རང་ལུས་མེ་རུ་སྦར་བའི་རྒྱབ་མདུན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༤༦
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ཁོངས་གཏོགས་ཁམས་རྟའུ་རྫོང་དུ། ཕྱི་ཟླ་༨ ཚེས་༡༥ རྒྱ་གར་རང་བཙན་དུས་ཆེན་ཉིན་གྱི་ཉིན་གུང་ཆུ་ཚོད་༡༢ དང་ཕྱེད་ཙམ་གྱི་དུས་སུ། ཁམས་ཏྲེ་ཧོར་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེ་སྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་རང་སྲོག་བློས་གཏོང་གནང་ཡོད་པ་རེད།

ཁམས་རྟའུ་ཁུལ་དུ་སྔ་ཕྱིར་བོད་དོན་ཆེད་ཞི་བའི་ལས་འགུལ་རབས་དང་རིམ་པ་སྤེལ་ཡོད་པ་དང། ལོ་ལྟར་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་རྩི་གཟབ་རྒྱས་ཞུ་བཞིན་ཡོད་ཀྱང་། ལོ་འདིར་རྒྱ་གཞུང་གིས་བཀག་འགོག་བྱས་ཡོད་པ་མ་ཟད། ཉ་མཚོ་དགོན་པ་དང་། བཙུན་དགོན་སོགས་སུ་གློག་དང་ཆུ་བཀག་སྟེ་དམ་དྲག་ཤུགས་ཆེ་བྱས་ནས་ཟླ་གཅིག་ཙམ་ཕྱིན་ཡོད་པ་རེད།

 

ཁོང་གིས་རང་ལུས་ལ་རླངས་འཁོར་གྱི་སྣུམ་བྱུགས་པ་དང། ཁོག་ཏུའང་འཐུང་ནས་མེ་སྲེག་བཏང་ཞིང། ངག་ནས་བོད་མི་མང་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་རང་ཡུལ་དུ་གདན་འདྲེན་ཞུ་དགོས་སོགས་འཁོད་པའི་ཡིག་ཆ་གཏོར་བ་དང་། ངག་ནས་ཀྱང་སྐད་འབོད་དེ་ལྟར་བྱས་ཡོད་པ་རེད། ཁོང་གི་བརྗོད་ཚིག་འདི་ནི་གཞིས་ལུས་མི་མང་གི་སེམས་ངོར་ཡོད་པའི་གཅིག་གྱུར་གྱི་འབོད་ཚིག་དེ་ཡིན་པ་ཁ་ཚོན་བཅད་ནས་བཤད་ཆོག་པ་ཞིག་རེད། བོད་ནང་དུ་རྒྱ་ནག་གཞུང་གི་དམ་དྲག་འོག་རང་དབང་སྤུ་རྩེ་ཙམ་ཡང་མེད་པ་དང། བོད་གཞིས་བྱེས་གཉིས་ཀྱི་སྐྱབས་དང་རེ་ལྟོས་ཞུ་ཡུལ་བླ་ན་མ་མཆིས་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡིན་པས། གང་ཉིད་བོད་ཡུལ་དུ་གདན་འདྲེན་དགོས་པའི་དགོས་འདུན་འོག་ཚེ་སྲོག་བློས་གཏོང་གནང་བ་ཞིག་རེད།

རྒྱ་གཞུང་གིས་ཕྱི་ཕྱོགས་ལ་འདྲ་ཆགས་ལྷུ་འགྲིག་གི་དྲིལ་བསྒྲགས་ག་འདྲ་ཞིག་བྱས་ཀྱང་། གཞིས་ལུས་རྒྱ་ཆེའི་མི་མང་གི་ངོས་ནས་རང་སྲོག་བློས་གཏོང་གིས་སྐུ་ལུས་ལ་མེ་སྦར་ནས་ཞི་རྒོལ་བྱེད་མཁན་ལོ་འདིར་ཡང་མི་གཉིས་བྱུང་ཡོད་པ་རེད། རང་སྲོག་བློས་གཏོང་གནང་དགོས་པའི་དཀའ་སྡུག་དང། འདི་ལྟར་བཟོད་བསྲན་མི་ཐུབ་པའི་རྒྱུ་མཚན་ལ་རྒྱ་ནག་གཞུང་གིས་བསམ་གཞིག་ངེས་པར་དུ་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད། དུས་རྒྱུན་མི་ཞིག་གི་མགོ་ན་བ་ཙམ་མི་བཟོད་ནའང། རང་སྲོག་བློས་གཏོང་མཁན་བོད་མི་གང་མང་ཞིག་ཡོང་གི་ཡོད་པ་དེ། རྒྱ་གཞུང་གི་འོག་ཏུ་རང་དབང་དང་འདྲ་མཉམ་མེད་པ་སོགས་ཀྱི་དཀའ་ངལ་ཆེན་པོ་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་བྱུང་བ་ལས། གཞན་རང་ལུས་ལ་རྩེ་མོ་འདི་ལྟར་རྩེ་མཁན་སུ་ཞིག་ཡོང་མི་སྲིད་ཧ་ཅང་གསལ་པོར་གྱུར་ཡོད།

རྒྱ་དམར་གྱིས་བོད་ས་ཡོངས་རྫོགས་བཙན་འཕྲོག་སྟངས་འཛིན་བྱས་ནས་མི་ལོ་༥༠ ལྷག་འདས་ཟིན་ཀྱང། ད་བར་བོད་རིགས་མི་མང་གི་སེམས་ནང་དུ་རང་དབང་སླར་གསོའི་མེ་སོན་དེ་གཏན་ནས་ཤི་མེད་པར་སྔར་བཞིན་གནས་ཡོད། དམ་དྲག་དང་མནར་གཅོད་ཁོ་ནའི་འོག་ནས་བོད་པ་ལྷིང་འཇགས་བྱེད་མི་ཐུབ་པ་ནི། འདས་པའི་དུས་རབས་ཕྱེད་ལྷག་གི་ལོ་རྒྱུས་ཀྱི་ཐོག་ནས་ཉམས་མྱོང་ལེན་འོས་ཞིག་ཏུ་གྱུར་ཡོད་པ་དང། བོད་དོན་ཐག་གཅོད་ཀྱི་ཁ་ཕྱོགས་གསར་པ་ཞིག་ཏུ་བསྐྱོད་མ་ཐུབ་ན། ད་དུང་མུ་མཐུད་རྒྱ་གཞུང་ལ་མི་འདོད་པའི་མིང་ཤས་ཆེན་པོ་ཞིག་རྒྱལ་སྤྱིའི་ཐོག་རྒྱ་ཁྱབ་ཏུ་འགྲོ་རྒྱུ་ཡིན་པ་ཧ་ཅང་གསལ་པོར་གྱུར་ཡོད་ཀྱང་། རྒྱ་གཞུང་གིས་དུས་རྒྱུན་ཏཱ་ལའི་རུ་ཚོགས་ཀྱི་ཁོ་ན་ལས་བོད་ནང་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་བཞིན་ཡོད་ཅེས་ཡང་ཡང་ཤོད་བཞིན་ཡོད་པ་རེད།

རྒྱ་གཞུང་གིས་བོད་ནང་ཞི་རྒོལ་རིམ་པ་བྱུང་བ་དག་ཡུལ་གྱར་སྒྲིག་འཛུགས་ཀྱི་བཀོད་ཇུས་དང་འཆར་འགོད་བྱས་པ་ཡིན་ཚུལ་བརྗོད་བཞིན་ཡོད་ཀྱང། རང་ལུས་མེ་སྲེག་གིས་ཚེ་སྲོག་བློས་གཏོང་བྱེད་པར་མི་སུ་ཞིག་གིས་ཀྱང་རྒྱུད་སྐུལ་དང་བཀོད་པ་གཏོང་མི་ཐུབ་པ་མ་ཟད། རང་བཞིན་གྱིས་བཟོད་མི་ཐུབ་པའི་དཀའ་ངལ་ཆེན་པོ་ཞིག་མེད་ན་སུས་ཀྱང་རང་སྲོག་བློས་གཏོང་བྱེད་མི་སྲིད་པ་རེད། ད་དུང་ཁྲོམ་ནས་རང་ལུས་ལ་རླངས་སྣུམ་བཤོས་ནས་སྐད་འབོད་རྒྱག་བཞིན་མེ་སྲེག་གཏོང་བ་ནི་དེ་བས་ཀྱང་བཟོད་དཀའ་བ་ཞིག་ཡིན་ཀྱང། གནས་ཚུལ་འདི་ལྟ་བུ་བོད་ནང་ཡང་ཡང་ཡོང་གི་ཡོད་པ་དེ། ཕྱོགས་གཅིག་ནས་བོད་དོན་འཐབ་རྩོད་ཀྱི་མེ་ལྕེ་མ་ཉམས་པར་འབར་བཞིན་ཡོད་པ་དང། མི་རབས་ལ་འགྱུར་བ་སོང་ཡང་རྩ་དོན་འཐབ་རྩོད་ལ་འགྱུར་བ་སོང་མེད་པའི་མཚོན་རྟགས་རེད།

མདོར་བསྡུས་ན་ཕྱི་ལོ་༡༩༩༨ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་མཆོག་གིས་རང་ལུས་མེ་སྲེག་གིས་ཞི་རྒོལ་གནང་བ་ནས་བཟུང། བོད་ཕྱི་ནང་གཉིས་སུ་རང་ལུས་མེ་སྲེག་བཏང་ནས་ཞི་རྒོལ་བྱེད་མཁན་མང་པོ་བྱུང་ཡོད་པ་དང། དེ་ནི་བོད་དོན་ལས་འགུལ་གྱི་ཁ་ཕྱོགས་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད། རྒྱ་དམར་གཞུང་གིས་བོད་དོན་ནག་ཁུང་ནང་དུ་སྦས་ཐབས་བྱེད་བཞིན་ཡོད་ཀྱང། རྒྱལ་གཅེས་དཔའ་བོ་དེ་དག་གིས་རང་ལུས་དཔལ་འབར་དུ་བསྒྲོན་ནས་བོད་དོན་འཐབ་རྩོད་ལ་འོད་སྣང་སྦྱིན་ཡོད་པ་དང། རྒྱ་གཞུང་གི་ནག་ཁུང་ནང་གི་ལས་དོན་བྱེད་མི་ཐུབ་པར་འཛམ་གླིང་མི་མང་གི་མདུན་དུ་གསལ་པོ་བཟོས་ཡོད་པ་རེད།།

{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།