ངེས་པར་དུ་བཀླག་དགོས་པའི་དཔེ་དེབ་ཅིག

དཔེ་དེབ་བསྐྱར་ཞིབ། ཐེ་བོ་ཤེས་རབ་རྒྱ་མཚོ།

ཤེས་རབ་ཀྱི་འོད་སྣང་ལས་མཆེད་ཅིང་མེ་དཔུང་ལྟ་བུའི་དཔེ་དེབ་ནི་ད་གཟོད་ཤེས་རྨོངས་ཀྱི་གྲོག་རོང་ལས་བརྒལ་བའི་རྐང་ཟམ་ངོ་མ་ཞིག་སྟེ། ཡོད་ཚད་ཀྱི་ཡོད་ཚད་ཉམས་རྒུད་ཀྱི་མུན་དོང་ནང་ཐུར་ནས་ཐུར་དུ་ཟགས་བཞིན་པའི་མི་རིགས་ཤིག་ལ་མཚོན་ན། དཔེ་དེབ་དེའི་རིགས་ནི་ངེས་པར་དུ་བཀླག་དགོས་ངེས་ཤིག་ཡིན་ལ། མ་བཀླགས་ཚད་མེད་ཀྱི་དཔེ་ཆ་ཞེས་པ་ཡང་དཔེ་ཆ་དེའི་རིགས་ལ་ཟེར་བ་ཡིན་ན་ཧ་ཅང་འོས་འཚམ་ཡིན།

གཤམ་ནས་བདག་གིས་སྐུ་ཞབས་རེ་མདོ་སེངྒེ་ལགས་ཀྱི་དཔྱད་བརྗོད་དེབ་འཕྲེང་གསུམ་པ་《བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས》 ཀྱི་ལྗིད་ཁོག་ཐད་ནས་སྐད་ཆ་ཚིག་ཀ་གཅིག་བཤད་འདོད་བྱུང་། ཁོང་ནི་རིག་གནས་དགག་སྒྲུབ་ཐད་བོད་ཕྱི་ནང་གཉིས་ཆར་ཤུགས་རྐྱེན་མི་ཆུང་བའི་གཞོན་སྐྱེས་རྩོམ་པ་པོ་ཞིག་ཡིན་ལ། ཉེ་ཆར་ྋགོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་ཁོང་གི་དཔྱད་བརྗོད་བརྩམས་ཆོས་དེབ་ཕྲེང་གསུམ་པ་《བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས》ཞེས་པའི་དཔེ་དེབ་འདི་ཤེས་རིག་ལས་ཁུངས་ཀྱིས་པར་བསྐྲུན་བྱས་ནས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་དངོས་སུ་དབུ་འབྱེད་གནང་ཡོད་པ་རེད།

དེ་རིང་ང་ཚོས་མི་ལོ་ལྔ་བཅུའི་རིང་འཐུས་ཚང་མ་ཡིན་པའི་བྱེས་ཀྱི་ཤེས་ཡོན་ལམ་ལུགས་འདིས་བསྐྱེད་པའི་མཐའ་འབྲས་ཀྱི་ངོ་བོ་དངོས་ལ་བསྐྱར་ཞིབ་ཅིག་བྱས་ཚེ། དངོས་གནས་མི་རྣམས་དངངས་སྐྲག་སྐྱེ་དགོས་པ་ཞིག་ཏུ་གྱུར་ཡོད་པ་དེ་ཡིན་ལ། ཁྱེད་ལྟ་བུའི་རང་མི་རིགས་ཀྱི་འབྱུང་འགྱུར་ལ་བསམ་གཞིགས་བྱེད་མཁན་གྱི་ཀློག་པ་པོ་ཞིག་གི་ངོས་ཐད་ནས་བལྟས་ན། དེས་བས་ནུབ་མོ་ཉལ་ཡང་གཉིད་མི་ཁུག་པའི་ཚད་དུ་བསྐྱལ་ཡོད།

དུས་རབས་ཉེར་གཅིག་པའི་མིའི་རིགས་ཀྱི་འཇིག་རྟེན་འདི་ནི་ཤེས་ཡོན་གྱིས་ཁ་ལོ་བསྒྱུར་བའི་གཏན་སྲོལ་འདིར་འུ་ཚོའི་སྤྱི་ཚོགས་ཆུང་ཆུང་འདིས་གོ་བ་གཏིང་ཟབ་ཅིག་ལོན་ཚེ། དེས་འུ་ཚོས་ཤེས་ཡོན་ལ་ཅི་ཙམ་མཐོང་ཆེན་བྱེད་དགོས་པ་དང་། དེས་འུ་ཚོས་ཤེས་ཡོན་ལམ་ལུགས་ལ་ཅི་བས་ཀྱང་གཙིགས་ཆེར་ག་འདྲ་འཛིན་དགོས་མིན་ཐད་ངེས་ཤེས་གཏིང་ཟབ་ཅིག་འདྲོང་ངེས་ཡིན། 《བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས》འཇིག་རྟེན་དུ་མ་འཁྲུངས་པའི་ཡར་སྔོན་ནས་བོད་མིའི་སྒྲིག་འཛུགས་ཀྱིས་ཤེས་ཡོན་སྲིད་བྱུས་གསར་པ་ཁྲིམས་སུ་བཅས་ཤིང་གཏན་ལ་ཕབ་ཟིན་ནའང་། རྒྱུ་རྐྱེན་མང་པོ་ཞིག་གིས་སློབ་གྲྭ་ཁག་ཏུ་ལག་བསྟར་གྱིས་མདུན་སྐྱོད་བྱེད་རྒྱུར་ད་དུང་ཡང་བཀག་རྒྱ་མི་ཉུང་བ་ཞིག་ཐེབས་ནས་ཡོད་པ་དང་། བཀག་རྒྱ་དེ་གང་ན་ཇི་ལྟར་ཐེབས་ནས་ཡོད་པའི་ཐད་སྤྱི་ཚོགས་ཁྲོད་ད་སྔ་ཕན་ངོས་འཛིན་བྱེད་སྟངས་གཅིག་གྱུར་བྱུང་མྱོང་མེད་པ་དང་། གཅིག་བྱས་ན་དེ་ནི་སྒེར་ཕན་རིང་ལུགས་པ་ཚོས་ངོས་འཛིན་གཅིག་གྱུར་མ་བྱས་པ་ཞིག་ཀྱང་ཡིན་སྲིད་པ་རེད།

གང་ལྟར་ཀྱང་། 《བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས》 ནི་དེའི་ཐོག་ལ་དཔྱད་ཞིབ་བྱས་པའི་དཔེ་དེབ་ཐོག་མ་དེ་ཡིན་ལ། བོད་མི་རིགས་ཀྱི་ཤེས་ཡོན་བྱུང་རབས་ཀྱི་ངོས་ཐད་ནས་བལྟས་ན། བོད་ནང་ནས་སློབ་གསོའི་སྐོར་གྱི་དཔེ་དེབ་རེ་གཉིས་ཐོན་ཡོད་པ་ལས་སློབ་གསོའམ། ཤེས་ཡོན་ལམ་ལུགས་ཀྱི་སྐོར་ལ་ཚུལ་གསུམ་རིགས་པ་ཡང་དག་གིས་གཏན་ལ་ཕབ་ནས་དཔྱད་ཞིབ་གཤིབ་གསུམ་བྱས་པའི་དཔེ་དེབ་ཅིག་ད་སྔ་བྱུང་མྱོང་མེད་པའི་སྟོང་ཆ་དེ་ཡང་། ད་ལན་སྐུ་ཞབས་རེ་མདོ་སེངྒེ་ལགས་ཀྱི་《བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས》ཀྱིས་ཁ་སྐོང་བྱས་ཡོད་པ་འདི་ང་ཚོས་མིག་མཐོང་ལག་ཟིན་ཡིན་དུ་གྱུར་ནས་ཡོད།

ད་བར་བྱེས་ཀྱི་ཤེས་ཡོན་སློབ་གསོའི་ཐོག་གི་སྐྱོ་གནད་འདིའི་འབྱུང་རྩའི་སྐོར་ནས་གླེང་སློང་བའི་སྐབས། དགེ་རྒན་གྱིས་སློབ་མ་དང་སློབ་མའི་ཁྱིམ་བདག་གིས་མ་འཐུས་ཚུལ་དང་། སློབ་མ་དང་སློབ་མའི་ཁྱིམ་བདག་གིས་དགེ་རྒན་གྱིས་མ་འཐུས་ཚུལ་དང་། དགེ་སློབ་དང་ཁྱིམ་བདག་གསུམ་ཆ་ཕྱོགས་གཅིག་ཏུ་འཛོམས་ཚེ་སློབ་གྲྭའམ་སྒྲིག་འཛུགས་ཀྱིས་མ་འགྲིག་ཚུལ་བཤད་ནས་གཡོལ་ཐབས་ཀྱིས་མི་ལོ་ལྔ་བཅུ་ཐམ་པ་བསྐྱལ་ཟིན་ནའང་། འཕྲིན་ཡིག་ཙམ་ཡང་མགོ་མི་འཁྱོངས་པའི་སློབ་མའི་སྡེ་ཆེན་པོ་ཞིག་འཚར་ལོང་འབྱུང་གིན་ཡོད་པ་འདིས། ཁོང་ཚོས་རྒྱུ་རྐྱེན་ལ་ཅི་ཙམ་གཡོལ་ཐབས་བྱས་ཀྱང་མཐའ་འབྲས་ནི་དམར་དམར་རྗེན་རྗེན་དུ་བསྟན་ཡོད་པའི་ཀླད་གོར་ཞིག་ཡིན་པས། སུ་ཡང་དེའི་ཐད་ལ་ཕྱིར་སྣུར་བྱེད་ས་ཞིག་གཏན་ནས་ལྷག་མེད།

བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་གནད་འགག་ངོ་མ་འདི་ལས་ནམ་ཡང་འགག་སྒྲོལ་བྱེད་ཐུབ་ཀྱི་མེད་པའི་སྐབས་འདི་འདྲ་ཞིག་ལ། 《བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས》ཀྱི་འོད་རླབས་རྣོན་པོ་འདིས་ད་གཟོད་གནད་དོན་དེ་དག་རྦད་དེ་གསེད་བཀྲོལ་གྱིས་འགག་སྒྲོལ་བྱས་ཟིན་པས། ད་ནི་ང་ཚོ་བློ་གཅིག་སེམས་གཅིག་གིས་ཤེས་ཡོན་སྲིད་བྱུས་གསར་པའི་ཐོག་ལ་ཤར་སྐྱོད་ཇི་ལྟར་བྱ་རྒྱུར་རམ་བླ་ན་མཐོ་བ་ཞིག་བཏེགས་ནས་ཡོད་པ་རེད།

མ་གཞི་འགྲོ་བ་མིའི་རིགས་ཀྱི་འཇིག་རྟེན་དུ། འདི་ལྟ་བུའི་ཤེས་རབ་དང་། འདི་ལྟ་བུའི་དཔྱོད་ཤེས་ཀྱི་ངར་ཁ་བརྡར་བ་ན་ད་གཟོད་འཕེལ་རྒྱས་ཀྱི་ལམ་ཁ་གསར་དུ་བཏོད་ཀྱིན་ཡོད་པས། ད་ལན་སྐུ་ཞབས་རེ་མདོ་སེངྒེ་ལགས་ཀྱིས་རྣོ་མྱུར་གསལ་ཟབ་ཀྱི་ཀྱི་རིག་འཕྲུལ་ཞིབ་མོས། བྱེས་ཀྱི་བོད་མིའི་ཤེས་ཡོན་འཐུས་ཤོར་ཐད་ཀྱི་འགག་རྩར་དཔྱད་ཞིབ་གཤིབ་གསུམ་བྱས་ནས། མི་ལོ་ལྔ་བཅུའི་རིང་གི་འཐུས་ཤོར་གྱི་འགག་སྒོ་ངོ་མ་དེ་བརྟོལ་བར་བྱས་ཡོད་པ་འདིས། དགེ་སློབ་དང་འཛིན་སྐྱོང་འགན་ཁུར་བ་རེ་ཟུང་གི་རང་ལྟ་མཆོག་འཛིན་གྱི་རྫོང་གོག་དེ་རྨང་ནས་འགྱེལ་བར་བྱས་ཡོད་པས་འདི་ནི་ཧ་ཅང་དགའ་འོས་པ་ཞིག་ཡིན།

ཁོང་གིས་མི་ལོ་ལྔ་བཅུའི་རིང་བྱེས་ཀྱི་སྤྱི་ཚོགས་ཁྲོད་དུ་ཤེས་ཡོན་ཐུས་ཤོེར་ཅིའི་ཕྱིར་བྱུང་བའི་ཐད་མཇུག་བསྡོམས་གསལ་ཐིང་ངེར་བརྒྱབ་ཡོད་པས། ད་ནི་ང་ཚོ་ལ་ཤེས་ཡོན་སྲིད་གསར་པའི་ལམ་ཁར་གོམ་པ་ཇི་ལྟར་སྤོ་མིན་ལས་གཞན་ཅི་ཡང་མ་ལྷག་པར་བྱས་ཡོད།

《བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས》ལ་ཁྱད་ཆོས་དེ་དག་ཁོ་ན་ལས་མེད་པ་མ་ཡིན་ཏེ། ད་དུང་དཔེ་དེབ་འདིའི་ནང་དུ་བོད་ནང་གི་ཤེས་ཡོན་གནས་བབ་ལའང་དཔྱད་ཞིབ་དཔྱིས་ཕྱིན་པ་གནང་ཡོད་པ་དང་། བོད་ཀྱི་ཤེས་ཡོན་ལམ་ལུགས་ལ་ཉམས་ཞིབ་གནང་མཁན་གྱི་བོད་རིག་པ་བ་ཞིག་ལ་མཚོན་ན་བཤད་ན་ཡང་། དཔེ་དེབ་འདི་ཅིས་ཀྱང་བཀླག་དགོས་ངེས་ཤིག་ཡིན་ཏེ། དུས་རབས་བདུན་པ་ནས་ད་ཐུག་གི་བར་གྱི་བོད་ཀྱི་ཤེས་ཡོན་ལམ་ལུགས་ལ་རིགས་པ་ཁུངས་འདེད་ཀྱིས་དམིགས་ཕུག་པའི་དཔྱད་ཞིབ་བྱས་པའི་དཔེ་དེབ་རིན་ཐང་བྲལ་བ་ཞིག་རེད།

བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་“ཉམས་ཞིབ་པ་རེ་མདོ་སེངྒེས་བློ་གཟུ་བོར་གནས་པའི་ཐོག ཕྲ་ཞིང་མཛངས་ལ་ཞིབ་པའི་བློ་གྲོས་ཀྱིས་དཔྱད་པ་ཕུན་སུམ་ཚོགས་པའི་ལམ་ནས་སྲོལ་རྒྱུན་མཐའ་དཔྱོད་ཀྱི་ཁྱད་ཆོས་དང་། དེང་རབས་ཉམས་ཞིབ་ཀྱི་གནས་ཚད་གཉིས་འཛོམས་ཡོད་པའི་རྩོམ་ཡིག་འདིས་ཀློག་པ་པོ་རྣམས་ལ་དོན་ཕན་རླབས་ཆེ་རྒྱུན་སྲིང་ཡོང་བའི་ཡིད་ཆེས་ཡོད།”ཅེས་དཔེ་དེབ་འདིའི་རིན་ཐང་ལ་མཐའ་བསྡོམས་གནང་ཡོད།

མཐར་གཏུག་ནས་བཤད་ན། 《བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས》འདི་མགོ་བཀའ་བློན་ནས་མཇུག་སྔོན་འགྲོ་འཛིན་གྲྭའི་བུ་གུ་ཡན་ཆད་ཀྱིས་ངེས་པར་དུ་ལྟ་ཀློག་བྱེད་དགོས་པའི་དཔེ་དེབ་ཅིག་རེད་ཅེས་བདག་གིས་བཤད་འདོད་བྱུང་ངོ་།།

{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།