བཙན་གནོན་འོག་གི་མི་ལོ་དྲུག་ཅུ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༤༢
ཕྱི་ཟླ་༧ ཚེས་༡༩ ཉིན་གྱི་སྔ་དྲོ་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་༦༠ འཁོར་བ་ཟེར་བའི་རྟེན་འབྲེལ་མཛད་སྒོ་ཞིག་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཚོགས་ཡོད་པ་དང། མཛད་སྒོ་དེར་ཕྱི་ལོ་༢༠༡༢ ལོར་རྒྱ་ནག་གི་སྲིད་འཛིན་དུ་དམིགས་ཡོད་པ། དེང་སྐབས་རྒྱ་ནག་དབུས་ཆབ་སྲིད་ཅུས་ཟེར་བའི་རྒྱུན་ལས་དང་།

རྒྱལ་ཁབ་ཀྱི་གཙོ་འཛིན་གཞོན་པ། རྒྱ་ནག་དམག་དོན་གྱི་འགོ་གཙོ་གཞོན་པ་ཞི་ཅིན་ཕིང་མཛད་སྒོ་དེར་བཅར་ནས། མི་ལོ་༦༠ རིང་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་ཐོབ་པ་དང་། ལོ་དེ་དག་གི་རིང་དབུས་གཞུང་གི་བཀའ་དྲིན་འོག་བོད་ཀྱི་ཡར་རྒྱས་དང་འཛུགས་སྐྲུན་ཞི་བདེ་བརྟན་ལྷིང་སོགས་ཧ་ཅང་ཤུགས་ཆེ་ཡོད་སྐོར་ཡང་བརྗོད་སོང་།

དོན་དངོས་ཐོག་མི་ལོ་༦༠ རིང་འགྱུར་བ་ཆེན་པོ་ཐེབས་ཡོད་ཀྱང་དོན་དངོས་དེ་དག་རྒྱ་དམར་གཞུང་གི་བཀའ་དྲིན་ཡིན་མིན་ཚང་མས་བསམ་བློ་གཏོང་དགོས་པ་ཞིག་རེད། འཛམ་གླིང་འདིའི་ཐོག་མི་ལོ་༦༠ དེའིི་ནང་ཕྱིའི་དངོས་པོ་ཡར་རྒྱས་ཆེན་པོ་ཕྱིན་ཡང་། དེ་དག་ཚང་མ་རྒྱ་གཞུང་གི་བཀའ་དྲིན་མིན་པ་དང་། བོད་གཞུང་གི་ངོས་ནས་སྐབས་དེ་དུས་ནས་དེང་དུས་དང་མཐུན་པའི་ལས་ཀ་མང་པོ་ཞིག་འགོ་འཛུགས་བྱས་ཡོད་པ། དཔེར་ན་ཏར་འཕྲིན་དང་། རླུང་འཕྲིན། རླངས་འཁོར། གློག་སོགས་གསར་འཛུགས་བྱས་ཡོད། ད་དུང་ཞི་བདེ་དང་རང་དབང་ཅན་གྱི་ཁོར་ཡུག་དེ་རྒྱ་དམར་གཞུང་མ་སླེབས་ན་འཛམ་གླིང་མི་མང་གི་མིག་ནང་དུ་ཡིད་སྨོན་སྐྱེ་ཡུལ་ཞིག་ཏུ་གྱུར་ཡོད་ངེས་རེད། བཙན་བྱོལ་ནང་བོད་མི་གང་མང་ལག་པ་སྟོང་པར་སླེབས་ཀྱང་ཤེས་ཡོན་དང་དཔལ་འབྱོར། འཛུགས་སྐྲུན་སོཌ་ཡར་རྒྱས་ཤུགས་ཆེ་སོང་ཡོད་པ་འདིས་བོད་པ་རང་ངོས་ནས་ཡར་རྒྱས་གཏོང་ཐུབ་པ་གསལ་སྟོན་བྱས་པ་རེད།

ཕྱི་ལོ་༡༩༥༠ ལོ་ནས་༧གོང་ས་མཆོག་གིས་བོད་ཀྱི་དབུ་ཁྲིད་ཀྱི་མཛད་འགན་བཞེས་ཡོད་པས། རྒྱ་དམར་གྱིས་བཙན་འཛུལ་མ་བྱས་ན། ཁོང་གི་གུ་ཡངས་དང་འདྲ་མཉམ་གྱི་དགོངས་གཞི་རླབས་ཆེན་དེའི་འོག་ནས་བོད་མི་རིགས་ལ་སྐྱིད་པའི་ཉི་མ་ཞིག་ཤར་ཡོད་ངེས་ཡིན་པ་མ་ཟད། ༡༩༥༦ ལོར་རྒྱ་གར་དུ་ཆིབས་བསྒྱུར་གནང་བས་རང་དབང་མང་གཙོའི་དགེ་ཕན་དེ་དག་གཟིགས་ཡོད་པར་བརྟེན། བོད་པ་དེ་མང་གཙོ་ཅན་གྱི་རྒྱལ་ཁབ་ཅིག་ཏུ་བསྒྱུར་ཡོད་པ་ནི་ཕྱོགས་གང་ནས་བལྟས་ཀྱང་གསལ་པོ་རེད། བོད་མི་ཁྲི་བརྒྱད་ལྷག་བཙན་བྱོལ་དུ་འབྱོར་བའི་སྐབས་༧གོང་ས་མཆོག་གིས་དེ་མ་ཐག་མང་གཙོའི་ལམ་སྲོལ་དུ་ཁྲིད་གནང་མཛད་ཡོད་པ་འདིས་ཀྱང་ར་སྤྲོད་གསལ་པོ་བྱས་ཡོད།

ད་ལྟའི་ཆར་བོད་ནང་དུ་འཚོ་ཐབས་ཙམ་གྱི་ཐོག་དཀའ་ངལ་མེད་པའི་ཁྱིམ་ཚང་གང་འཚམས་ཤིག་ཡོད་ཀྱང་། རང་དབང་མེད་པའི་ཁོར་ཡུག་དེའི་ཁྲོད་ནས་བོད་ས་སྟོད་སྨད་བར་གསུམ་དུ་ཉིན་ལྟར་ཞི་རྒོལ་བྱེད་བཞིན་པ་མ་ཟད། ཐ་ན་རང་ལུས་མེར་སྲེག་གིས་ཞི་རྒོལ་བྱེད་བཞིན་ཡོད་པ་དེ། བོད་རིགས་མི་མང་རྣམས་མི་ལོ་༦༠ རིང་གཅེས་སྐྱོང་བྱས་པའི་བཀའ་དྲིན་གཞལ་ཆེད་དུ་མ་ཡིན་པར། མནར་གཅོད་དང་མཐོང་ཆུང་བཙན་བཀའ་རྐྱང་པའི་འོག་ནས་སྡོད་འདོད་མེད་པར་རང་དབང་གི་ཁོར་ཡུག་གསར་པ་ཞིག་ལ་རེ་སྒུག་གི་འབོད་སྒྲ་བསྒྲགས་པ་དེས། དེ་རིང་རྒྱ་དམར་དབུས་གཞུང་གི་དྲིལ་བསྒྲགས་ཀྱི་ཁ་གཡང་དེ་དག་ནམ་མཁའི་འཇའ་ཚོན་བཞིན། ལག་པ་འཆང་ས་མེད་པ་གསལ་སྟོན་བྱས་ཡོད།

རྒྱ་ནག་གཞུང་གི་བྱེད་སྟངས་སྣ་ཚོགས་ལ་བརྟེན་ནས་བོད་དང་། ཡུ་གུར། སོག་རིགས་སོགས་ཀྱིས་ཞི་རྒོལ་རབས་དང་རིམ་པ་བྱེད་བཞིན་པ་དེ་དག་ལ་དྲག་གནོན་དང་རྡུང་རྡེག་ཁོ་ན་ལས། དོན་དངོས་ཀྱི་ལས་ཀ་རླབས་ཆེན་ཞིག་བསྒྲུབས་མ་མྱོང་བར་བརྟེན། གྲངས་ཉུང་མི་རིགས་རྣམས་ཀྱིས་རྒྱ་དམར་གཞུང་ལ་འཁོན་འཛིན་དང་སྡང་ཟུག་ཆེ་ནས་ཆེ་རུ་འགྲོ་བཞིན་ཡོད་པ་རེད། བོད་ནང་དུ་ཡར་རྒྱས་ཀྱི་ཚད་གཞིར་འཛིན་པའི་ཁང་རྩེག་དེ་དག་ནང་སྡོད་མཁན་སུ་ཡིན་པ་དང་། ཚོང་ཁང་རྫིག་པོ་དག་གི་བདག་པོ་སུ་ཡིན་ཞིབ་འཇུག་ཅིག་བྱས་ན། བོད་ཁུལ་གྱི་ཡར་རྒྱས་ཟེར་བ་དག་བོད་མི་མང་གི་ངོས་ནས་ཤེལ་སྒོའི་ནང་གི་མོག་མོག་མཐོང་བ་བཞིན་ཕན་ཐོགས་གང་ཡང་མེད་པར། ཚང་མ་རྒྱ་རིགས་དང་རྒྱ་གཞུང་གི་ཆེད་འཛུགས་སྐྲུན་བྱས་པ་འབའ་ཞིག་ཏུ་གྱུར་ཡོད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།