བཀའ་ཁྲི་གསར་པ་དང་རྩ་དོན་གསུམ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༤༥
མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་ཁྲི་གསར་པ་མཁས་དབང་བློ་བཟང་སེང་གེ་མཆོག་གི་བཀའ་ཁྲིའི་དམ་འབུལ་མཛད་སྒོ་ལེགས་པར་གྲུབ་ཡོད་པ་དང་། སྐབས་འདིར་༧གོང་ས་མཆོག་གིས་ཀྱང་སྲིད་དབང་རྩིས་སྤྲོད་གནང་བ་དང་།
མ་འོངས་པའི་རྒྱུད་འཛིན་པར་ཐུགས་རེ་ག་ཚོད་ཅིག་གནང་གི་ཡོད་མེད་གསལ་སྟོན་གནང་ཡོད་པ་རེད། སྐབས་འདིར་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་ཐེངས་འདིའི་བཀའ་ཤག་གི་རྩ་དོན་གསུམ་སྟེ། ཆིག་སྒྲིལ་དང༌། གསར་གཏོད། རང་ཁ་རང་གསོ་གསུམ་གཞི་རྩར་བཟུང་ནས་ལས་དོན་བསྒྲུབ་རྒྱུའི་དམ་བཅའ་ཡོད་ཚུལ་གསུངས་སོང་བ་དང་། གཞིས་བྱེས་རྒྱ་ཆེའི་མི་མང་གི་རེ་བར་ཡང་རྩ་དོན་དེ་གསུམ་གྱི་ཐོག་ནས་ནུས་པ་འདོན་ཐུབ་པར་རེ་བ་རྒྱག་གི་ཡོད་པ་རེད།
དཔེར་ན་བོད་ནང་ཚོགས་ཆེན་ཞིག་ཏུ་བརྗོད་གཞི་དེ་གསུམ་གྱི་སྐོར་ལ་ཞིབ་འཇུག་དང་འབྲེལ་ནས་གསུང་བཤད་བགྲོ་གླེང་གནང་ཡོད་པ་དང། བཙན་བྱོལ་བོད་པའི་སྤྱི་ཚོགས་ནས་ཀྱང་ད་ལྟའི་བཀའ་ཁྲི་མཆོག་ལ་ཚད་མཐོའི་རྒྱབ་སྐྱོར་ཐོབ་པ་དེ་རྩ་དོན་དེ་གསུམ་ལ་བརྟེན་ནས་བྱུང་བ་ཡིན་པར་ངོས་འཛིན་གསལ་པོ་བྱེད་ཆོག་པ་ཞིག་རེད། དེར་བརྟེན་ཁོང་གིས་ཕྱག་ལས་གནང་བའི་དུས་ཡུན་དེའི་ནང་རྩ་དོན་འདི་གསུམ་དམ་འཛིན་གནང་མ་ཐུབ་ན་གཞིས་བྱེས་བོད་རིགས་ཡོངས་རྫོགས་ཀྱི་རེ་བ་ཆུད་ཟོས་སུ་སོང་བ་ཞིག་དང་། ལས་དོན་དངོས་ཀྱི་ཐོག་ལའང་གྲུབ་འབྲས་མ་ཐོན་པར་གྱུར་པ་རེད། ཕྱག་རོགས་བཀའ་བློན་འདེམས་སྟངས་ནས་བཟུང་སྟེ་དུས་རྒྱུན་གྱི་ལས་དོན་བྱེད་ཕྱོགས་ཐོག་ལ་རྩ་དོན་འདི་གསུམ་གཏན་ནས་འདོར་མི་རུང་བའི་དམ་བཅའ་བརྟན་པོ་ཡོད་དགོས།
ཆིག་སྒྲིལ་གྱི་སྒྲོམ་གཞི་ནི་ལས་དོན་ཐམས་ཅན་གྱི་གཞི་རྟེན་གལ་ཆེ་ཤོས་ཡིན་ལ། བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ད་བར་ཁ་གཡང་འདི་ཉིད་མ་གོ་མ་ཐོས་པའི་མི་སུ་གཅིག་མེད་མོད། ཆིག་སྒྲིལ་གསུང་མཁན་གྱིས་གཏོར་བཤིག་གཏོང་བ་དང་། གུ་ཡངས་གསུང་མཁན་གྱིས་འཁོན་འཛིན་བྱེད་པ་སོགས་ཁ་ཞེ་མི་མཚུངས་པའི་བྱེད་སྟངས་མང་པོ་ཞིག་མཐོང་རྒྱུ་ཡོད། ད་བར་ལས་དོན་དངོས་ཀྱི་ཐོག་ལ་ཆེ་ས་ནས་ཆིག་སྒྲིལ་མེད་པའི་དཀའ་ངལ་ཆེན་པོ་འཕྲད་མྱོང་མེད་ཀྱང་། ཆིག་སྒྲིལ་གསུང་མཁན་ཚོས་ཆིག་སྒྲིལ་གྱིས་སྣེ་ཁྲིད་ཚུལ་བཞིན་གནང་ཡོད་མེད་ནི་འདས་པའི་མི་ལོ་༥༠ ལྷག་གི་བྱུང་རིམ་ལ་ཕྱིར་བལྟས་ཤིག་བྱས་ན་གསལ་པོ་ཤེས་ཐུབ། དེར་བརྟེན་ད་ལན་བཀའ་ཁྲིའི་ཆིག་སྒྲིལ་གྱི་འབོད་ཚིག་འདི་ཉིད་དོན་དང་ལྡན་པ་ཞིག་ཏུ་འགྱུར་ཐུབ་པའི་རེ་བ་རྒྱག་བཞིན་ཡོད།
བོད་པའི་སྤྱི་ཚོགས་ནང་གསར་གཏོད་རྐྱང་པ་ཁ་རུ་འཁྱེར་མཁན་དང་། སྲོལ་རྒྱུན་གཅིག་པུ་དམ་འཛིན་དགོས་པའི་གླེང་ཕྱོགས་གཉིས་ཡོད། གསར་གཏོད་ཀྱི་དར་ཆ་འཕྱར་མཁན་ནང་སྔོན་མེད་གསར་གཏོད་ཀྱི་ནུས་པ་འདོན་མཁན་ཧ་ཅང་དཀོན་ལ། སྔར་ཡོད་པའི་ཆོས་དང་རིག་གནས་རྗེས་ལུས་དང་ཕན་ཐོགས་གང་ཡང་མེད་པར། དེ་དག་རྩ་མེད་གཏོང་དགོས་པ་ཙམ་དམིགས་འདུན་དུ་བཟུང་ཡོད། སྲོལ་རྒྱུན་ཁོ་ན་ཁ་རྩེར་ཁྱེར་མཁན་ཚོས་ཀྱང་ཕྱུ་པ་གྱོན་པ་དང་། རྩམ་པ་ཟ་བ་ཙམ་བོད་ཀྱི་རིག་གཞུང་དུ་ངོས་འཛིན་པ་ལས། སྐད་ཡིག་དང་རིག་གནས་དར་སྤེལ་རྒྱུན་འཛིན་ལ་ནུས་པ་འདོན་ཐབས་མི་བྱེད་པ་ལྟར་མ་ཡིན་པར། ད་ལན་བཀའ་ཁྲིས་ཆབ་སྲིད་དང་འཛིན་སྐྱོང་སོགས་བོད་མི་རིགས་དང་རིག་གནས་ལ་ཕན་པའི་གསར་གཏོད་དང་བསྒྱུར་བཅོས་གནང་ཐུབ་དགོས།
ཆུང་ས་ནས་མི་སྒེར་དང་ཆེ་ས་ནས་རྒྱལ་ཁབ་དང་མི་རིགས་བཅས་རང་ཁ་རང་གསོའི་ཐབས་ལམ་ལ་འབད་དགོས་པ་གལ་ཆེན་པོ་ཡིན་ཀྱང་། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གཞན་བརྟེན་གྱི་བསམ་བློའི་ངན་ཤུགས་དེ་མཐོ་ས་ནས་དམའ་སའི་བར་རྒྱུན་འབྱམས་སུ་ཡོད་པའི་ངང་ཚུལ་ཞིག་ཡིན། དེར་བརྟེན་རྩ་དོན་ལའང་རང་བཞིན་གྱིས་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད། དེང་སྐབས་འཚར་ལོང་ཡོང་བཞིན་པའི་མི་རབས་གསར་པའི་ནང་རང་ཉིད་ལ་གདེང་ཚོད་དང་སྤོབས་པའི་ཐོག་ནས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་ལས་དོན་བསྒྲུབ་འཆར་ཡོད་མཁན་ཅུང་དཀོན་པ་དང། རང་ཁ་རང་གསོའི་སྲིད་བྱུས་འདི་ལ་བརྟེན་ནས་སྤྱི་ཚོགས་དང་མི་སྒེར་ནས་འགོ་བཙུགས་ཏེ། རྩ་དོན་འཐབ་རྩོད་སོགས་གཞན་བརྟེན་གྱི་བསམ་བློ་མེད་པའི་མི་རབས་གསར་པ་ཞིག་སྐྱེད་སྲིང་ཐུབ་དགོས།
རྩ་དོན་འདི་གསུམ་དམ་འཛིན་ལྷོད་མེད་ཀྱི་ཐོག་ནས་༧གོང་ས་མཆོག་བོད་དུ་ཆིབས་བསྒྱུར་གནང་ཐུབ་པ་ཞིག་བྱུང་ན་གཞིས་བྱེས་བོད་མི་ཡོངས་རྫོགས་ཀྱི་རེ་འདུན་གལ་ཆེ་ཤོས་དེ་རེད་ལ། དེང་དུས་ཀྱི་སློབ་སྦྱོང་ཚད་དང་ལྡན་པའི་ན་གཞོན་མཁས་དབང་ཞིག་ལ་རྒྱ་ཆེའི་མི་མང་གི་ངོས་ནས་རེ་བ་བཅོལ་བ་དེ་ཡང་དོན་དང་ལྡན་པ་ཞིག་ཏུ་གྱུར་པ་རེད། བཀའ་ཁྲིའི་རྩ་དོན་གསུམ་འགྲུབ་པ་ལ་བོད་མི་ཡོངས་སུ་རྫོགས་པའི་འགན་མཉམ་ཁུར་དང་ནུས་པ་མཉམ་འདོན་བྱེད་དགོས་པ་ལས། བཀའ་ཁྲི་མི་གཅིག་གིས་དམིགས་བསལ་བྱེད་ཐུབ་པ་ཞིག་གང་ཡང་མེད་མོད། ལས་དོན་ཆེ་ཕྲ་གང་གི་སྐབས་སུའང་དམིགས་ཡུལ་འདི་གསུམ་བརྟན་པོར་བཟུང་ནས་མ་ནོར་མ་འཕྱུག་པ་གནང་རྒྱུའི་ཁས་ལེན་དེ་དོན་ལ་གནས་ཐུབ་པ་གནང་དགོས།།
{jcomments on}