ་ནི། འུག་པའི་རྫུན་དྲུག་བཤད་པའི་གཏམ་རྒྱུད་ལྟར་སྔོན་རྗེས་ལྷུ་མི་ཐུག་པའི་སྐད་ཆ་ཞིག་རེད་ལ། དུས་དབང་གོ་སྒྲིག་ཚོགས་ཆུང་ནང་རྒྱུན་ལྡན་བཀུར་འོས་རེ་བ་ཅན་ཁག་ཅིག་ཀྱང་ཡོད་པ་གོ་རྒྱུ་འདུག་པས། ཁོང་རྣམ་པས་ངན་པའི་རྒྱབ་རོགས་མི་གནང་བར། ངེས་པར་བཟང་སྤྱོད་དང་འགན་འཁུར་ཡོད་པའི་སྒོ་ནས་ནོར་འཁྲུལ་ཡོ་བསྲང་གི་ཕྱོགས་སུ་ཕེབས་རྒྱུའི་རེ་བ་ཞུ་ཡི་ཡོད།
ལྷག་པར་ད་བར་དུས་དབང་གང་དུ་གནང་ཡང་དེ་ལྟའི་ཐབས་སྐྱོའི་ཆ་རྐྱེན་བཏོན་མྱོང་རྩ་བ་ནས་མེད་ལ། དེ་བས་ཀྱང་ངེས་པར་དྲན་དགོས་པ་ཞིག་ལ་ང་ཚོ་བཙན་བྱོལ་བོད་མིའི་སྡེ་ཁག་དང་མི་སྒེར་ཡོངས་རྫོགས་ཆབ་སྲིད་སྐྱབས་བཅོལ་བའི་མིང་ཐོག་ནས་ཡོང་ཞིང་འཚོ་སྡོད་བྱེད་མཁན་ཤ་སྟག་ཡིན་པས། ཆབ་སྲིད་ཀྱི་རྣམ་པ་མངོན་མི་ཆོག་ཟེར་བ་དེ་བོད་མི་ཞིག་གི་ངོས་ནས་བསམ་བརྗོད་མི་ཕོད་པའི་ཧ་ཅང་ཐབས་སྡུག་གི་གནས་ཚུལ་ཞིག་དང༌། དེ་ནི་ཁྱེད་རང་སུ་ཡིན་པའི་གདོང་པ་བསྟན་མི་ཆོག་པ་དང༌། ཁྱེད་རང་གི་འགན་འཁུར་གང་ཡིན་པ་བསྒྲུབ་མི་ཆོག་ཟེར་བ་དང་གཅིག་མཚུངས་མ་རེད་དམ།
དྲི་བ། ད་དུང་རྒྱལ་དར་འགྲེམས་སྤེལ་ཚོང་འགྲེམས་མི་ཆོག་པ་ཡང་བརྗོད་ཚུལ་འདུག་པས། དེ་བདེན་པ་རེད་དམ།
ལན། གོ་ཐོས་ལ། ཧ་ཅང་བློ་ཕམ་དགོས་པའི་གནས་ཚུལ་ད་དུང་གཉིས་ཙམ་བྱུང་འདུག དང་པོ་དེ། སྐབས་དེར་སྐལ་ལྡན་བློ་གྲོས་དང་མཉམ་དུ་ཡོང་བའི་དུས་དབང་གོ་སྒྲིག་ཚོགས་ཆུང་ནང་ལས་ཀ་བྱེད་མཁན་བོད་རིགས་ཤིག་གིས་བོད་ཀྱི་རྒྱལ་དར་ཚོང་འགྲེམས་བྱེད་པ་དེ་ཡང་མི་ཆོག་སྐོར་བརྗོད་འདུག གཉིས་པ་དེ། ཕྱི་ཉིན་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིའི་སྐབས། དུས་དབང་གོ་སྒྲིག་ཚོགས་ཆུང་གི་མགྲིན་ཚབ་པ་ཡིན་ཟེར་བ་ཞིག་གིས་གོ་སྒྲིག་ཚོགས་ཆུང་གིས་དང་ཐོག་ནས་རྒྱ་མིའི་སྐྱོན་འཛུགས་མི་ཡོང་ཆེད་ཆབ་སྲིད་མི་ཡོང་བ་བྱ་རྒྱུའི་ཐག་གཅོད་ཡོད་སྐོར་བཤད་སོང༌། དེ་ལྟར་བཙན་བྱོལ་བོད་གཞུང་འཁོད་པའི་སྟོད་ཐུང་ཚོང་འགྲེམས་མི་ཆོག་པ་དང༌། གཞོན་ལྷན་ཚོགས་གཙོའི་ཐོག་ཉེན་རྟོག་མི་སྣ་སྐད་གཏོང་རྒྱུ་ཡིན་ཟེར་ནས་འཇིགས་སྐུལ་བྱས་པ་སོགས་སྤྱི་ཡོངས་དེ་རིང་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ལས་བྱེད་ཚོས་གསུང་སྟངས་བྱེད་སྟངས་དེ་ཚོ་ལ་བལྟས་ན། དེ་རིང་དུས་དབང་གོ་སྒྲིག་གནང་ཡུལ་དེ་རང་དབང་ཅན་གྱི་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་མིན་པར། བཙན་དབང་དང་བཀག་སྡོམ་ཅན་གྱི་རྒྱ་ནག་གི་རྒྱལ་ས་པེ་ཅིན་ཡིན་པ་དང༌། དུས་དབང་གོ་སྒྲིག་ཚོགས་ཆུང་ནང་དུ་རྒྱ་རིགས་ལས་བྱེད་པ་ཡང་གང་འཚམས་ཤིག་སླེབས་ཡོད་པ་ལྟ་བུའི་ཚོར་སྣང་བྱུང་སོང༌།
དྲི་བ། རྣམ་པ་ཚོས་ཚེས་༡༥ གོང་སྐལ་ལྡན་བློ་གྲོས་ལགས་ཀྱིས་ཡིག་ངག་གཉིས་ཐོག་ནས་དགོངས་སེལ་མ་ཞུས་ཚེ། གདོང་ལེན་མཐར་ཕྱིན་བྱ་རྒྱུ་ཡིན་གསུངས་འདུག་པར། ད་བར་ལན་བྱུང་མིན་དང་གདོང་ལེན་ཇི་ལྟར་གནང་རྒྱུ་ཡིན་ནམ།
ལན། ལགས་རེད། ང་ཚོ་དབུས་རྒྱུན་ལྷན་ཚོགས་ཀྱིས་ཐག་གཅོད་བརྒྱུད་གསར་འགོད་ལྷན་ཚོགས་དང་གོ་སྒྲིག་ཚོགས་ཆུང་ལ་ཕུལ་བའི་ཡི་གེར་དགོས་ངེས་ཀྱི་བརྡ་ལན་ད་བར་མ་བྱུང་བས། ཐོག་མའི་བསྒྲགས་གཏམ་ལྟར་གདོང་ལེན་མཐར་ཕྱིན་བྱ་རྒྱུར་འགྱུར་བ་མེད། འོན་ཀྱང་དུས་དབང་མཇུག་བསྒྲིལ་བར་དུ་ཕྱིར་འཐེན་དང༌། དེ་རྗེས་ང་ཚོས་ངེས་པར་གདོང་ལེན་མཐར་ཕྱིན་བྱ་རྒྱུ་དེ། བོད་རང་བཙན་གྱི་འཐབ་རྩོད་དང༌། སྒྲིག་འཛུགས་ཀྱི་ཆེ་མཐོང་ལ་འབྲེལ་བའི་གནད་དོན་གལ་ཆེན་ཞིག་དང་དབུས་རྒྱུན་ལྷན་འཛོམས་ཀྱི་ཐག་གཅོད་ཅིག་ཆགས་ཡོད།
དྲི་བ། གཞོན་ལྷན་ལ་དམིགས་བསལ་བྱས་ཏེ་གསུང་རའི་ནང་ས་ཆ་སྤྲད་པ་ལས། དེ་མིན་སྤྱི་སྒེར་སུ་ལ་ཡང་སྤྲད་མེད་གསུངས་འདུག་པས། དེ་ཅི་འདྲ་རེད་དམ།
ལན། གསུང་རའི་ནང་དུ་ང་ཚོ་གཅིག་པུ་མིན་པར། དཔེ་མཚོན་ཞིག་ཞུས་ན་ང་ཚོ་དང་མཉམ་དུ་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཁྲོམ་ས་ཡང་ཡོད་འདུག་ཅིང༌། ཁོང་ཚོའི་ཚོང་ཆས་ནང་བོད་དོན་འཐབ་རྩོད་དང་འབྲེལ་བའི་བརྗོད་ཚིག་ག་རེ་ཡོད་མེད་དང་དེ་དག་ཆབ་སྲིད་དང་འབྲེལ་བ་ཡོད་མེད་ཀྱང་ཚང་མས་མཁྱེན་གསལ་ཡིན་ཞིང༌། གནད་དོན་དེ་ནས་དེ་རིང་གཡས་སྐོར་གཡོན་སྐོར་ཇི་ལྟར་བྱས་ཀྱང༌། ང་ཚོའི་ཚོགས་གཙོ་དང་ཚོང་ཆས་ཕྱིར་འཕུད་བྱས་པ་དེ་སྤྱི་ཡོངས་ཆབ་སྲིད་ཙམ་གྱི་གནད་དོན་མིན་པར། སྡང་ཟུག་དང་ཕྱིར་འཕུད་བྱ་དོན་གཙོ་བོ་དེ། བཙན་བྱོལ་བོད་གཞུང་གི་མཚན་བྱང་འཁོད་པའི་སྟོད་གོས་དེ་ལ་ཐུག་གི་འདུག དེ་ནི་ཧ་ཅང་གི་བློ་ཕམ་དགོས་པ་ཞིག་རེད་བསམ་གྱི་འདུག གང་ལགས་ཤེ་ན། བཙན་བྱོལ་བོད་གཞུང་གི་མཚན་བྱང་དེ་ནི་ལོ་རྒྱུས་རང་བཞིན་ཏེ། འདས་པའི་བོད་རང་བཙན་གྱི་བདེན་དཔང་དང༌། མ་འོངས་བོད་རང་བཙན་སླར་གསོའི་རེ་བའི་འབྱུང་ཁུངས་གལ་ཆེན་ཞིག་ཡིན་པས། དེར་བོད་མི་ཡོངས་ཀྱིས་ངོས་འཛིན་གུས་བཀུར་དགོས་པ་ལས། འཇིགས་སྣང་སྡང་ཟུག་བྱས་ཏེ་བཙན་བྱོལ་བོད་གཞུང་གི་མཚན་བྱང་བེད་སྤྱོད་བྱས་པ་དེ་ཁྲིམས་འགལ་ཡིན་ཚུལ་བཤད་པ་དང༌། དེ་བོད་གཞུང་དང་ྋགོང་ས་མཆོག་ལ་ཁ་གཏད་རེད་ཟེར་བ་སོགས་ནི། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་བཙུགས་པ་ནས་ད་བར་ལངས་ཕྱོགས་འགྱུར་བ་མེད་པར། བོད་རང་བཙན་སླར་གསོའི་ལངས་ཕྱོགས་དང་ལས་འགུལ་སྤེལ་བཞིན་པ་མ་རྟོགས་པའི་ཧམ་བཤད་ཅིག་ཡིན་པ་མ་ཟད། དེ་ལྟར་བཙན་བྱོལ་བོད་གཞུང་གི་མཚན་བྱང་བེད་སྤྱོད་བྱས་པར་འཇིགས་སྣང་སྡང་ཟུག་བྱས་པ་ནི། བོད་ཀྱི་ལོ་རྒྱུས་དང་རང་བཙན་འཐབ་རྩོད་ལ་རྩིས་མེད་ཁྱད་གསོད་བྱས་པ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། ལྷག་པར་བོད་རང་བཙན་གྱི་དོན་དུ་སྐུ་སྲོག་ཤོར་བའི་དཔའ་བོ་དཔའ་མོ་ཁྲི་འབུམ་ལ་གུས་བཀུར་མ་ཞུས་པའི་གནད་དོན་ཧ་ཅང་ཚབས་ཆེན་ཡིན་པ་ལས། གནད་དོན་ཆུང་ཆུང་ཞིག་གཏན་ནས་ཆགས་མེད།
གལ་ཏེ་བཙན་བྱོལ་བོད་གཞུང་གི་མཚན་བྱང་བེད་སྤྱོད་བཏང་བ་གྲོས་ཚོགས་དང་བོད་གཞུང་ལ་ཁ་གཏད་ཆགས་ཀྱི་ཡོད་ན། བོད་རང་བཙན་གྱི་འབོད་སྒྲ་དང༌། བོད་རང་བཙན་གྱི་ལོ་རྒྱུས་ཡིག་ཆ་ཁག་ཀྱང་ཁྲིམས་འགལ་དང༌། ཉེས་ཅན་ཆགས་ཀྱི་མ་རེད་དམ། ད་དུང་དེ་ལྟར་ན། ད་བར་བོད་རང་བཙན་ཆེད་རང་སྲོག་བློས་གཏོང་མཁན་གྱི་དཔའ་བོ་དཔའ་མོ་ཚོ་ཡང་ཁྲིམས་འགལ་ཆགས་ཀྱི་མ་རེད་དམ། མདོར་ན། དེ་རིང་གི་ཧམ་སྤྱོད་འདི་རིགས་ལ་གདོང་ལེན་མ་བྱས་ན། མ་འོངས་པར་མི་འདིའི་རིགས་ཀྱིས་རིམ་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཡོད་མི་ཆོག་པ་དང༌། བོད་ཀྱི་རྒྱལ་དར་སྒྲེང་མི་ཆོག་པ། བོད་ཀྱི་རྒྱལ་གླུ་གཏོང་མི་ཆོག་པ་སོགས་ཀྱི་འཇིགས་སྐུལ་བྱས་ཏེ། རིམ་པས་བཙན་བྱོལ་ནང་བོད་རང་བཙན་འཐབ་རྩོད་འབུར་འཇོམས་རྩ་མེད་གཏོང་ངེས་རེད།
དྲི་བ། ཁ་ཤས་ཀྱི་དྲ་རྒྱའི་ནང་དུ་གནད་དོན་དེའི་ཐད་གཞོན་ལྷན་གྱི་གསལ་བསྒྲགས་སྤེལ་བ་མི་འགྲིག་ཚུལ་མརྗོད་མཁན་འདུག་པར་དགོངས་ཚུལ་ག་རེ་ཡོད།
ལན། དྲ་རྒྱའི་ནང་དུ་ག་རེ་གསུངས་མིན་རང་དབང་ཡིན་པའི་དབང་དུ་བཏང་ཡང༌། འགྲོ་བ་མི་ཞིག་ཡིན་པའི་ངོས་ནས་དང༌། བོད་པ་ཞིག་ཡིན་པའི་ངོས་ནས་ངེས་པར་དྲང་པོ་དང༌། འཐབ་རྩོད་ལ་འགན་འཁུར་ནས་གསུང་དགོས། དེ་ནི། དཔེར་ན། དོན་མེད་བསྙོན་འཛུགས་ཀྱིས་གཞན་ལ་མུར་རྫོག་ཞུ་མཁན་དེར་སྡུག་ཅག་རེད་མ་བརྗོད་པར། མུར་རྫོག་གཞུ་ཡུལ་དེས་མུར་རྫོག་གཞུས་ནས་ན་ཚ་བཏང་བྱུང་བརྗོད་པར་སྡུག་ཅག་རེད་ཟེར་བ་དང་གཅིག་མཚུངས་ཡིན་པས། མང་ཚོགས་ནས་སུ་བདེན་སུ་མི་བདེན་གསལ་པོ་མཁྱེན་ངེས་རེད།།