མ་ཎི་རྡོ་བརྐོས་འདི་དགེ་སྒྲུབ་དང་མཉམ་ནང་མིའི་འཚོ་ཐབས་ཡིན།
དོལ་པོ་ཡུལ་ལུང་ནི་བལ་ཡུལ་མཐའ་མཚམས་ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་པའི་འགྲིམ་འགྲུལ་སྟབས་མི་བདེ་བ་དང་། འཚོ་བའི་ཆ་རྐྱེན་སོགས་ཞན་པའི་ས་ཁུལ་ཞིག་ཡིན། རང་ལོ་༣༡ ཅན་བསམ་གྲུབ་ནི་ས་ཁུལ་དེ་ནས་ཡིན་པ་དང་ད་ལྟའི་ཆར་ཁོང་དང་ཁོང་གི་བཟའ་ཟླ་ནང་མི་བཅས་བལ་ཡུལ་གྱི་རྒྱལ་སར་གནས་སྤོར་བྱས་ཏེ། མཆོད་རྟེན་འཕགས་པ་ཤིང་ཀུན་གྱི་སྐོར་ལམ་དུ་མ་ཎི་རྡོ་བརྐོས་ཀྱི་ལས་ལ་ཞུགས་ཏེ་འཚོ་བ་སྐྱེལ་གྱི་ཡོད་པ་རེད།
དྲི་བ། ཁྱེད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
ལན། ང་རང་བོད་ཀྱི་བྱང་རྒྱུད་ཁུལ་དུ་གནས་པའི་མངའ་རིས་དོལ་པོ་གསལ་ཐང་ཞེས་པའི་ས་ཆ་དེ་ནས་ཡིན། དེང་སང་བལ་ཡུལ་ཁོངས་གཏོགས་སུ་གྱུར་ཡོད་ལ་བོད་དང་ས་འབྲེལ་རེད།
དྲི་བ། ཁྱེད་ཀྱི་ནང་མི་བལ་ཡུལ་གྱི་རྒྱལ་སར་གནས་སྤོར་བྱེད་དགོས་བའི་རྒྱུ་མཚན་གང་ཡིན་ནམ།
ལན། ང་ཚོ་དོལ་པོ་ཡུལ་མི་ཚོའི་འཚོ་གནས་ཞིང་འབྲོག་གཉིས་ཆ་ལ་བརྟེན་ཡོད། འོན་ཀྱང་ཡུལ་མི་ཚོའི་འཚོ་བ་ཧ་ཅང་སྐྱོ་པོ་ཡོད་ཐོག་འཚོ་བའི་ཐོན་ཁུངས་ཞན་པོ་རེད། དེར་བརྟེན་སྔོན་མ་ང་ཚོའི་ངོ་ཤེས་དང་སྤུན་མཆེད་ཁ་ཤས་ཀྱིས་འདི་ནས་མ་ཎི་རྡོ་བརྐོས་བྱས་ན་ཡག་པོ་ཡོད་ཚུལ་བཤད་པས། ང་ཚོ་ཡང་ཡོང་བ་ཡིན། ད་བར་ཟླ་ངོ་དྲུག་ཙམ་ཕྱིན་སོང་། ནང་མི་ཚོས་གཙོ་བོ་མ་ཎི་རྡོ་བརྐོས་བྱས་ཏེ་འཚོ་བ་སྐྱེལ་གྱི་ཡོད།
དྲི་བ། ཁྱེད་རང་གིས་མ་ཎི་རྡོ་བརྐོས་བྱེད་རྒྱུ་གང་འདྲ་བྱས་ནས་སྦྱངས་པ་ཡིན།
ལན། སྤྱིར་ངེད་ཅག་ནང་པ་སངས་རྒྱས་པ་ཞིག་ཡིན་དུས་དགེ་བའི་ལས་གང་མང་བསྒྲུབ་རྒྱུ་ནི་རང་གི་ཆོད་སེམས་ཡིན་པས། ཕ་ཡུལ་དོལ་པོ་ནས་རི་མགོ་སོགས་ནས་ཕྱུགས་རྫིར་འགྲོ་སྐབས་གྲོགས་པོ་དང་མཉམ་མ་ཎི་རྡོ་བརྐོས་བྱེད་ཀྱི་ཡོད། དེ་ནས་རིམ་པས་ཡག་པོ་ཤེས་སོང་། དེ་ལྟར་བྱས་ནས་ཕ་ཡུལ་ནས་གནས་རི་ཁག་ཏུ་སྒྲིག་གཤོམ་བྱས་ནས་དགེ་སྒྲུབ་གང་མང་བྱེད་མྱོང་། ད་ལྟ་ཡིན་ན་མ་ཎི་རྡོ་བརྐོས་འདི་དགེ་སྒྲུབ་དང་མཉམ་ང་ཚོའི་ནང་མིའི་འཚོ་ཐབས་ལ་གྱུར་ཡོད། དགེ་སྒྲུབ་དང་མཉམ་ཡུལ་སྐོར་སྤྲོ་འཆམ་པ་རྒྱ་རིགས་དང་ཕྱི་རྒྱལ་བ་ཚོར་ཕྱིར་ཚོང་བྱེད་ཀྱི་ཡོད།
དྲི་བ། ནང་མིའི་འཚོ་བ་འདི་ལྟར་འཁྱོལ་གྱི་འདུག་གམ།
ལན། སྤྱིར་བཏང་ཁག་པོ་འདྲ་ཡོད་ཀྱང་ང་རང་གི་ནང་མའི་ཟས་གོས་སྡོད་གསུམ་ཚང་མ་འདང་གི་རེད། འོན་ཀྱང་བསགས་ཐུབ་པ་དེ་འདྲ་མི་འདུག།
དྲི་བ། ནང་དུ་ཕྲུ་གུ་ག་ཚོད་ཡོད།
ལན། བུ་གཉིས་དང་། བུ་མོ་གཅིག་བཅས་བསྡོམས་པས་ནང་མི་ལྔ་ཡོད།
དྲི་བ། དོལ་པོ་ཡུལ་མིའི་འཚོ་བ་དང། གོམས་གཤིས་སྐོར་ངོ་སྤྲོད་མདོར་བསྡུས་གནང་རོགས།
ལན། ངེད་ཅག་དོལ་པོ་བའི་འཚོ་བའི་གོམས་གཤིས་སོགས་སྔོན་མ་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་གཅིག་པ་རེད། ད་ལྟ་ཡིན་ན་ཡང་བོད་ཀྱི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་མ་དོར་བར་མུ་མཐུད་དུ་གནས་བསྡད་ཡོད་པ་རེད། དོལ་པོ་ལ་གྲོང་མི་ཁྱིམ་ཚང་རེ་རེ་བཞིན་ཁང་པའི་བཟོ་བཀོད་དང་ཁྱིམ་ཆས་སྒྲིག་སྟངས། མཆོད་བཤམས་སོགས་ལ་འགྱུར་བ་མེད་ཐོག། ཚང་མས་ནང་ལ་བོད་ཀྱི་༸དབུ་ཁྲིད་༸གོང་ས་མཆོག་གི་སྐུ་པར་ཆེན་པོ་སྒྲིག་གཤོམ་བྱས་ཏེ་དད་གུས་ཆེན་པོ་བྱེད་སྲོལ་ཡོད་པ་རེད། ལོ་རྒྱུས་དང་ཆབ་སྲིད་ཀྱི་གནས་སྟངས་ཀྱི་རྐྱེན་པས་ད་ཆ་བལ་ཡུལ་ཁོངས་ཡིན་པ་མ་གཏོགས་དོན་དངོས་བོད་མི་རང་རེད།
དྲི་བ། ཁྱེད་རང་ཚོའི་དོལ་པོ་ཡུལ་མིའི་རིགས་རུས་མཆེད་སྟངས་གང་ནས་རེད། བོད་ནས་རེད་དམ།
ལན། ཧ་ཅང་ཞིབ་ཕྲ་ངས་ཀྱང་བཤད་ཤེས་ཀྱི་མེད་མོད། ཚོད་དཔག་བྱས་ན་དོལ་པོ་ཞེས་དམིགས་བསལ་རིགས་རུས་ཁ་ཁ་ཨེ་ཡོད་སྙམ། ཤ་ཁྲག་རུས་གསུམ་བོད་ནས་མཆེད་པ་རེད་བསམ་གྱི་འདུག བཤད་ཚུལ་ལ་སྔ་མ་བོད་ས་མ་ཤོར་བའི་སྔོན་ལ་དོལ་པོ་དང་ཡོལ་མོ། ཤར་བ། ཉེ་ཤང་། རྟ་མང་། རྒུ་རུང་སོགས་ཡོངས་སུ་རྫོགས་པ་བོད་རིགས་གཙང་མ་ཡིན་སྐོར་བཤད་སྲོལ་འདུག། ཕྱིས་སུ་བོད་ས་ཤོར་རྗེས་བལ་བོད་མཐའ་མཚམས་ཁག་ཏུ་གནས་པའི་གྲོང་གསེབ་ཁག་ཕལ་ཆེ་བ་བལ་བོའི་རྒྱལ་ཁོངས་སུ་སླེབས་པ་རེད། དེ་ནས་བཟུང་ངེད་ཅག་གིས་བལ་བོའི་མི་སེར་གྱི་ཐོབ་ཐང་ལག་ཁྱེར་བཟུང་ཡོད་པ་རེད།། བལ་ཡུལ་གསར་འགོད་པས་བཅར་འདྲི་བྱས།
{jcomments on}